ཀྲུང་གོ་བོད་ཀྱི་དྲ་བ།

ས་སྒང་གི་དག་ཞིང་། (ཞར་བཀོད་གཅིག)

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : སྤྲེལ་རྫོང་བསྟན་རྒྱས།   སྤེལ་དུས། : 2021-07-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

དག་ཞིང་ལྟ་བུའི་ངའི་སེམས་ཀྱི་ཕ་ཡུལ།མཛེས་སྡུག་གིས་ཡིད་དབང་རབ་ཏུ་འཕྲོག་པའི་ནོར་འཛིན་གྱི་གཞི་ལ་སའི་ཀ་བཞི་གདུང་བརྒྱད་ཚང་བའི་བཀྲ་ཤིས་ཕུན་ཚོགས་ཀྱིས་མངོན་པར་གང་བའི་མེ་ཏོག་སེར་ཆེན་ལྟ་བུའི་ཕ་ཡུལ།

གནམ་ལ་འཁོར་ལོ་རྩིབས་བརྒྱད་དང་ས་ལ་པདྨ་འདབ་བརྒྱད་ཀྱི་དཔྱད་བཟང་མངོན་པར་བཀྲ་བའི་གསེར་གཞོང་མར་གྱིས་བཀང་བའི་ཕ་ཡུལ།

དྭངས་གཙང་ཆུ་བོ་ལྷང་ལྷང་དུ་འབབ་ལ་སྔོ་ལྗང་གཡུ་ལོ་ལྡེམ་ལྡེམ་དུ་གཡོ་བའི་སེམས་ཀྱི་དག་ཞིང་། དྲི་བཟང་སྨན་གྱི་ལྗོན་པས་ས་གཞི་ཡོངས་སུ་བཀླུབས་ཤིང་། རིན་ཆེན་གཏེར་གྱི་ཐང་མ་རྣམ་སྲས་མཛོད་ལ་འགྲན་པའི་དག་ཞིང་ལྟ་བུའི་ངའི་སེམས་ཀྱི་ཕ་ཡུལ།

ཚེར་དཀར་ལུག་གི་འབའ་སྒྲ་དང་ནག་མོ་ནོར་གྱི་ངུར་སྒྲ། ད་དུང་། འདོ་རིགས་རྟ་ཕོའི་འཚེར་སྐད་བཅས་ཀྱིས་སྐྱེ་དགུའི་ཡིད་དབང་འཕྲོག་ཅིང་། ན་གཞོན་རྫི་བོའི་རྫི་གླུ་སྙན་མོས་འགྲོ་བ་མི་ཡི་སྙན་དབང་གསོ་བའི་བདུད་རྩི་རུ་འགྱུར་སའི་དག་ཞིང་ལྟ་བའི་ངའི་སེམས་ཀྱི་ཕ་ཡུལ།

ལོ་རྒྱུས་རིང་བའི་གངས་མཚོ་གནས་གསུམ་གཙོའི་མཚོ་དང་མཚེའུ། ད་དུང་། གཙང་པོ་དང་གངས་རི། རིན་ཐང་བྲལ་བའི་རི་སྐྱེས་སྣ་ཚོགས་ཀྱི་མཛེས་སྡུག་གིས་མིག་ཡིད་ཟུང་གི་དབང་པོ་གཅིག་གྱུར་ཏུ་འཕྲོག་པའི་དག་ཞིང་ལྟ་བུའི་ངའི་སེམས་ཀྱི་ཕ་ཡུལ།

ཁྱེད་ནི་མཚར་སྡུག་གི་ལང་ཚོ་མངའ་བའི་ངའི་སེམས་ཁོང་ན་འོད་དུ་འཚེར་བའི་དག་ཞིང་གཅིག་པུ་ཡིན་ལ། ཁྱེད་ནི་འགྲོ་བ་མང་པོ་འཚོ་སྡོད་བྱེད་སའི་གནས་ཡུལ་གཅིག་པུའང་ཡིན།

དག་ཞིང་ལྟ་བུའི་ངའི་སེམས་ཀྱི་ཕ་ཡུལ།སྔོན་བྱོན་མེས་པོ་དག་གི་མཛད་འཕྲིན་རེ་རེ་ལོ་ངོ་སྟོང་ཕྲག་དུ་མའི་ལོ་རྒྱུས་དང་ལྷན་དུ་གསལ་ལེར་མངོན་སའི་ངའི་སེམས་ཀྱི་ཕ་ཡུལ།

མཁས་དབང་གསེར་རིའི་ཕྲེང་བ་དབང་ཕྱོགས་རི་བོ་རྩེ་ནས་རྟ་བདུན་དབང་པོ་མཁའ་ལ་འཕགས་པ་བཞིན་དུ་འོད་གསལ་ལེར་མངོན་ཞིང་། བློ་དཀར་གཞུང་དྲང་གི་དཀྱུས་མའི་མི་ཁྱིམ་བྱེ་བ་སྐར་ཚོགས་ཐང་མར་བརྡལ་བ་བཞིན་དུ་རི་དང་རི་ཕྲན་གྱི་མཐའ་བཞི་བསྐོར། ལྷག་བསམ་གྱི་དྲི་ངད་ཕང་ཕུང་། སྙིང་རྗེའི་མགོ་ལྕོག་ལྡེམ་ལྡེམ། ས་སྒང་གི་གླིང་སྣེ་གསུམ་པར་འཇིག་རྟེན་མཛེས་པའི་ཐིག་ལེ་རུ་གསལ། དག་ཞིང་ལྟ་བུའི་ངའི་སེམས་ཀྱི་ཕ་ཡུལ། ཁྱེད་ནི་རྒྱུ་ནོར་ལོངས་སྤྱོད་ཀྱི་མངའ་ཐང་དར་ས། མི་རིགས་མཐུན་སྒྲིལ་གྱི་རང་མདངས་མངོན་ས་ཡིན་པ། ངས་སྨྱུག་རྩེ་ཤོག་དཀར་ལ་གཏད་དུས་གཞི་ནས་ཚོར་ཡོད། དག་ཞིང་ལྟ་བུའི་ངའི་སེམས་ཀྱི་ཕ་ཡུལ།

ཁྱེད་ནི་རྒན་རབས་མྱོང་གོམས་ཀྱི་བསླབ་བྱས་འཇིག་རྟེན་མཐའ་རུ་ཆོད་པའི་གསེར་ནག་གི་འབྱུང་ཡུལ།

གཞོན་རབས་བློ་གྲོས་ཀྱི་འདབ་ལག་ཆོས་སྲིད་གནམ་མཐའ་ནས་བརྒལ་བའི་རིན་ཆེན་གྱི་གནས་མལ། བྱིས་པའི་རྣམ་རིག་གི་འཕུར་ལྡིང་འཆར་ཡན་སྤྲིན་རིས་བརྟོལ་སའི་ངོ་མཚར་གྱི་དག་ཞིང་།

ངུར་སྨྲིག་འདུས་པ་རྒྱ་མཚོའི་རྩོད་པའི་ངར་སྐད་ཀྱི་རླབས་ཕྲེང་ཡལ་མེད་རྟག་ཏུ་འབར་བའི་དགོན་དང་དགོན་ཆུང་གི་གནས་གཞི། ལུང་རིགས་རྡོ་རྗེ་ཡི་མེ་ཆར་ཕས་རྒོལ་ཟིལ་གནོན་གྱི་གཉེན་དུ་དལ་མེད་རྟག་པར་འབར་བའི་ཤེས་རིག་གི་མཆོད་སྡོང་།

ད་དུང་། མཉམ་བཞག་བདེ་ཆེན་གྱི་རོལ་མོ་སྙན་པའི་བུ་གར་འཁྲོལ་ཞིང་། ཉམས་རྟོག་སྤུ་གྲིའི་རྣོ་སོ་ཡིད་ཀྱི་ཁོངས་གསེང་ནས་རྒྱས་པའི་གྲུབ་ཐོབ་དབང་ཕྱུག་བྱེ་བས་མངོན་པར་གཏམས་པའི་ངའི་དག་ཞིང་ལྟ་བུའི་ཕ་ཡུལ།

སྟག་ཤར་གཞོན་ནུ་འབུམ་གྱིས་རིག་པའི་རྟ་མཆོག་གི་བང་ཁ་ཀུན་ནས་ལྷོད་ཅིང་། ལན་ཚར་གཡུ་ཡི་ཕྲེང་ཤལ་མཛེས་པའི་རྒྱན་དུ་ལྡེམ་པའི་སྨན་ཆུང་ཚོས་ལས་ལ་ཀུན་ནས་འབད་པའི་ངའི་ཕ་ས་ཕ་ཡུལ།

ཕ་མེས་སྲོལ་རྒྱུན་ལས་འཁྲུངས་པའི་མཐིང་སྨུག་གཡུ་སྦྲ་གོང་དགུ། སྦྲའུ་ཚེ་སྐར་མ་སྟོང་ཤར། ཟས་མཆོག་སྦྲང་དཀར་རྩམ་པ། བཅུད་འདུས་འབྲི་མར་གསེར་ཞུན། མདོར་ན། ཕུན་ཚོགས་སྣ་དགུའི་དཔལ་གྱིས་གཏམས་པའི་ངའི་ཕ་ས་ཕ་ཡུལ་ཏེ། ངའི་སེམས་ཀྱི་དག་ཞིང་།

ངའི་ཕ་ཡུལ་ཏེ། ལོ་ངོ་སྟོང་ཕྲག་དུ་མའི་ཤེས་རིག་གི་བམ་ཁ་བརྩེགས་པའི་ལོ་རྒྱུས་ཀྱི་གླེགས་བམ་མཐུག་ལ། མི་རབས་དགུ་བརྒྱུད་ཀྱི་ལས་རླུང་མངོན་པར་མཐོ་བའི་དབང་ཐང་གི་འབྲུག་རིས་གསལ་ས།སྣོད་ཀྱི་འཇིག་རྟེན་མཛེས་ལ་བཅུད་ཀྱི་སེམས་ཅན་བདེ་བའི་དག་ཞིང་ལྟ་བུའི་ངའི་སེམས་ཀྱི་ཕ་ཡུལ། སྐྱེས་དུས་ཕུགས་འདུན་གྱི་རྩེད་ར་གྲུ་བཞི་བསྒྲིག་ས་དང་། རྒས་དུས་འཁྲེང་ཞེན་གྱི་མིག་གི་གཤོག་སྣེ་ཐོགས་ས། ཁྱེད་ནི་ངའི་དག་ཞིང་ལྟ་བུའི་ཕ་ཡུལ་ཡིན་ལ་སྐྱེ་བོ་ཀུན་གྱི་ཕ་ཡུལ་ཡང་ཡིན་ནོ། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།