ནང་སེམས་མ་གཡོས་ན། ཕྱི་དངོས་པོ་གཡོ་དོན་མེད།
ང་ཆོས་ལུགས་པ་ཞིག་མིན་མོད། ངའི་སྐད་ཆའི་ནང་དུ་ཆོས་ལུགས་དང་འབྲེལ་བ་ལྡན་པའི་ནང་དོན་རེ་འགའ་ཡོང་སྲིད། རྒྱུ་མཚན་ནི། བདག་གི་ཕ་དྲིན་ཅན་རིན་ཆེན་རྒྱ་མཚོ་འདས་གྲོངས་བྱུང་ལ། ངའི་རྩོམ་ཡིག་འདི་ཁོང་གི་མི་ཚེར་འབྲེལ་བ་ལྡན་པས། ངང་ངམ་ཤུགས་ཀྱིས་འཆི་བའི་སྐོར་གྱི་ཚིག་འགའ་རེ་ཐོན་སྲིད་པ་ཡིན།
རྩོམ་ཡིག་འདིའི་ཁ་བྱང་ལ“སྐར་མ་ཉི་ཤུའི་རིང་གི་ལོ་གྱ་གཅིག”ཟེར་བ་ཡང་ཁོང་གི་བེམ་པོ་སྦྱིན་བསྲེག་གི་ལམ་དུ་བསྐྱོད་ལ་ཉེ་བར་སྐར་མ་༢༠ལས་མེད་སྐབས་སུ། ངས་གདུང་སེམས་དྲག་པོས་ཁོང་གི་མི་ཚེ་ཧྲིལ་བོར་བསམ་བློ་ཞིག་བཏང་བ་ཡིན་ལ། དེ་བཞིན་ཡི་གེར་ཕབས་པ་ལགས།
སྐར་མ་༡པ།
ཨ་ཕ་འདས་གྲོངས་ཀྱི་རྐྱེན་འདིར་བརྟེན་ནས་ངས་རང་གི་སེམས་ཁམས་ལ་གཙང་དག་བྱེད་ཀྱིན་ཡོད། སེམས་ཁམས་དག་གཙང་བྱུང་ན། མིག་དབང་གིས་མཐོང་བ་དང་རྣ་དབང་གིས་ཐོས་པ་ཚང་མ་དག་གཙང་རེད། དེ་བཞིན་དུ་སེམས་ཁམས་ཀྱིས་ཚུར་སྣང་བྱུང་བ་ཡང་དག་གཙང་རེད། ཁོང་གི་བེམ་པོ་སྦྱིན་བསྲེག་གི་ལམ་དུ་བསྐྱོད་ལ་ཉེ་བའི་སྐར་མ་ཉི་ཤུའི་རིང་འདི་དཔེ་བླངས་ན། ངའི་བསམ་བློ་སྤུས་གཙང་དུ་གཏོང་བྱེད་ཀྱི་རང་བྱུང་ཆུ་རྫིང་དྭངས་མོ་ཞིག་དང་མཚུངས། སེམས་ཁམས་ནི་རིག་ཤེས་ཀྱིས་འཁྲུས་ནས་གཙང་མ་བཟོ་བ་ལས་ཆུ་འམ་ཡང་ན་རླུང་གིས་བཀྲུ་མི་ཐུབ་མོད། སྤྱིར་བཏང་གི་སྣང་ངོར་དེ་འདྲའི་དཔེ་བླངས་ན་ཧ་ཅང་འཚམ་པོ་ཡོད། དྲིན་ཅན་གྱི་མིའམ། ཤ་ཉེ་སྤུན་ཟླ། ཡང་ན་གྲོགས་པོ་བློས་ཐུབ་ཚེ་འདས་བྱུང་བའི་དུས་སུ། མི་རྣམས་ཀྱིས་རྒྱུན་ཏུ་རང་གི་སེམས་ཁམས་ལ་གཙང་དག་ཐེངས་ཤིག་བྱེད། དེ་ནི་འཆི་བའི་རྐྱེན་ལ་བརྟེན་ནས་མི་རྟག་པ་དྲན་པ་རེད། མི་རྟག་པ་དྲན་པའི་དུས་གང་ཞིག་ལ། ད་གཟོད་མི་རྣམས་ཀྱི་རིག་པ་ཧ་ཅང་གསལ། དུས་སྐབས་དེར་ད་གཟོད་སོ་སོའི་སེམས་ཀྱི་ནག་ཉེས་གང་ཞིག་ལ་གད་བདར་ཐེངས་རེ་བྱེད་ཀྱང་སྲིད། ང་ལ་མཚོན་ན། དུས་སྐབས་འདིར་ད་གཟོད་རིག་པ་གསལ་ཞིང་། ཕ་དྲིན་ཅན་གྱི་འདས་དོན་རྣམས་ཡིད་ངོར་གསལ་གསལ་དག་དག་གིས་འཁོར་ཡོང་ལ། དེ་དག་ངའི་སྔོན་གྱི་འདོད་འདུན་དབང་དུ་མ་སོང་བར་རང་རྐྱ་ཐུབ་པའི་ངང་གནས་པ་དང་། རང་གི་ཁྱད་ཆོས་ཀྱིས་ཀུན་ནས་སྤུད་འདུག མི་གསོན་པའི་དུས་སུ། ཚང་མས་རང་གི་འདོད་པ་ལྟར་གཞན་གྱི་བྱ་སྤྱོད་ཡོད་ཚད་ལ་བདར་ཤ་གཅོད་པར་བྱེད། གལ་སྲིད་རང་གི་འདོད་པ་དང་མི་མཐུན་པའི་བྱ་སྤྱོད་ནི་ནོར་འཁྲུལ་ཅིག་ལ་ངོས་འཛིན་པ་རེད། གལ་སྲིད་རང་གི་འདོད་པ་དང་མཐུན་ན། ཕ་རོལ་བོའི་བྱ་སྤྱོད་ཚང་མ་ནོར་འཁྲུལ་ཅན་ཡིན་ཡང་དྲང་བདེན་དུ་ངོས་འཛིན་པ་རེད། དེ་འདྲའི་འདོད་པ་མང་པོ་བྱུང་བས་ད་གཟོད་ང་ཚོའི་ཁོར་ཡུག་ཀུན་ཏུ་རྙོག་དྲས་ཁེངས་འདུག དངོས་གནས་དྲང་གནས་མི་ཞིག་གི་བྱ་སྤྱོད་ངོ་མ་ངོས་ཟིན་པ་དང་། དེ་ལ་རང་གི་འདོད་པས་སྒྲོ་འདོགས་མེད་པ་ཡིན་ན། ད་གཟོད་ཕ་རོལ་བོའི་སྟེང་གི་ངོ་མཚར་ཅན་གྱི་ཁྱད་ཆོས་མང་པོ་གསལ་གསལ་དག་དག་གིས་མཐོང་ཐུབ། ཇི་བཞིན་དུ་ད་ལྟ་བདག་གིས་ཕ་དྲིན་ཅན་ཕྱིར་དྲན་བྱེད་པའི་སྐབས་སུ། གཞི་ནས་ཁོང་གི་གནས་ཚུལ་མང་པོར་ཡང་བསྐྱར་ངོས་འཛིན་ཞིག་ཐོབ་ཀྱིན་འདུག
སྐར་མ་༢པ།
ཨ་མདོའི་ས་ཁུལ་མང་པོའི་སྲོལ་རྒྱུན་ལྟར་ན། མི་འདས་གྲོངས་བྱུང་བའི་བེམ་པོ་བྱ་སྟོར་བྱེད། ང་ཚོ་ལྷ་ས་སྡེ་བའི་སྲོལ་རྒྱུན་ཀྱང་བྱ་སྟོར་ཡིན། ཕའི་ཕ་འདས་གྲོངས་བྱུང་རྗེས་བྱ་སྟོར་བྱས་པ་རེད། ལྷ་སའི་རྫ(སྲས་ཆེན་རྫ)ན་དུར་ཁྲོད་ཆེན་པོ་ཞིག་ཡོད་ལ། དེའི་ཉེ་ཁོར་གྱི་སྡེ་བ་ཕལ་མོ་ཆེའི་མི་འདས་གྲོངས་བྱུང་ཚེའང་དེ་ལྟར་ཡིན། ཕའི་ཕ་བྱ་སྟོར་བྱེད་དུས་སྤྱི་ལོ་༡༩༧༧ལོ་རེད། དེ་ནས་དོ་ནུབ་བར་དུ་ལོ་༤༤འགོར་འདུག ཨ་མྱེས་བྱ་སྟོར་བྱས་རྗེས་ཀྱི་ལོ་བཞིའི་མཇུག་༡༩༨༡ལོར་ངེད་ཚང་རྫོང་ཐོག་ཏུ་སྤར་ཞིང་། དེ་ནས་བཟུང་ཕ་རྒན་དང་ལྷ་ས་སྡེ་བའི་བར་ཐག་ག་ལེར་ཇེ་རིང་དུ་སོང་ལ། ལྷ་ས་སྡེ་བའི་སྲོལ་རྒྱུན་མང་པོ་རྫོང་ཐོག་ནས་ལག་ལེན་བྱ་ཐབས་བྲལ་བ་རེད། དེ་བས་ཁོང་ཕ་མེས་ཡང་མེས་ལྟར་བེམ་པོ་བྱ་སྟོར་བྱེད་རྒྱུའི་གོ་སྐབས་བྲལ། དེ་བཞིན་དུ་སྲོལ་རྒྱུན་མང་པོ་ཞིག་ཀྱང་རྫོང་མཁར་འདི་ནས་ག་ལེར་འགྱུར་བཞིན་ཡོད། ཡིན་ཡང་། ཁོང་གསོན་པའི་དུས་སུ་ཤ་གདུང་རུས་གདུང་དབང་གིས་སྡེ་བའི་དོན་བྱ་གལ་ཆེན་ལ་རམ་འདེགས་བྱས་མྱོང་། སྡེ་བའི་མ་ཎི་ཁང་དུ་ཡང་གྱན་ཐང་རེ་གཉིས་བཞེངས་མྱོང་། ཁོང་གིས་སྡེ་བའི་ཆེད་དུ་དོན་དག་མང་པོ་སྒྲུབ་མྱོང་བ་སྨོས་མ་དགོས་མོད། བདག་གིས་གང་ཞིག་དམིགས་བསལ་དུ་བཤད་དགོས་པ་མི་ཤེས། དེ་བས་ངའི་སེམས་སུ་གནག་པའི་དོན་དག་ཅིག་ནས་གླེང་མགོ་རྩོམ་པར་བྱ་སྟེ། ལྷ་ས་སྡེ་བའི་ཤ་ཉེ་ཚང་ཞིག་ལ་༥༨ཡར་སྔོན་དུ་ལ་མོ་བདེ་ཆེན་དགོན་པའི་ཨ་ལགས་ལྷ་རམས་པ་ཞེས་པ་འཁྲུངས་ཤིང་། བཅིངས་འགྲོལ་བྱས་ཚུན་ལོ་བཅུ་དྲུག་གི་སྟེང་གར་སོང་ཆ་མེད་དུ་སོང་། ཆོས་དད་རང་མོས་ཀྱི་སྲིད་ཇུས་ལག་བསྟར་བྱུང་རྗེས། སྡེ་མི་ཚོས་ས་ཆ་མང་པོར་རྩད་གཅོད་བྱས་མཐར། ཨ་ལགས་ལྷ་རམས་པ་ཡིན་ཟེར་བའི་ཁྲམ་པ་ཞིག་ལྷགས་ཏེ། སྡེ་མི་ཀུན་ལ་མགོ་སྐོར་བཏང་པར། ཁོང་དང་སྡེ་བའི་ཡོན་ཏན་ཅན་འདས་པོ་སངས་རྒྱས་རིན་ཆེན་དང་འདས་པོ་རྒྱ་གར་བཅས་འགས་མི་སྣ་དེ་གདན་དྲངས་ཤིང་ཡིན་མིན་བརྟག་པའི་རིག་པ་བཏང་ཞིང་། ཁོང་དང་ཨ་ལགས་ལྷ་རམས་པ། ད་དུང་གྲོགས་པོ་ཞིག་བཅས་གསུམ་ཆུང་དུས་རྩེད་གྲོགས་ཡིན་པར། ཁོ་ཚོས་མ་གཏོགས་གཞན་སུས་ཀྱང་མི་ཤེས་པའི་གསང་བ་ཞིག་ཡོད་པ་མི་དེར་དྲིས་པ་ན། དེས་ཡེ་ནས་མ་ཤེས་པས། མི་དེ་ཨ་ལགས་ལྷ་རམས་པར་བརྫུས་པའི་ཁྲམ་པ་ཞིག་ཡིན་པ་ཐག་ཆོད་ཅིང་། ཁོང་ཚོས་ཁྲམ་པ་དེའི་སྡེ་བ་དང་ཕ་མ་རྩད་ཆོད་དེ་ཕྱིར་ཁྱིམ་ལ་སྐྱེལ་བར་མ་ཟད། ད་ནས་བཟུང་ཆོས་ཀྱི་མགོ་སྐོར་གཏོང་མི་རིགས་པ་གདམས། དོན་དག་འདི་ངས་ངེས་པར་བརྗོད་འདོད་པ་ཞིག་བྱུང་། རྒྱུ་མཚན་ནི། ལྷ་རམས་པ་རྫུན་མ་དེའི་དབང་གིས་སྡེ་མི་རེ་ཟུང་གིས་ཁོང་ཚོ་ཡོན་ཏན་པ་དག་ལ་ཕྱོགས་རེ་བའི་ལྟ་ཚུལ་བཅངས་མྱོང་ཡོད། ད་ལྟ་ཁྲམ་པའི་རྫུན་རྐུབ་བརྟོལ་ནས་ལོ་ངོ་མང་པོ་འགོར་མོད། བདེན་པའི་བྱ་བ་ཞིག་སླར་སླར་གླེང་སྟེ་དྲན་གསོ་ཕྲན་བུ་མེད་ན། དེ་ལྟ་བུ་མུ་མཐུད་དུ་མི་འབྱུང་བའི་ངེས་པ་མེད་པས། བདག་གིས་ཁོང་དང་འབྲེལ་བའི་དོན་དག་འདི་ཡང་ཕྱིར་དྲན་གླེང་སློང་ཙམ་བགྱིས་པ་ཡིན།
སྐར་མ་༣པ།
ངའི་ཨ་ཕས་མི་ཚེ་ཧྲིལ་བོ་རི་མོའི་བྱ་བཞག་གི་ནང་དུ་བཏང་ཟིན། ཁོང་རི་མོའི་ལམ་ལ་ཞུགས་པའི་གོ་རིམ་ནི་ཁོང་གི་མི་ཚེའི་ལོ་རྒྱུས་རེད། གལ་སྲིད་རི་མོ་ལོགས་སུ་བཞག་ནས་བལྟས་པ་ཡིན་ན། ཤུལ་དུ་དོན་བྱ་ཉུང་ངུ་ལས་ལྷག་མི་འདུག་ལ། དེ་ནི་ཁོང་གི་ཀུ་རེ་རྩེད་མོ་རེད། ཁོང་ཁྱིམ་དུ་གནས་པའི་སྐབས་སུ་རིགས་མི་འདྲ་བའི་མི་སྐོར་གཉིས་ཀྱི་འཚང་ཁ་ཤིག་ཤིག་བྱེད་དེ། གཅིག་ནི་རི་མོ་སྦྱོང་མཁན་གྱི་སློབ་མ་ཚོ་ཡིན་ཞིང་། གཞན་དེ་ནི་ཀུ་རེ་རྩེད་མོར་དགའ་བའི་གྲོགས་པོ་ཁག་ཅིག་རེད། ཚོགས་སྐོར་དེ་གཉིས་ཀྱི་ཁྲོད་ནས་ཁོང་གིས་མི་ཚེ་སྐྱེལ་བ་དང་། མི་མང་པོར་བག་ཆགས་ཟབ་མོ་བཞག་ཡོད། རི་མོའི་སྒང་ནས་ཁོང་གིས་ལག་རྗེས་བཞག་པ་མང་སྲིད་དེ། ལྷག་པར་དུ་གེ་སར་སྒྱུ་རྩལ་གྱི་སྐོར་ལ་ཁོང་གི་ལག་རྗེས་ཆེ། འདི་ནི་སྡེ་བའི་མི་དང་ནང་ཁུལ་གྱི་མིས་རྟོགས་མི་ཐུབ། ཡོན་ཏན་ཅན་རྣམས་རྒྱང་གྲགས་ཆེ་ཟེར་བ་ལྟར། གྲོགས་པོ་མང་པོས་ཀྱང་སྔ་མོ་ཞིག་ནས་ཁོང་གི་གེ་སར་རི་མོའི་སྐོར་ཤེས་རྟོགས་བྱུང་ཡོད་མོད། འོན་ཀྱང་ཁོང་གཅན་ཚའི་མི་ཡིན་པ་མི་ཤེས་ལ། ངའི་ཕ་རྒན་ཡིན་པ་དེ་བས་ཀྱང་ག་ལ་ཤེས། ཉིན་ཞིག་ཁོང་གིས་ང་ལ། ང་མགོ་ལོག་གི་དགོན་པ་ཞིག་ལ་སོང་བར། དེ་གའི་བླ་མའི་མིང་ལ་བླ་མ་ཐང་རེ་ཟེར་ཞིང་། ཁོང་གི་མཆོད་ཁང་ནང་དུ་ངའི་བཞེངས་པའི་གླིང་གི་དཔའ་རྟུལ་སུམ་ཅུའི་པར་ཞིག་བཞག་འདུག ངས་ཐང་ག་འདི་ངས་བཞེངས་པ་ཡིན་ཞེས་པར་བླ་མས་ཡིད་ཆེས་རྩ་བ་ནས་བྱས་མ་སོང་ཟེར། ཐང་ག་དེ་ཁོང་གིས་སྤྱི་ལོ་༡༩༨༠ལོར་བཞེངས་པ་རེད། དེ་ལྟར་ཁོང་གི་ཐང་གར་གདེངས་འཇོག་གནང་མཁན་དང་ཁོང་གི་མིང་ཤེས་མཁན་མང་བ་ལས། ཁོང་དངོས་སུ་ཤེས་མཁན་ཉུང་། རྒན་བརྟན་པ་རབ་བརྟན་མཆོག་ངེད་ཚང་ལ་ཕེབས་སྐབས་ཀྱང་ཁོང་གིས། ཁྱོད་ནི་ལུང་པ་དོག་མོའི་ནང་གི་སྦས་པའི་རི་མོ་པ་མཁས་པ་ཞིག་རེད་ཟེར། དངོས་གནས་ལུང་པ་དོག་མོ་ཟེར་ན། ང་ཚོ་ལྷ་ས་སྡེ་བ་ནི་མདོ་སྨད་ཀྱི་ལུང་པ་དོག་མོ་ཞིག་ཡིན་ལ། ཁོང་གི་ཆུང་དུས་ཀྱི་གནས་ཚུལ་མང་པོ་དེ་གར་ལྷག་ཡོད། ང་ཚོའི་སྡེ་བས་སྲོལ་རྒྱུན་ལྟར་ལབ་ཙེ་བསྟོད་དུས་མདའ་རིང་མདའ་ཐུང་ལ་ཚོན་རྩི་བྱུགས་དགོས་པ་རྒྱུན་ལྡན་ཞིག་རེད། ལོ་རེ་རེའི་དུས་ཆེན་དང་ལོ་སར་སྐབས་སུ་སྡེ་བའི་མི་ཕལ་ཆེ་བ་ངེད་ཚང་ལ་ཚོན་རྩི་སློང་དུ་ཡོང་། ཁོང་གིས་ཀྱང་སྔ་མོ་ནས་ཚོན་རྩི་ཉུང་ངུ་རེ་ཤོག་ཐུམ་དུ་གཅུད་ནས་སུ་སླེབས་ན་སྟེར་བར། ལ་ལས་ཚོན་ཉུང་དྲག་འདུག་ཁ་སྣོན་བྱོས་ཟེར། ཁོང་གིས་ཚོན་འདི་ཆུ་ནང་དུ་སྒྲུང་ནས་བྱུགས་དགོས་པ་ལས། ཚོན་ཁོ་ན་བྱུགས་ཚེ་ངའི་ཚོན་ཚང་མ་ཁྱོད་ཀྱི་མདའ་རིང་གཅིག་གི་སྟེང་བྱུགས་ནའང་མི་འདང་ཟེར། དུས་སྐབས་དེར་རྫོང་ཐོག་ཏུ་ཚོན་བཙོང་རྒྱུ་རྩ་བ་ནས་མེད་པས། ཁོང་ནི་སྡེ་བའི་ཚོན་རྩི་ཡོང་ས་གཅིག་པུ་རེད། ངའི་དྲན་སྣང་ཞིག་ལ། ཉིན་ཞིག་ཁོང་གིས་སྡེ་བའི་ཕོ་གསར་འགའ་གྲམ་པའི་ནང་ཁྲིད་དེ་རྡོ་དམར་པོ་བཏུལ་ནས་ཚོན་བླངས་ཆོག་པ་སློབ་ཀྱིན་འདུག དེ་བས་ཁོང་གི་ཚོན་རྩི་དམར་པོ་ཅུང་ཟད་གྲོན་ཆུང་བྱེད་ཐུབ་ཀྱི་ཡོད་པ་འདྲ། དོན་ལ་གྲམ་པའི་ནང་གི་རྡོ་དམར་སྙི་མོ་དེ་དག་བྱིས་པ་ཚོས་སྔ་མོ་ནས་ཤེས་ལ། དེ་བཀོལ་ནས་རྡོ་ལེབ་སྟེང་རི་མོ་སྣ་ཚོགས་བྲིས་མྱོང་། ཁོང་ཆུང་དུས་ནས་རི་མོ་འབྲི་རྒྱུར་དགའ་ཞིང་། ཤོག་གུ་དང་སྨྱུ་གུ་མེད་དུས་དེར་རྡོ་རྩི་དང་རྡོ་ལེབ་ལ་བརྟེན་པ་ཡིན་ཟེར། ཕས་བཤད་ན། ཁོ་ལོ་བཅུ་གཉིས་སྟེང་ལྷ་ས་སྡེ་བ་བཅིངས་འགྲོལ་བྱས་པ་རེད་ཟེར་ཞིང་། དེའི་སྔོན་གྱི་ཁོའི་བྱིས་དུས་ནི་ཉེ་རབས་ལོ་རྒྱུས་ཀྱི་ཁོངས་སུ་ལུས་ཡོད་པ་རེད།
སྐར་མ་༤པ།
ངའི་ཨ་ཕར་མཚོན་ན། ཁོང་ཆང་རག་འཐུང་རྒྱུར་དགའ། ཁོང་གི་མི་ཚེ་ཕྱེད་ཡོལ་ལྷག་ཆང་རག་གི་ཁྲོད་ནས་རོལ་བ་རེད། གོ་ཐོས་ལྟར་ན། འདས་པའི་དུས་སུ་ང་ཚོ་ས་ཁུལ་གྱི་མིས་ཆང་མང་པོ་མི་འཐུང་ཞིང་། འཐུང་ནའང་ཧ་ཅང་ཉུང་ངུ་རེ་འཐུང་བ་རེད། ངའི་ཤེས་གསལ་གྱི་དུས་སུའང་ལྷ་ས་སྡེ་བ་དང་ཉྭ་མོ་སྡེ་བ་གཉིས་ཀྱིས་མདའ་སྟོན་བྱེད་དུས། ཕོ་གསར་ཚང་མས་ཆང་རག་རྒྱ་མ་དྲུག་འཐུང་ནས་ཚང་མ་ར་བཟི་སོང་། ཡིན་ཡང་། མི་མང་པོ་ལས་བྱེད་པ་བྱས་རྗེས་ཡོང་འབབ་ངེས་ཅན་ཡོད་པ་གཞིར་བཞག་ནས་ཆང་རག་རོལ་མགོ་བརྩམས་ལ། ཁོ་ཚོ་སྐོར་དང་སྐོར་འདུས་ནས་ཆང་རག་གི་ཁྲོད་དུ་ཉི་མ་སྐྱེལ་གྱིན་འདུག སྐབས་རེར་ཕ་དང་གྲོགས་པོ་ཚོས་ཆང་རག་འཐུང་རྒྱུ་མང་དྲག་ནས་ཁོང་གིས་ང་རྒྱ་སྲང་ནས་བརྗེད་པའི་དུས་ཀྱང་ཡོད། ཡང་སྐབས་ཤིག་ཁོ་ཚོ་གྲོགས་པོ་སྐོར་ཅིག་གཅན་ཚའི་ཆང་རག་ལས་སྣོན་བྱེད་སའི་བཟོ་གྲྭར་སོང་ནས་ཆང་རག་འཐུང་ཞིང་། ངའང་ཞག་གང་བོར་ཁོ་ཚོ་དང་མཉམ་དུ་བསྡད་དེ་ནམ་གསལ་བ་རེད། ང་ལོ་ན་ཆུང་བས་ཁོ་ཚོས་ཁ་བརྡའི་ནང་དོན་མི་གོ་ཡང་། ཕར་བལྟས་ན་གད་མོ་དགོད་པ་དང་། ཁ་འཛིང་བྱེད་པ། འཐེན་རེས་འདྲུད་རེས་བྱེད་པ་རྣམས་ཡིད་ངོར་རབ་བེ་རིབ་བེར་འཆར་ཡོང་། སྤྱིར་བཏང་གི་ཞིང་པ་མི་སེར་རེས་ཆང་རག་སྲང་གསུམ་བཞི་རེ་འཐུང་ན་བཟི་འགྲོ་ཞིང་། ངའི་ཕ་སོགས་ལས་བྱེད་གྲོགས་པོ་ཚོས་མི་རེས་ཆང་རག་རྒྱ་མ་གཅིག་ནས་གཉིས་འཐུང་ཐུབ་ཀྱིན་འདུག ལ་ལས་ཆང་རག་འཐུང་རྒྱུ་མང་དྲག་ནས་ན་ཚས་འདས་གྲོངས་བྱུང་བ་རེད། ངའི་ཕ་ལོ་ལྔ་བཅུར་བུད་པའི་མཚམས་ཤིག་ལ་ཆང་རག་གི་རྐྱེན་གྱིས་ཁོང་ལ་རྒྱུ་སོར་བཅུ་གཉིས་ཀྱི་ནད་བྱུང་སྟེ། ཨེན་ཙམ་མིན་ན་ཤི་སོང་། ཁོང་ཆུང་དུས་རྙིང་ཆོས་སུ་ཞུགས་མྱོང་ལ། ནར་སོན་རྗེས་ཀྱང་རྟག་པར་རྙིང་ཆོས་ཀློག་འདོན་དང་དེར་དད་པ་བྱེད་ཀྱིན་ཡོད། ཁོང་ལ་མོ་བདེ་ཆེན་དགོན་པའི་སྐུ་ཞོག་རྒྱབ་ཚང་ལ་དད་འདུན་ཆེ་ཞིང་། རྫོང་ནང་དགོན་པའི་རྫོང་ནང་ཞབས་དྲུང་ལ་དད་འདུན་ཆེ། ཁོང་རྣམ་པས་ཀྱང་ཁོར་སྙིང་ནས་བརྩེ། ན་ཚ་མ་བྱུང་བའི་སྔོན་ཏག་ཏག་ཅིག་ལ་ཕ་ལགས་རྫོང་ནང་ཞབས་དྲུང་གི་སྐུ་མདུན་དུ་མཇལ་བར་ཕྱིན་པར། ཁྱོད་ཀྱིས་ཆང་འཐུང་མི་རུང་ཞེས་གསུངས། དེ་དུས་ཁོས་ཆང་རག་བག་མེད་དུ་འཐུང་བའི་སྐབས་ཡིན་ཕྱིན་ཐད་ཀར་ཁས་ལེན་མ་ནུས་པར། གད་མོ་ཞིག་བགད་པར། བླ་མས་གཟབ་ནན་སྒོས། ཆང་འཐུང་ཡང་སྐྱོན་ཆེར་མེད་པའི་མི་ཡོད་ཀྱང་། ཁྱོད་ནི་དེའི་རིགས་མིན་པས། དེ་རིང་ནས་བཟུང་ཆང་རྦད་དེ་འཐུང་མི་རུང་ཟེར་བར། ཁོས་ཀྱང་དད་པའི་སྟོབས་ལ་བརྟེན་ནས་ཁས་བླངས་ཤིང་། ཉིན་དེ་ནས་བཟུང་ཆང་རག་རྦད་དེ་བཅད་པ་རེད། དེ་ནས་ཡུན་རིང་མ་འགོར་བར་ནད་བྱུང་ལ། སྨན་ཁང་མང་པོར་བསྟེན་ཀྱང་མངོན་གསལ་གྱི་ཕན་མ་ཐོགས། རྗེས་སུ་གསལ་སྐར་ཆུ་འཁོལ་ཟེར་བའི་ཕེན་ཨེན་གྱི་ཆུ་དེ་འཐུང་ནས་སངས་དྲག་བྱུང་སོང་།
སྐར་མ་༥པ།
ཕས་ང་ལ་སློབ་གསོ་མང་པོ་བཏང་མྱོང་། དེ་ལས་ད་ལྟ་བསམ་རྒྱུ་ཅན་ཞིག་ནི་ཆོས་ལུགས་པའི་སྐོར་ལ་ཁོང་གིས་སྐད་ཆ་ཞིག་བཤད་མྱོང་བ་དེ་རེད། ཁོང་གིས། གྲྭ་པ་མར་གཏོང་གི་སྐབས་ནས་ཅུང་མ་འགོར་བར་འཐབ་རྩོད་ཀྱི་མགོ་བརྩམས་ཤིང་། ལ་མོ་བདེ་ཆེན་དགོན་གྱི་གསེར་ཁྲི་ཚང་ལ་འཐབ་རྩོད་བྱེད་དུས། ཁོང་གིས་རང་གི་མཛོད་ཁང་དུ་རྒྱུ་ནོར་ཇི་འདྲ་ཡོད་པའང་ཤེས་མི་འདུག མཛོད་ཁང་ཞིག་གི་ཁང་མིག་ནང་མར་་ལྟང་ཆ་ག་བསྒྲིགས་འདུག་ལ། འོག་རིམ་གྱི་མར་རྣམས་རུལ་འདུག གསེར་ཁྲི་དེད་ནས་ཁང་མིག་དེ་དག་གི་ནང་དུ་ཁྲིད་པར། ཁོང་ཧ་ལས་ཤིང་། རྒྱུ་ནོར་དེ་དག་ཁོའི་རྒྱུ་ནོར་ཡིན་པ་མི་ཤེས་ལ། ནམ་ཞིག་ལ་བསགས་པའང་བཤད་རྒྱུ་མི་འདུག དེ་བས། སྔོན་ཆད་ཀྱི་བླ་མ་ཚོས་སློབ་སྦྱོང་བྱེད་པ་གཙོར་འཛིན་པ་ལས། སྒེར་ཁའི་རྒྱུ་ནོར་རྣམས་གཉེར་བས་བསྒྲུབས་པ་རེད། བསྐལ་བ་གསར་རྙིང་གང་ཡིན་ཡང་གཉེར་བར་དབང་ཆ་ཧ་ཅང་ཆེ་ཞིང་། བླ་མ་ཚོར་དམིགས་བསལ་དབང་ཆ་མེད། བླ་མའི་འགྲོ་འདུག་ཉལ་འཆག་རྣམས་ཀྱང་གཉེར་བས་དབང་ན་ཡོད་པས། ཆོས་ལུགས་པ་ནོར་འདུག་ཅེས་དགག་པ་བརྒྱབ་ན་བླ་མས་ཅི་ཡང་མི་ཟེར་མོད། བླ་མར་བརྟེན་མཁན་ཚོས་རང་དགར་བསྐྱུར་མི་སྲིད་དེ། ཁོ་ཚོས་བླ་མ་མཐེ་བོང་ལྟར་ཡར་སྦྲེང་ནས་གཤམ་གྱི་མཛུབ་གུ་དག་དང་ལག་པའི་ཉིན་སྲིབ་གཉིས་ལ་བརྡ་བཏང་སྟེ། ཁྱོད་རྩ་མེད་དུ་གཏོང་ངེས་ཡིན། དེང་སང་གི་ཤེས་རིག་སྦྱོང་མཁན་ཚོས་ལྟ་བ་གསར་རྙིང་རྩོད་ཀྱིན་འདུག་མོད། དོན་ལ་དེ་ནི་ཁ་རྒྱབ་ཀྱི་གནད་དོན་ཞིག་ལ་ཐུག་ཡོད་པས། དེའི་གྲས་སུ་ཞུགས་མི་རུང་ཟེར།
སྐར་མ་༦པ།
ངའི་ཕ་ནི་མི་རྒོད་པོར་ཧ་ཅང་དགའ་བོ་ཡོད། ཁོང་གིས་ནམ་རྒྱུན་ཁྱིམ་ཚང་སྒྲུབ་མཁས་པའི་ཕོ་གསར་མང་པོ་དཔེ་རུ་དྲངས་ནས་ང་ལ་བསྡུར་བ་བྱེད་ཅིང་། ངའི་སྟེང་ན་དེ་དག་གི་གཤིས་ཀའི་ཟུར་ཙམ་ཡང་མི་འདུག་པར་ཕངས་སེམས་བར་མེད་དུ་སྐྱེས། གལ་སྲིད་ཤ་ཟ་བའི་དབང་དུ་བཏང་ན། ཤ་ལ་སྤར་སྙབ་བརྒྱབ་ནས་ཟ་ཞིང་། མཆུ་འགྲམ་ནས་ཚིལ་ཁུ་འཛར་འཛར་བཞུར་བའི་མི་དེ་དག་ནི་ད་གཟོད་ཁོས་བློར་འབབ་པ་རེད། ཆུང་དུས་ལོ་ལྔ་དྲུག་གི་སྟེང་ནས་ང་ལ་ཁོང་གིས་དེ་ལྟར་བསླབ་སྟོན་བྱས་མྱོང་། དྲན་སྣང་ཞིག་ལ། ཁོང་གི་ཁྱིམ་མཚེས་སུ་ལའོ་ཀྲང་ཟེར་བའི་ཧྲང་ཧེའི་སྐྱེས་པ་ཞིག་དང་ཆུང་མ་པེ་ཅིན་ནས་ཡིན་པ་ཞིག་ཡོད་ལ། ཁོ་ཚང་དུ་ང་ལས་ལོ་གཉིས་གསུམ་གྱི་ཆེ་བའི་བུ་ཞིག་འདུག བུ་དེ་དང་ངེད་གཉིས་ར་བསྐོར་ནང་དུ་རྩེ་དུས། བུ་དེས་ང་ལ་བསམ་གནག་བྱས་ཤིང་ང་ངུ་བཞིན་ཕྱིར་ཁྱིམ་དུ་ལོག་པར། ཕས། ཁྱོད་ལྟ་བུའི་བུ་ངན་ཞིག་གང་དུ་ཡོད། བུ་ཞིག་ངུ་ག་ལ་རུང་། ད་ལྟ་ཉིད་དུ་རྡུང་རེས་རྒྱག་ཏུ་སོང་ཟེར་ནས་ངའི་ལག་ལ་རི་མོ་འབྲི་སྐབས་སྤྱོད་པའི་ཤིང་གི་ཁྲི་ཙེ་རིང་བོ་ཞིག་བཞག་སོང་། ང་སྐྲག་སྣང་སྐྱེས་ཀྱང་ཕའི་བཀའ་བརྩིས་ནས་བུ་དེ་འཚོལ་བར་ཕྱིན་པར། བུ་དེས་ང་རྒྱལ་དང་བཅས་མུ་མཐུད་དུ་ང་ལ་ཐུབ་ཚོད་གཏོང་དུ་སླེབས། ངས་ཁྲི་ཙེ་རིང་བོས་དེར་གཞུས་པ་ན། བུ་དེ་ང་ལས་གཟུགས་ཆེ་ཞིང་ངས་ལག་པ་ཡར་བསྲིངས་ན་མ་གཏོགས་ཁོའི་ངོ་གདོང་ལ་རེག་མི་ཐུབ་པ་ཞིག་ཡོད་པས། ཁོས་ངའི་ལག་གི་ཁྲི་ཙེ་འཕྲོག་སོང་། ང་ལ་ཐབས་ཤེས་ཟད་དེ་ཤུགས་གང་ཡོད་བཏོན་ནས་བུ་དེའི་ངོ་གདོང་ལ་སྤར་འདྲད་མང་པོ་བརྒྱབ་པར། བུ་དེ་ངུ་སྐད་ལྷང་ལྷང་སྒྲོག་གིན་ཁོ་ཚང་དུ་བྲོས་སོང་། ང་ཡང་སྐྲག་ནས་ཕྱིར་ཕའི་གམ་དུ་ཡོང་། ཅུང་མ་འགོར་བར། ཁྱིམ་མཚེས་ཀྱི་ཁྱོ་ཤུག་ཟུང་གིས་བུ་ཁྲིད་ནས་ངེད་ཚང་ལ་སླེབས། ཁོ་ཚོས་རྒྱ་སྐད་ཀྱིས་མང་པོ་ཞིག་བཤད་སོང་མོད། ངས་ཅི་ལྟར་ཐག་བཅད་པ་མ་ཤེས། ཁོ་ཚོ་ཕྱིར་སོང་ཤུལ་དུ། ཕས་ང་ལ། བུ་རྡུང་རེས་རྒྱག་ན་ཁུ་ཚུར་གྱིས་གཞུས་པ་ལས་སྤར་འདྲེད་བྱེད་ག་ལ་རུང་། དེ་ནི་བུ་མོ་ཚོ་རྡུང་རེས་རྒྱག་ཚུལ་རེད། ངོ་ཚ་བ་ལ་ཟེར། དེ་དུས་ང་ལོ་དྲུག་རེད།
སྐར་མ་༧པ།
ཕའི་ཕྱི་ངོས་ནི་རྩུབ་སྤྱོད་ཚ་བོ་ཞིག་ཡིན་ཡང་། ཁོང་གི་ཡིད་སེམས་ཧ་ཅང་གཉོམ་ཆུང་རེད། མཐའ་ན་སྡེ་བའི་ནང་དུ་རང་ཁྱིམ་གྱི་ཕག་པ་དང་ར་ལུག་བཤའ་དུས་སུ་ཁོ་ཁྱིམ་ནས་སྡོད་མི་ཕོད་པར་ཐག་རིང་ལ་བྲོས་འགྲོ། ཁོའི་སྤྱོད་པ་གཏུམ་དྲག་ཆེ་བ་ཞིག་དུ་སྣང་དོན་ཀྱང་ང་ཚོ་ལྷ་ས་སྡེ་བའི་གོམས་སྲོལ་དང་འབྲེལ་བ་ཆེ། ལྷ་ས་སྡེ་བའི་ནང་བུ་ཞིག་བསྐྱེད་བསྲིང་བྱེད་དུས་སྲོལ་རྒྱུན་གྱི་ཐབས་ལམ་མང་པོ་ཡོད། ཐབས་ལམ་དེ་དག་ནི་ལས་ཀ་ལས་པའི་བར་ནས་རང་བཞིན་གྱིས་སྦྱོང་དུ་འཇུག་པ་རེད། དཔེར་ན། སྟོན་མཇུག་ས་ཞིང་སྟེང་ལོག་རྒྱག་པའི་སྐབས་སུ་སྡེ་བའི་བུ་ཆུང་རྣམས་ཆབས་ཅིག་བསྡུས་ནས། ལོག་མའི་ནང་འཇུ་རེས་རྒྱག་ཏུ་འཇུག ཟོག་རྫིར་འགྲོ་དུས་སྡེ་བ་གཞན་གྱི་བྱིས་པ་ཚོའི་གྲས་སུ་བུ་ཆུང་རེ་དཔའ་ཁེར་རྒྱུག་བྱེད་དུ་འཇུག ནམ་རྒྱུན་དུས་ཆེན་གྱི་སྐབས་སུ་བྱིས་པ་ཆ་རེ་མི་མང་གི་མདུན་དུ་ཁྲིད་ཡོང་སྟེ། བར་ལ་འཕྲེད་རྟགས་ཤིག་བྲིས་ནས་དེ་སུས་བསུབས་ཐུབ་ན་རྒྱལ་ངེས་ཡིན་ཟེར་བ་ལ། སྙིང་སྟོབས་འདྲ་མཉམ་ཅན་ཡིན་ཚེ་འཕྲེད་རྟགས་བསུབས་སྐབས་རྐང་པ་ཕན་ཚུན་ལ་ཐོགས་མ་ཐག་འཇུ་རེས་རྒྱག་པ་དང་རྡུང་རེས་རྒྱག ཚད་ངེས་ཅན་ཞིག་འགོར་རྗེས་བར་ཕྱེས་ནས། ཡང་བསྐྱར་བུ་གཉིས་མདུན་དུ་དེད་ཡོང་ནས་བར་ལ་འཕྲེད་རྟགས་འབྲི། སྙིང་སྟོབས་ཆེ་ཤོས་ཀྱིས་འཕྲལ་མར་འཕྲེད་རྟགས་བསུབས་ཀྱང་སྙིང་སྟོབས་མེད་མཁན་དེ་མི་འགུལ་བར་སྡོད་སྲིད་པས། ཡང་བསྐྱར་མི་འགུལ་བར་སྡོད་མཁན་དེའི་བྲང་གཞུང་ལ་རྟགས་ཤིག་བྲིས་ཏེ། སྙིང་སྟོབས་ཅན་དེར་བསུབ་ཏུ་འཇུག་ལ། དེ་བསུབས་པའི་ཚེ་ན། ལ་ལ་ཞིག་དེ་མ་ཐག་འཐམ་ནས་འཛིང་རེས་བྱེད་སྲིད་ཀྱང་། ལ་ལ་ཞིག་ད་དུང་མི་འགུལ་བར་སྡོད་སྲིད་པས། ཡང་བསྐྱར་མི་འགུལ་བར་སྡོད་མཁན་དེའི་གདོང་ལ་རྟགས་ཤིག་བྲིས་ཏེ། སྙིང་སྟོབས་ཅན་དེར་བསུབས་སུ་འཇུག དེ་བསུབས་པའི་ཚེ་ན། བུ་སྡུག་ཅི་འདྲ་ཞིག་ཡིན་ཡང་ངུ་སྐད་དང་བཅས་ཕ་རོལ་བོར་འཐམ་ནས་འཛིང་རེས་བྱེད། དེ་ནི་ང་ཚོ་སྡེ་བའི་གནའ་སྲོལ་ཞིག་ཡིན་ལ། ཕ་ནི་གོམས་སྲོལ་དེའི་ཁྲོད་ནས་ནར་སོན་པ་སྨོས་མ་དགོས། དེར་མ་ཟད། ཁོང་གི་དགེ་རྒན་གྱི་མིང་ལ་ཨ་ཁུ་མཚམས་པ་ཟེར་ཞིང་། ང་ཚོ་ས་ཁུལ་གྱི་སྔགས་པ་བཙན་པོ་འབའ་ཞིག་རེད། ཕ་སློབ་མཐར་ཕྱིན་ནས་བྱ་བའི་སྟེང་ཞུགས་པ་དང་། ལོ་ལྔ་བཅུ་དྲུག་ཅུར་སོན་ཡང་ཨ་ཁུ་མཚམས་པར་འཕྲད་ན་བྱི་ལ་མཐོང་བའི་ཙི་གུ་དང་འདྲ། གཅིག་བྱས་ན་དེ་ནི་གནའ་མིའི་གུས་བརྩི་ཞིག་ཡིན་པ་རེད།
སྐར་མ་༨པ།
ད་དུང་མུ་མཐུད་དུ་ཕ་དྲིན་ཅན་ཁོང་གི་ཆུང་དུས་ཕྱིར་དྲན་བྱས་ན། ཕལ་ཆེར་ལོ་ཉི་ཤུ་ཙམ་གྱི་སྐབས་ཤིག་ལ་ཁོང་ལ་མོ་བདེ་ཆེན་དུ་དགེ་རྒན་གྱི་འགན་ཁུར་བ་རེད། ཁོ་སྡོད་ས་ནི་བདེ་ཆེན་དགོན་པའི་མ་གི་བླ་བྲང་ཀླད་ཀྱི་ཁང་མིག་ཅིག་ཡིན་ཟེར། སྐབས་དེར་གྲྭ་པ་མར་གཏོང་བྱས་རྗེས་རེད་འདུག་པས། དགོན་པའི་ནང་གྲྭ་པ་གཅིག་ཀྱང་མེད་པ་རེད། ཡིན་ཡང་། ལྷ་ཁང་དང་འདུ་ཁང་གི་ལྷ་སྐུ་དང་དཔེ་ཆ་རྣམས་སྒོར་གཡུགས་ཟིན་པ་མ་གཏོགས་ཁང་པ་ད་དུང་མ་བཤིག་པར་གནས། ཕ་ཁོང་བདེ་ཆེན་དགོན་པའི་མ་གི་བླ་བྲང་ཀླད་ཀྱི་ཁང་མིག་ཅིག་གི་ནང་སྡོད་པའི་སྐབས་སུ། མཚན་མོ་ཞིག་ལ་བླ་བྲང་ནང་གི་མཐིལ་ཤིང་ཞིག་རྐུན་མས་བཀོག་སོང་། ཁོང་བླ་བྲང་ནང་དུ་སྡོད་ཀྱིན་ཡོད་པས། དེ་ལ་འགན་ཁུར་དགོས་པ་རེད། དེ་བས་ཕྱི་ཉིན་ཡང་རྐུན་མ་དེ་ཡོང་བར་དོགས་ནས་མ་གཉིད་པར་བག་ཟོན་ངང་གནས་པར། ནམ་གུང་དཀྱིལ་ཞིག་ལ་རྐུན་མ་དེ་སླེབས་ནས་ཡང་བསྐྱར་མཐིལ་ཤིང་འགོག་མགོ་བརྩམས་སོང་། རྐུན་མས་མཐིལ་ཤིང་གི་བར་ལ་འཇའ་བརྒྱབ་ནས་ཡར་འགྱོག་སྐབས་ཐྲག་ཐྲག་གི་སྒྲ་གྲགས་པ་རེད། དེར་ཕ་ཡིས་སྐད་སྦོམ་པོས། ཨོ---ཞེས་སྔགས་ཤིག་བཟློས་པ་ལ། རྐུན་མས་འཇའ་རྒྱག་མཚམས་བཞག་ནས་རྣ་བ་བླགས་ཏེ་ཉན། ཡང་ཕ་ཡིས་སྔགས་བཟློ་མཚམས་བཞག་ནས་བསྡད། ཅུང་མ་འགོར་བར་རྐུན་མས་ཡང་བསྐྱར་མཐིལ་ཤིང་འགོག་མགོ་བརྩམས། དེ་ནས་ཡང་ཕ་ཡིས་སྐད་སྦོམ་པོས་སྔགས་བཟློས། དེ་ལྟར་ཐེངས་གསུམ་བཟླས་པ་ལ། རྐུན་མ་དེ་སྐྲག་ཐག་ཆོད་ནས་སྐད་ཅིག་ལ་བླ་བྲང་ལས་ཕྱིར་ཐོན་ནས་བྲོས་སོང་། ཕྱི་ཉིན་ལྟ་དུས། མཐིལ་ཤིང་གི་སྟེང་དུ་འབྲེང་བ་ཞིག་དང་འཇོར་ཞིག་བསྐྱུར་འདུག་ལ། དེ་གའི་དགོན་པའི་མཐའ་བ་ཚང་མར་དྲིས་ཏེ་སུ་ཚང་གི་ཡིན་མིན་རྩད་བཅད་མོད། གཅིག་གིས་ཀྱང་ཁས་བླངས་མ་སོང་ཟེར། དེ་ནས་ཅུང་མ་འགོར་བར་རིག་གསར་སླེབས། སྐབས་དེར་བདེ་ཆེན་གྱི་མཐའ་བ་རྣམས་ལ་ཟ་རྒྱུ་ཧ་ཅང་དཀོན་པོ་རེད། ཡིན་ཡང་། དགེ་རྒན་ཞིག་ཡིན་ན་ཟ་རྒྱུའི་ཐད་ནས་གྲོད་ཁོག་མི་ལྟོགས་པའི་རྒྱགས་བྱེ་ཕྲན་བུ་ཡོད་མོད། ཁོང་གིས་རང་ཁྱིམ་གྱི་ཕ་མ་དང་སྲིང་མོ་ཚོར་ཡང་སྐལ་བ་སྐྱེལ་དགོས། རྒྱུ་མཚན་ནི་ཕའི་ཕ་དེ་ཞྭ་གོན་ཡིན་པ་རེད། ཕའི་ཕ་ནི་འབྱོར་མེད་གྲལ་རིམ་གྱི་གྲས་ཡིན་ཡང་། ཁོང་སྡེ་བའི་ནང་བུ་སྤུན་མེད་པར་བུ་ཁེར་སྐྱེས་ཤིག་ཡིན་པས་ཐེ་རྒྱག་ས་མེད་ཕྱིན། སྡེ་བའི་ཞྭ་གོན་གྱི་མི་གྲངས་ནང་སྡེ་དཔོན་སོགས་ཀྱིས་གང་བྱུང་དུ་བསྣན་པ་རེད་ཟེར། རྗེས་སུ་རྫོང་གི་ལས་བྱེད་མགོ་ཁྲིད་ཀྱིས་གནས་ཚུལ་རྒྱུས་ལོན་བྱུང་མོད། ཞྭ་གོན་གྱི་མིང་བཏགས་ཚར་དུས་གང་བྱུང་དུ་ཕྱིར་བླངས་མི་ཆོག་པ་རེད། དེ་བས་མགོ་ཁྲིད་ཚོས་ཁོར་ལས་ཀ་ཡང་མོ་ལས་སུ་འཇུག་པ་ལས་ཐབས་ཤེས་མ་བྱུང་། ཞྭ་གོན་ལ་སྐར་གྲངས་ལེན་རྒྱུ་མེད་པ་འདྲ་ཞིང་། ངེད་ཚང་དུ་ལས་ཀ་ལས་མཁན་ཉུང་བའི་ཁར་བྱིས་པ་མང་། ལས་ཀ་པ་དར་མ་ཞིག་ལ་ཕལ་ཆེར་ཉིན་རེར་སྐར་གྲངས་གཉིས་རེ་ཡིན་པ་དང་། སྐར་གྲངས་མེད་ན་ལོ་མཇུག་གི་བཟའ་འབྲུའི་བགོ་སྐལ་མེད། དེ་བས། ཕས་རང་ཁྱིམ་གྱི་ཁ་རྒྱབ་སྐོང་ཆེད་ཕོགས་ཐོབ་ལ་གྲོན་ཆུང་གཟབ་གཟབ་བྱེད་དགོས་བྱུང་བ་རེད། དེར་མ་ཟད། ཁོང་རི་མོར་ཧ་ཅང་དགའ་བ་གཞིར་བཞག་གི་སྟེང་ནས་ས་གནས་མི་སྣ་སྐྱེད་སྲིང་ལ་ཀྲུང་དབྱང་མཛེས་རྩལ་སློབ་གླིང་དུ་འགྲིམས་པའི་སྐལ་བ་བྱུང་ཡང་། ཁོང་གིས་ཁྱིམ་གྱི་གནས་སྟངས་བློས་མ་ཐོངས་པར་རི་མོའི་སློབ་གླིང་འགྲིམས་པའི་གོ་སྐབས་རྒྱབ་ཏུ་བསྐྱུར། རྗེས་སུ། ཁོང་གྲོང་ཁྱེར་ཟི་ལིང་དུ་བསྡུས་པའི་མཚོ་སྔོན་ཞིང་ཆེན་རི་མོའི་གསོ་སྦྱོང་འཛིན་གྲྭར་ཞུགས་ཐུབ་པ་བྱུང་ལ། དེ་ནས་རི་མོའི་ཆེད་ལས་མཐར་ཕྱིན་པ་རེད།
སྐར་མ་༩པ།
ངས་ཕའི་འདས་དོན་དྲན་ཞོར་དུ། གང་མཚམས་ནས་ལག་ཁྱེར་ཁ་པར་ངོས་སུ་ཡང་ཡང་ལྟ་དགོས་བྱུང་། ངས་ལྟ་བ་ནི་དུས་ཚོད་ཡིན། ད་ནི་བེམ་པོ་སྦྱིན་བསྲེག་གི་ལམ་དུ་བསྐྱོད་པར་སྐར་མ་བཅུ་གཅིག་ལས་མི་འདུག འདི་ནི་བློས་མི་ཐོངས་པའི་དུས་ཡུན་ཐུང་ཐུང་ཞིག་རེད། ཁྱིམ་གྱི་ར་བསྐོར་ནང་དང་ཁང་པ་ཁེར་ཐོག་ཉིས་ཐོག་ཡོངས་སུ་ལྷ་ས་སྡེ་བའི་ཕོ་གསར་དང་རྒན་པ་ཚོས་ཁེངས་འདུག ཁོང་ཚོས་མ་ཎི་དབྱངས་རྟར་དྲངས་ནས་འདོན་གྱིན་མཆིས། མ་ཎིའི་དབུ་མཛད་ཀྱི་མིང་ལ་སྔགས་པ་དབང་གྲུབ་རྒྱལ་ཟེར་ཞིང་། ལྷ་ས་སྡེ་བའི་ལྷ་རམས་པ་སྐྱེས་སའི་ཁྱིམ་རྒྱུད་ཀྱི་བུ་རབས་ཚ་རྒྱུད་ཅིག་ཡིན། མ་ཎི་དབྱངས་རྟ་དེ་ཧ་ཅང་སྐྱོ་གདུང་གིས་ཁེངས་པ་ཞིག་རེད། དེ་དང་ཚ་བསུར་གྱི་དྲི་མ་གཉིས་ནི་འཆི་བའི་དྲི་མ་ཡིན་པ་བདག་གིས་གློ་བུར་དུ་རྟོགས་ཤིང་། དེས་དྲན་པ་ཟབ་མོ་ཞིག་བཞག་བྱུང་། སྔོན་ཏག་ཏག་ལ་ཆར་ཤ་ཞིག་བབས་པས་ད་དུང་ས་ངོས་སུ་ཆུ་འཁྱིལ་དང་བརླན་བཟུང་འདུག བར་སྣང་དུ་སྐར་མ་རབ་རིབ་ཅིག་མཐོང་ཐུབ་པར་བལྟས་ན། ད་ནས་ཆར་བ་འབབ་རྒྱུ་མིན་པ་འདྲ། ཕའི་ཚ་བོ་བློ་ལྡན་གྱིས་བཤད་ན། སྐར་མའི་སྔོན་དུ་ཆར་བ་བབས་ན་རྟེན་འབྲེལ་ཡག་པོ་ཡིན་ཚུལ་བརྗོད། གང་ལྟར་ད་ལྟའི་དུས་འདི་ནི་ང་རང་ཆེས་སྐྱོ་བའི་དུས་ཤིག་ཡིན་ཡང་། སྐྱོ་ཁོམ་ཕྲན་ཙམ་ཡང་མེད་པར་བེམ་པོ་སྦྱིན་བསྲེག་གི་གནས་སུ་སྐྱེལ་ན་ངེས་པར་འཕྲད་སྲིད་པའི་དོན་དག་རྣམས་ལ་བསམ་བློ་ཞིབ་མོ་ཡང་ཡང་གཏོང་དགོས་པ་དེ་རེད། མ་གཞི་བེམ་པོ་རླངས་འཁོར་ལས་སྐྱེལ་ན་འགྲིག་ཀྱང་། ཕ་ལ་ཚ་བོ་མང་བས་ཁོ་ཚོས་ཁྱོགས་སུ་ཁུར་ནས་སྐྱེལ་རྒྱུའི་འདུན་པ་དྲག་པོ་བཏོན་པས། ངས་ཀྱང་བསམ་ཚུལ་དེའི་སྟེང་ལ་བཞག་པ་ཡིན། ད་ནི་སྐར་མ་མང་པོ་མི་འདུག་པས། ངས་ཁང་ཀླད་དུ་བཞག་པའི་ཁྱོགས་དེ་ཅི་ལྟར་སྒོ་ཁར་ལེན་དགོས་པ་དང་། ལེན་མཁན་སུ་ཡིན་པ། བུ་སྤུན་ཚོས་ཁང་པ་སྦུག་མའི་ནང་གི་བེམ་པོ་སྒོ་ཁར་ཁྱེར་ཡོང་དུས་ཁྱོགས་ཀྱི་སྟེང་དུ་ཅི་ལྟར་འཇོག་དགོས་པའི་གོ་རིམ་ཧྲིལ་བོར་འཆར་གཞི་ཞིབ་ཆ་བཟོས། ཨོ། ངང་ངམ་ཤུགས་ཀྱིས་བདག་གི་སྙིང་ཁམས་ཡང་ཡང་འཕྱོ་ཞིང་ཡར་བྲང་གཞུང་དུ་འཚང་བར་བྱེད། འདི་ནི་ཅི་དང་གང་གིས་དཔེ་ལེན་མི་ཐུབ་པ་ཞིག་རེད། ཁོར་ཡུག་གི་སྡེ་མི་ལ་ལས་མུན་ནག་ཁྲོད་ནས་ང་ལ་ལྟ་བའི་མིག་མདངས་དེ་དག་ཀྱང་ཁོ་ཚོའི་ཞེ་རབ་ཏུ་སྨྲེང་ཡང་། འཆི་བ་ལ་བཅོས་ཐབས་ཡོངས་སུ་ཟད་པའི་རྣམ་པ་ཞིག་རེད། དེར་མ་ཟད། ཤི་གོད་གང་ཞིག་གི་སྐབས་སུ་སྡེ་བ་དང་ཚོ་བའི་མི་རྣམས་སྤུན་ལྟར་དུ་འདུས་ཡོང་བ་ནི་ང་ཚོའི་སྲོལ་རྒྱུན་ཡིན། ཁོ་ཚོས་ཁ་ཁུ་སིམ་པའི་ངང་ང་ལ་སྐྱོ་གྲོགས་དང་ང་ལ་གདུང་སེམས་མཉམ་བསྐྱེད་བྱེད་ཀྱིན་འདུག སྣང་ངོ་འདིའི་ཁྲོད་དུ་རླབས་ཆེ་བའི་གནའ་རབས་ཀྱི་མི་རིགས་ཤིག་གི་འཆི་བར་བཟུང་བའི་ལྟ་ཚུལ་འདུས་འདུག་ལ། ཁོང་ཚོའི་མི་མངོན་པའི་སྟོབས་ཤུགས་ཤིག་ཀྱང་ཁོར་ཡུག་འདིར་སིམས་ཏེ་གནས་འདུག
སྐར་མ་༡༠པ།
ངའི་དྲན་སྣང་ལ་བྱུང་བ་ནི། ཕས་ནམ་རྒྱུན་རི་མོ་ཞིག་འབྲི་བཞིན་འདུག་པ་དེ་རེད། ཁོང་གིས་ནམ་རྒྱུན་རི་མོ་འབྲི་བ་ནི་འཚོ་གནས་སྒྲུབ་པའི་ཆེད་ཁོ་ན་ཞིག་མིན་པ་འདྲ་སྟེ། ཁོང་རི་མོར་ཧ་ཅང་དགའ་བས་ཡིན་སྲིད། རྒྱུ་མཚན་ནི་ཁོང་གིས་རང་གི་ཐང་ག་དང་རི་མོའི་བརྩམས་ཆོས་ལ་རིན་གོང་གཏན་འཁེལ་ཡོད་པ་མ་རེད། ཁོང་གི་གེ་སར་རི་མོ་བརྒྱད་ཨ་རིའི་རའོ་ཕིན་བཤམས་སྟོན་ཁང་གིས་ཉོ་རྒྱུ་ཟེར་དུས། ངས་སྒོར་སྟོང་བདུན་རེད་ཅེས་བཤད་པར་ཁོང་གིས་བཟང་གི་ཟེར། ཡང་ཁྲི་བདུན་རེད་ཅེས་བཤད་པར་ཡང་བཟང་གི་ཟེར། མི་ཞིག་གིས་ཁོའི་ཐང་ག་ཉོ་དུས། ཕ་རོལ་བས་ཁོར་འཕོག་ཐུག་བཟོས་མེད་པ་ཞིག་ཡིན་ན། དེས་སྒོར་ཅི་ཙམ་སྟེར་ཟེར་བ་ལྟར་ཡིན་པ་ལས། ང་ལ་འདི་དགོས་ཞེས་བཤད་པ་ཉུང་། ཁོང་གི་ཐང་ག་ལ་རིན་གོང་འཕར་ཆག་ཧ་ཅང་ཆེན་པོ་ཡོད། གལ་སྲིད་ཁོས་སུམ་སྟོང་ཡིན་ཟེར་དུས་གཞན་པ་དེས་དཀའ་སོང་ཞེས་བཤད་ན། འོ་ན་ཉིས་སྟོང་བྱོས་ཟེར་ནས་ཆིག་སྟོང་རེ་གཡུགས་འགྲོ། ཁོང་གི་གཤིས་ཀའི་སྟེང་དུ་བསྟོད་བསྔགས་བྱས་ན་དགའ་བ་ཞིག་འདུག གཞན་གྱིས་ཁོང་གི་རི་མོར་བསྟོད་བསྔགས་བྱས་ན་དེ་ལ་ཧ་ཅང་དགའ་བོ་བྱེད་པ་རེད། ཡིན་ཡང་ཁོང་གི་རི་མོར་སྐྱོན་བརྗོད་བྱས་ན་དེ་མ་ཐག་གནས་ལུགས་མང་པོ་བརྗོད་ཡོང་། ངའི་དྲན་སྣང་ཞིག་ལ། ཕ་རིག་གནས་ཁང་དུ་སྡོད་སྐབས་ཀྱི་སྤྱི་ལོ་༡༩༨༠ཡས་མས་ཤིག་ལ། རྫོང་གི་ངོས་ཐད་ནས་ཟླ་བཅུ་བའི་རྒྱལ་སྟོན་དུས་ཆེན་རྒྱས་པ་ཞིག་རོལ་རྒྱུར་ཁོང་ལ་དྲིལ་བསྒྲགས་རི་མོ་ཆེན་པོ་ཞིག་འབྲི་རུ་བཅུག ཁོང་གིས་རིག་གནས་ཁང་གི་ར་བསྐོར་ནང་རས་གཞི་ཆེན་པོ་ཞིག་བརྒྱངས་ཤིང་དེའི་སྟེང་རི་མོ་བྲིས་ཏེ་རྫོགས་ལ་ཉེ་ཞིང་། ཉིན་གུང་ཞིག་ལ་རྫོང་དཔོན་དང་མགོ་ཁྲིད་ཁག་ཅིག་རི་མོར་ལྟ་རུ་སླེབས། ཁོང་ཚོས་རི་མོར་བལྟས་ནས་དཔྱད་པ་མང་པོ་གཏོང་གི་འདུག ང་ལོ་ན་ཆུང་བས་ཅི་ཞིག་བཤད་པ་མི་ཤེས་མོད། གློ་བུར་དུ་ངའི་ཕ་ཁྲོས་ནས་ཁང་པའི་ནང་རྒྱུགས་ཕྱིན་པ་དང་གཏུབ་གྲི་ཞིག་བཟུང་ཡོང་སྟེ། རི་མོ་ཆེན་པོ་དེ་ཐེར་ཚལ་སྦར་ཚལ་དུ་བཤགས་སོང་། རྗེས་སུ་བཤད་པ་ཡིན་ན། མགོ་ཁྲིད་ཚོས་རི་མོ་མི་ཤེས་ཀྱང་སོ་སོའི་དྲན་ཚུལ་ཕྱོགས་རེས་པ་མང་པོ་བཤད་པས། ཕས། དེ་འདྲ་ཡིན་ན་ཁྱོད་ཚོས་ཕྲིས་ཞེས་བཤགས་པ་རེད་ཟེར། དེ་ལྟར་ཁོང་ལ་ཁོག་རྒྱ་ཆེན་པོ་མི་འདུག་པ་ཞིག་ཡིན་ལ། ཁོའི་ཆེད་ལས་རི་མོའི་སྟེང་ལ་བསྐོར་ན་རང་གི་བྲིས་པར་ཁས་རྒྱག་མེད་པ་ཞིག་ཏུ་འདོད་ཀྱིན་ཡོད། ཡིན་ཡང་། ངས་ཐང་ག་དང་རི་མོའི་སྐོར་གྱི་དཔེ་དེབ་མང་པོར་བལྟས་ཤིང་། དེ་དག་ལས་བྱུང་བའི་ཤེས་བྱ་ལྟར་དུ་ཁོང་གི་རི་མོའི་བརྩམས་ཆོས་ལ་བསམ་ཚུལ་རེ་སྨྲས་ན། ཁོང་གིས་རིམ་གྱིས་དྭང་ལེན་བྱེད་ཐུབ་ཀྱིན་འདུག ཁོང་གིས་ཐང་གའི་སྐོར་ལ་དམིགས་བསལ་ལྟ་ཚུལ་མང་པོ་བཏོན་མྱོང་། ལྟ་ཚུལ་དེ་དག་གིས་ང་ཚོ་ཡུལ་ཕྱོགས་ཀྱི་ལྷ་རིས་པ་མང་པོར་འཕོག་ཐུག་བཏང་མྱོང་བ་སྨོས་མ་དགོས། རྒྱུ་མཚན་ནི། ལྷ་རིས་པ་ཞིག་གི་ཐང་ག་མཐོང་དུས་ཁོས་ངེས་པར་དུ་རང་གི་ལྟ་ཚུལ་ཞིག་ངག་ནས་ཐལ་བར་འགྱུར་ཏེ། དཔེར་ན། ལྷ་ཟུར་དུ་འཁོར་ཡོད་པ་ཞིག་ཡིན་ན་དེའི་ཕ་རོལ་གྱི་སྤྱན་ག་ལ་མཐོང་ཐུབ། རྟ་འདི་དྲེལ་གྱི་འབྲི་ཚུལ་རེད། རྟ་ཟུར་དུ་བསྡད་ན་རྟའི་ངོ་གདོང་དང་འཕོང་ཚོས་གཉིས་ཆབས་ཅིག་མཐོང་བ་འདི་རྟའི་སྐེད་པ་མ་བཅག་ན་མི་སྲིད་པ་ཞིག་ཡིན། ལྷའི་རྐང་པའི་ཕྱི་རྟིང་གཉིས་ཐོད་གཏུག་དེ་འགྲེང་བསྡད་ན་ཀན་རྐྱལ་དུ་འགྱེལ་འགྲོ་བས། ལྷའི་བཞེངས་སྟངས་ཙམ་ཡང་འབྲི་མི་ཤེས་ཟེར་བ་སོགས། ཁོང་གིས་དེ་ལྟར་སྐྱོན་མང་པོ་རྒྱག་པས། ལྷ་བཟོ་དེ་དག་གིས་ཁོའི་སྐད་ཆ་ཐོས་ན་ཧ་ཅང་མི་དགའ་བར་འགྱུར་ཞིང་། དེ་ཚོའི་སློབ་མ་རྣམས་ཀྱང་ཁོར་མི་དགའ་བར་འགྱུར། ཡིན་ཡང་། ཁོང་གི་སྐད་ཆར་གནས་ལུགས་ངེས་ཅན་ལྡན་པས་ཉན་མཁན་ཚང་མ་གད་མོ་ཤོར་ནས་ཁ་སུམ་མི་ཐུབ་པའི་གནས་སྐབས་བགྲང་གིས་མི་ལངས་ཤིང་། ཁོང་གི་མཐའ་བསྐོར་ནས་གཏམ་ཀུ་རེའི་ཁྲོད་ནས་ཉི་མ་སྐྱེལ་མཁན་ཡང་ཧ་ཅང་མང་པོ་ཡོད་པ་རེད།
སྐར་མ་༡༡པ།
ཨ་མདོ་བྱམས་པ་དང་ངའི་ཕ་ཡི་སྐོར་ནས་བཤད་ན། ཨ་མདོ་བྱམས་པ་ལྷ་ས་ནས་ཕྱིར་ཕ་ཡུལ་དུ་ལོག་ནས་རྨེ་རུ་སྡེ་བར་བཞུགས་སྐབས་ཕ་ལགས་ཁོང་གི་མདུན་དུ་རི་མོ་སྦྱོང་བར་ཕྱིན། ཨ་མདོ་བྱམས་པ་བོད་དུ་ཧ་ཅང་སྐད་གྲགས་ཆེ་བས་ཕ་ལགས་ཀྱིས་ཡིད་སེམས་གཏིང་ནས་གུས་བརྩི་བྱེད་ཀྱི་འདུག དེ་ཡང་ཁོང་ཨ་མདོ་བྱམས་པའི་སྙན་གྲགས་ལ་དགའ་བ་ཁོ་ན་མ་ཡིན་པར། ཁོང་གིས་ཨ་མདོ་བྱམས་པས་རྡ་སའི་གཙུག་ལག་ཁང་དུ་བཞེངས་པའི་མཁན་སློབ་ཆོས་གསུམ་གྱི་ཐང་གའི་སྐུ་པར་ཞིག་ལག་སོན་བྱུང་སྟེ། བརྩམས་ཆོས་དེས་ཁོང་གི་ཡིད་དབང་ཅིག་ཅར་བཀུགས་པས་རེད། ཕ་ནམ་རྒྱུན་དཀྱིལ་ཀྲུང་གིས་བསྡད་ནས་མཁན་སློབ་ཆོས་གསུམ་གྱི་སྐུ་པར་དེར་ལྟ་བཞིན་པ་ངས་ཐེངས་མང་པོར་མཐོང་། ཕས་རི་མོ་ཞིག་ལ་དེ་ལྟར་ཞིབ་ལྟ་གནང་བཞིན་པ་ངས་མཐོང་མ་མྱོང་ལ། ལྷ་རིས་པ་ཡག་ཤོས་ཡིན་ཟེར་མཁན་མང་པོའི་ཐང་ག་མཐོང་ནའང་ཁས་མི་རྒྱག་རྒྱུ་ཉུང་ཉུང་ཡིན། ཉིན་ཞིག་ཨ་མདོ་བྱམས་པ་རྨེ་རུར་ཕེབས་འདུག་པ་ཐོས་ནས་དེ་མ་ཐག་ལས་ཁུངས་སུ་ཟླ་གཅིག་གི་དགོངས་པ་ཞུས་ནས་རི་མོ་སློབ་ཏུ་ཆས། མ་གཞིར་ཁོངགིས་་ཨ་མདོ་བྱམས་པའི་མདུན་དུ་བསྡད་ནས་ཟླ་ཤས་རིང་ལ་རི་མོ་སྦྱོང་དགོས་འདོད་ཡོད་མོད། ཉེ་སར་བཅར་དུས། ཨ་མདོ་བྱམས་པས་གྱན་ཐང་ཞིག་བཞེངས་ཀི་འདུག་ཟེར། གཙོ་སྐུའི་ངོ་གདོང་བཞེངས་པ་ཧ་ཅང་ལེགས་པར་སྣང་། འཁོར་ལ་དེ་འདྲའི་དོ་སྣང་ཆེར་བྱས་མི་འདུག་ཟེར། ཁོང་གཉིས་རི་མོའི་སྐོར་གྱི་བགྲོ་གླེང་ཕྲན་བུ་བྱས་པར། ཨ་མདོ་བྱམས་པས་ངའི་ཕ་ལགས་ཀྱི་ལྷག་བསམ་དང་དད་འདུན་མཐོང་ནས། ངག་སྲོང་བོས་རང་གིས་རི་མོའི་སྐོར་ལ་རང་སྦྱོང་གཙོ་བོར་སོང་བ་ཡིན་པས། རི་མོའི་ཉམས་མྱོང་སྐོར་ནས་མང་དུ་གླེང་ལ། དེང་སང་གི་སློབ་གྲྭའི་ཁྲིད་བྱ་ལྟར་དུ་བརྗོད་རྒྱུ་མེད་ཅེས་ལབ། མ་གཞི་ཕ་ལགས་ཀྱིས་ཁོང་དགེ་རྒན་དུ་བསྟེན་པའི་འདུན་པ་དྲག་པོ་ཡོད་མོད། འོན་ཀྱང་ཕའི་གཤིས་ཀ་ཧ་ཅང་འཚུབ་ལི་ཡིན་པས། ངང་སྒུག་བརྟེན་རྒྱུ་ལྷོད་ནས་ཕྱིར་ལོག་པ་རེད། ཁོང་གིས་ནམ་རྒྱུན་ཏུ། ཨ་མདོ་བྱམས་པའི་ཚོན་བེད་སྤྱོད་གནང་པ་ཧ་ཅང་ཡ་མཚན་ཆེ་ཟེར། ཁོང་གིས་ནམ་རྒྱུན་ཨ་མདོ་བྱམས་པའི་མཁན་སློབ་ཆོས་གསུམ་ལ་ཞིབ་ལྟ་གནང་པའི་སྐབས་སུ། རི་མོ་འདིའི་མི་གཟུགས་བྲིས་པ་ཁྱད་དུ་འཕགས་པས་མི་ཚད། འོད་མུན་དགར་ཚུལ་དང་། ཉེ་རྒྱང་དགར་ཚུལ། སྒྲིབ་མེད་མཐོང་རིས་ཀྱི་བཀོད་སྒྲིག་སོགས་ཀྱང་རི་མོ་ཆེད་ལས་པ་ཕུལ་བྱུང་ཅན་ཞིག་གིས་མ་གཏོགས་འདི་འདྲ་འབྲི་མི་ཐུབ། ཨ་མདོ་བྱམས་པས་ཁོང་གིས་རི་མོ་ཆེད་ལས་སྦྱང་མ་མྱོང་ཟེར་བ་རྫུན་དུ་ངེས་ཞེས་བརྗོད།
སྐར་མ་༡༢པ།
ཕ་ལགས་ནི་དོན་ཆེན་ལ་མ་གཏོགས་སྤྱིར་བཏང་གི་བྱ་བ་ཕྲན་ཚེགས་ལ་ཁ་ཡ་ཆེན་པོ་མི་བྱེད་པ་ཞིག་ཡིན། དེ་བས་ཁོང་གིས་ནམ་རྒྱུན་གནས་ལུགས་ཆེན་པོའི་སྐོར་བཤད་ཅིང་། དེའི་ནང་རྩོད་སྒྲུབ་རིགས་པའི་ལྟ་བ་ཡང་ངེས་ཅན་ཡོད་པ་རེད། ཁོང་ཚ་ཐབ་སྟེང་དཀྱིལ་ཀྲུང་གིས་བསྡད་དེ་བློ་ཁ་མཐུན་ཕྱོགས་ཀྱི་མི་རྒན་ཁག་ཅིག་དང་མཉམ་དུ་བགྲོ་གླེང་སྣ་ཚོགས་བྱེད། སྐབས་རེར་ཁོང་ཚོའི་ལྟ་ཚུལ་མི་མཐུན་པ་བྱུང་ཚེ། ཉིན་གང་བོར་རྩོད་པ་རྒྱག དོན་ངོ་མར། ཁོང་ཚོ་རིམ་གྱིས་སྤྱི་ཚོགས་གསར་པའི་རྗེས་སུ་ལུས་འདུག་ལ། དེང་སྐབས་ཀྱི་གནས་ཚུལ་གསར་པ་མང་པོར་ཁོང་ཚོས་གོ་བ་ལེན་ཐུབ་ཀྱི་མེད། སྐབས་ཤིག ངེད་གཉིས་གཟི་ཚ་སྡེ་དགུ་ཞེས་པར་སོང་སྟེ། དེ་གའི་ཡུལ་བསྐོར་ལྗོངས་རྒྱུ་དང་ཚོང་རའི་དཔལ་འབྱོར་མཐོང་བས་ཁོས་དང་ལེན་གནང་ཐུབ་ཀྱི་མི་འདུག རྒྱུ་མཚན་ནི། དགོན་པ་ཚོང་ར་ཆགས་འདུག་པ་དང་། ཡུལ་བསྐོར་བའི་ལག་ནས་འཛིན་བྱང་གི་རིན་པ་གང་དྲན་ལེན་པ། སྤྱིར་བཏང་གི་ཐང་ཁྲོམ་ཚོང་པ་ཞིག་གིས་ཀྱང་ཉིན་རེར་ཁོའི་ཟླ་རེའི་ཕོགས་ལེན་ཐུབ་པ་སོགས་མཐོང་ནས་ཧ་ལས་འདུག ཁོང་གིས། འདི་མའོ་ཀྲུའུ་ཞིའི་རིང་ཡིན་རྒྱུ་ན་ལྐོག་འཚོང་གཡོ་ལེན་གྱི་རིགས་ཡིན་པས། ལམ་སེང་ཁྲིམས་ལ་སྦྱོར་རྒྱུ་རེད་ཟེར། ད་ལྟ་བསམ་ན། ཁོང་ཚོ་རྒན་པར་ཅི་ཁག་སྟེ། ཕ་ལགས་༡༩༤༢ལོར་སྐྱེས་པ་རེད། འཛམ་གླིང་གི་ཤེས་རིག་དར་བའི་ལོ་རྒྱུས་ལ་གཞིགས་ན། ཞིང་ལས་ནས་བཟོ་ལས་དང་། དེ་ནས་དྲ་རྒྱ་དང་ཤེས་ནུས་ཀྱི་དུས་རབས་སུ་སྐད་ཅིག་ལ་སླེབས་པས། གཅན་ཚའི་རྫོང་མཁར་ནས་མི་ཚེ་གང་བོར་བཞུགས་པའི་ཕ་ལགས་ཀྱིས་ཕྱི་རོལ་ཡུལ་གྱི་གནས་ཚུལ་དང་དེའི་འགྱུར་ལྡོག་ག་ལ་ཤེས། སྔོན་ཆད་བདག་གིས་ཁོང་ཕྱི་རྒྱལ་ལ་ཐེངས་ཤིག་འགྲོ་བར་ཞུ་ཞེས་ཡང་ཡང་བཤད་པར་མ་ཟད། ཐེངས་ཤིག་ཅུང་ཟད་ཨུ་ཚུགས་ཀྱང་བརྒྱབ་མོད། ཁོང་འཐད་པ་མ་བྱུང་བས་ཐབས་ཤེས་བྲལ་སོང་། ངས་ནི་ཁོང་ཕྱི་རྒྱལ་དུ་སོང་ནས་ཤེས་རྒྱ་ཇེ་ཆེར་གཏོང་དགོས་སྙམ་པ་མིན་པར། མི་ཞིག་གི་སྐྱེ་བ་བླངས་ན་སའི་གོ་ལ་འདིའི་སྒང་གི་རྒྱལ་ཁབ་མང་པོ་ཞིག་མཐོང་ན་ད་གཟོད་རང་གི་གནས་སྟངས་ཀྱང་གསལ་བོར་རྟོགས་ཐུབ་པ་དང་། ཁོང་དང་མི་རྒན་ཚོས་ནམ་རྒྱུན་རྩོད་པ་བྱེད་པའི་དོན་དག་མང་ཤས་ཤིག་རྒྱལ་ཕྱི་དང་ནང་ལོགས་སུ་དོན་དག་ཅིག་མིན་པའང་གསལ་བོར་རྟོགས་ངེས་རེད་སྙམ་པ་ཡིན། ཡིན་ཡང་། གོ་སྐབས་དེ་ཡང་བསྐྱར་ཕྱིར་ལྡོག་བྲལ་བ་རེད། མི་ཞིག་ལ་མ་གཞི་ནས་གོ་སྐབས་མང་པོ་མི་འདུག་སྟེ། སྐབས་སོ་སོར་གོ་སྐབས་རེ་ཡོད་པ་དམ་འཛིན་བྱེད་རིགས་པ་རེད། གོང་གི་འདོད་པ་དེ་ང་ལ་མཚོན་ན་སེམས་སུ་ཅུང་ཟད་གནག་འདུག་པ་ཞིག་ཡིན་ཡང་། ཞིབ་འདང་བརྒྱབ་ཚེ། མི་ཞིག་གསོན་དུས་ཁོའི་འདོད་འདུན་ལྟར་བྱ་བ་སྒྲུབ་རྒྱུ་ཤིན་ཏུ་གཙོ་བ་ལས། ངའི་སེམས་སུ་གལ་ཆེ་ན་ཕ་རོལ་བོར་གལ་ཆེ་བ་ཡིན་པའི་ངེས་པའང་མི་འདུག་གོ ། གང་ལྟར། མི་ཞིག་སྐྱེ་བ་ལ་གནས་ལུགས་ཆེན་པོ་བརྗོད་རྒྱུ་མེད་པ་དང་། འཆི་བ་ལའང་དམིགས་བསལ་གནས་ལུགས་ཤིག་གིས་འགྲེལ་བརྗོད་ཟབ་མོ་བྱེད་རྒྱུ་མེད་པ་རེད།
སྐར་མ་༡༣པ།
རང་གི་འདོད་པའི་དབང་དུ་མ་སོང་བར་ཕ་ལགས་ཀྱི་གནས་ཚུལ་ཕྱིར་དྲན་བྱེད་རྒྱུ་ནི་ཧ་ཅང་དཀའ་ཁག་ལྡནཔ་ཞིག་རེད། རྒྱུ་མཚན་ནི། ཕའི་གནས་ཚུལ་ཕྱིར་དྲན་བྱེད་དུས་མ་མཐའ་ཡང་རང་སེམས་ཀྱི་ཕྱོགས་རེས་པའི་ཞེན་ཆགས་ངེས་ཅན་ཞིག་ཐོན་ཡོང་གི་ཡོད། ཞེན་ཆགས་དེའི་དབང་གིས་ཕ་ལགས་ཀྱི་ངོ་གདོང་དང་གཟུགས་གཞི་རྣམས་དེ་འདྲའི་བློས་མི་ཐོངས་པ་ཞིག་དུ་སྣང་བ་དང་། ད་ནས་སྐར་མ་བརྒྱད་འགོར་རྗེས། ཁོང་གི་གཟུགས་དང་དྲི་མ་ཡང་འཇིག་རྟེན་ནས་རྦད་དེ་ཡལ་བར་འགྱུར་ལ། འཇིག་རྟེན་འདིའི་སྟེང་གི་རྒྱུ་ནོར་ཡོད་ཚད་ཕུལ་ཀྱང་ཁོང་གི་གཟུགས་གཞི་ཕྱིར་ཡོང་མེད་པར་གཏན་དུ་ཡལ་འགྲོ་བ་རེད། བསམ་ཚུལ་འདི་འདྲ་ཡིད་ལ་ཕྲན་ཙམ་ཤར་ན་ཡང་སྙིང་འཚང་ནས་དབུགས་ཀྱི་རྒྱུ་བ་འགག་པ་ལྟ་བུ་བྱེད། འདི་ནི་དངོས་གནས་དྲང་གནས་ཀྱི་ཞེན་ཆགས་རེད་འདུག འདི་ལྟར་དྲན་དུས་ད་གཟོད་རང་སེམས་ལྷོད་ལ་ཅུང་ཟད་ཙམ་འབབ་ཅིང་། འདི་ཞེན་ཆགས་ཡིན་པ་རྟོགས་ཚེ་ང་ལ་ཕན་ཐོགས་མང་པོ་འབྱུང་བ་སྟེ། ཤ་ཉེ་དུ་དང་གྲོགས་སྤུན་ཟླ། མཐའ་ན་སེམས་ནས་མི་དགའ་བའི་མི་རྣམས་ཀྱང་ཤ་ཁྲག་གདོས་བཅས་ཀྱི་ཕུང་བོ་ཞིག་ཡིན་པས། ཁོ་ཚོར་འགལ་ཟླ་བྲལ་ཞིང་འགྲིག་མཐུན་འབྱུང་རྒྱུ་ནི་འཇིག་རྟེན་གསོན་ངོགས་ཀྱི་ཆེས་གལ་ཆེ་བའི་བྱ་བ་ཞིག་རེད་དྲན་དུ་འཇུག དེར་མ་ཟད། རང་ནུས་ཀྱིས་བྱ་བཞག་ལ་ཧུར་བརྩོན་བསྐྱེད་རྒྱུ་ལས་དོན་མེད་ཧམ་སེམས་སྐྱེས་པ་དང་། འབྱོར་བར་དམིགས་བསལ་ཆགས་ཞེན་འཛིན་པ། ནམ་རྒྱུན་སྐད་ཆ་མི་སྙན་པ་བཤད་པ། ག་དུས་ཡིན་ཡང་གཞན་སྐྱོན་ཁོ་ནར་ལྟ་བ་རྣམས་ནི་གསོན་པའི་རིན་ཐང་ལ་རྡོག་བརྫིས་གཏོང་བ་འབའ་ཞིག་རེད་དྲན་ལ། དེར་མ་ཟད། ཤེས་རབ་ཀྱིས་ཕྱུག་པའི་སེམས་ངོར་དྲི་མ་ནག་ནོག་བགོས་ཏེ། མ་གཞི་འོད་སྣང་སྤྲོ་མཁས་པའི་སྒྲོན་མེ་ཞིག་ལ་སྒྲིབ་ཞྭ་ནག་པོ་གཡོགས་ཀྱིན་པ་དང་ཅིས་མི་མཚུངས་ཨང་སྙམ། ཕ་ལགས་ཀྱི་འཆི་བའི་ཐད་ནས་བསམ་གཞིགས་ཤིག་བགྱིས་ན། འཇིག་རྟེན་གྱི་མཛད་རྗེས་ནི་མི་མང་པོ་མདུན་བསྐྱོད་བྱ་ཐུབ་པའི་བཤུལ་ལམ་ཞིག་བཏོད་པ་ལ་ཟེར་ཞིང་། དེ་བཏོད་ཐུབ་མཁན་གྱི་མི་ཚེ་ནི་དོན་ཡོད་རེད་སྙམ། དོན་ངོ་མར། མི་ལ་ལས་ཁྱིམ་མིར་དཔལ་འབྱོར་ངེས་ཅན་བཞག་སྟེ། བུ་རབས་ཚ་རྒྱུད་ཀྱི་འཚོ་གནས་རྒྱུན་བསྲིངས་པར་ཕན་ཐོགས་སྒྲུབ་ཡོད་པ་རེད། ང་ཚོ་མི་མང་ཆེ་བ་འདིའི་སྐོར་རེད། ཡིན་ཡང་མི་ལ་ལས་མི་རིགས་ཤིག་དང་རྒྱལ་ཁབ་ཅིག་གི་མི་དམངས་ཀྱི་འཚོ་གནས་རྒྱུན་བསྲིངས་པར་མདུན་ལམ་བཟོས་ཡོད་པ་རེད། མི་དེ་དག་ནི་རླབས་ཆེན་གྱི་མི་སྣ་རེད་འདུག དེར་མ་ཟད། མིའི་རིགས་ཀླ་ཀློར་མི་འགྱུར་བར་འདྲ་མཉམ་དང་ཞི་བདེ་ཡོང་བའི་བགྲོད་ལམ་གསར་བཏོད་བྱེད་མཁན་དེ་ནི་ས་སྒང་འདིའི་སྟེང་མིའི་རིགས་ལ་ཁ་ཕྱོགས་སྟོན་མཁན་ཡིན་འདུག་པས། དེ་ནི་མིའི་རིགས་ཀྱི་དཔལ་ཡོན་གྱི་འབྱུང་ཁུངས་ལྟ་བུར་ངེས། ཕ་ལགས་ནི་སྤྱིར་བཏང་གི་མི་སྣ་ཞིག་ཡིན་ལ། ཁོང་གིས་རི་མོར་བརྟེན་ནས་ཁ་གསོ་མཁན་གྱི་ཡུལ་མི་སློབ་མ་ཁ་ཤས་གསོ་སྐྱོང་གནང་མྱོང་བ་དང་། དེ་དག་གིས་ཁོང་གི་བཀའ་དྲིན་ཚོར་གྱི་རེད། ད་སོ་མ་ཡང་ཁོང་གི་སློབ་མ་ཐུགས་རྗེ་ལགས་ཡོང་ནས་ཕྱག་འཚལ་ཞིང་རང་དབང་མེད་པར་ངུ་བཞིན་འདུག ཁོས་ངག་མི་འཁྲོལ་བར་དགེ་རྒན་ཟེར་གྱིན་མཆིས་ལ། ངས་ཁོར་སེམས་གསོ་བྱེད་དགོས་པ་ཞིག་བྱུང་སོང་། ཁོས་དགེ་རྒན་ལ་མཐའ་མཇུག་གི་གྱེས་ཕྱག་ཞུས་པ་ནི་འདི་ལྟར་མངོན་ལྐོག་མེད་པ་ཞིག་ཡིན་ཞིང་། ཤ་ཉེ་རིང་མ་ཡིན་པའི་མིས་དེ་ལྟར་མྱ་ངན་ཞུ་བ་ནི་ཕ་ལགས་གསོན་པའི་སྐབས་ཀྱི་རིན་ཐང་མཚོན་བྱེད་ཅིག་ཀྱང་རེད།
སྐར་མ་༡༤པ།
ཕ་ལགས་ཀྱི་སློབ་གསོ་ཞིག་ནི་མིའི་རང་དབང་ལ་གཙིགས་ཆེན་བྱེད་པ་དེ་རེད། ཁོང་གི་སེམས་ཁམས་ལ་མ་གཞི་ནས་བསམ་བློའི་རང་དབང་བརྩོན་པའི་གཤིས་ཀ་ཞིག་གྲུབ་འདུག དེ་བས་ང་ལའང་ཆུང་དུས་ནས་བཟུང་རང་རྐྱ་འཕེར་བའི་བསམ་བློ་གཏོང་སྟངས་ཤིག་ཆགས་སུ་བཅུག ཁོང་གིས། བུ་ཞིག་ཡིན་ན་དོན་ཞིག་དགོས། དོན་ཞིག་མེད་ན་དོམ(བུ་ལོན)ཞིག་དགོས་ཟེར་བའི་ཨ་མདོའི་གཏམ་དཔེ་དེ་བཤད་པ་རེད། ཁོང་རྒྱལ་ཁམས་ཉུལ་རྒྱུར་དགའ་ཞིང་། ཡུལ་གྲུ་གཞན་གྱི་སྒྱུ་རྩལ་ཐོན་རྫས་ཉོས་ཡོང་ནས་ཁྱིམ་དུ་བཤམས་རྒྱུར་དགའ། དེ་དང་ཆབས་ཅིག་མགྲོན་པོ་ངོ་ཤེས་དག་ཁྱིམ་དུ་ཡོང་ན་དངོས་པོ་དེ་དག་བསྟན་ནས་ལབ་རྒྱག་རྒྱུར་ཡང་དགའ། ཡིན་ཡང་ཁོང་གིས་ལབ་རྒྱག་པ་ནི་རྒྱུ་ངོམས་བྱེད་པ་མ་ཡིན་པར་ཀུ་རེ་རྩེད་མོའི་ཁྲོད་ནས་གྲོགས་པོ་ཚོར་མིག་རྒྱ་བསྐྱེད་པ་ལྟ་བུ་རེད། ཁོང་ཀུ་རེ་རྩེད་མོ་རྩེ་རྒྱུར་ཧ་ཅང་དགའ་བས་ནམ་རྒྱུན་ཁྱིམ་དུ་མི་མང་པོས་ཁེངས་འདུག ངའི་དྲན་སྣང་དུ་མཚན་མོ་མ་གཏོགས་ཁྱིམ་དུ་བཟའ་ཚང་གང་བོ་ལྷོད་ལྷོད་ཀྱིས་བསྡད་མྱོང་བ་ཞིག་མེད་དེ། རྟག་པར་ཁོང་གི་སློབ་མ་མིན་ན་གྲོགས་པོས་ཁེངས་ཡོད། ཁོང་ཡང་གནའ་མི་གཞན་དག་དང་འདྲ་བར་གྲུབ་མཐའི་ལྟ་ཕྱོགས་ངེས་ཅན་ཡོད་པས། ཁོང་གི་ཨ་མའི་ཁྱིམ་རྒྱུད་ཀྱི་བུ་ཞིག་ཆུང་དུས་ནད་ཀྱི་དབང་གིས་བོན་པོའི་གྲུབ་མཐར་ཞུགས་ཡོད་ལ། ཁོང་གཉིས་ནམ་རྒྱུན་སྔགས་པ་དང་བོན་གྱི་རྩོད་པ་བྱེད། ཁོང་གཉིས་རྩོད་པ་བྱེད་པའང་སོ་སོའི་སེམས་སུ་གནག་གི་མེད་པར་ཕལ་ཆེ་བ་ཀུ་རེའི་ཚུལ་གྱིས་བཤད་ཀྱི་ཡོད། ངའི་དྲན་པ་ཞིག་ནི། ཕས། ང་ཚོ་ཚང་མ་ཡར་ནུབ་ཕྱོགས་བདེ་བ་ཅན་གྱི་ཕྱོགས་སུ་འགྲོ་བའི་སྐབས་སུ་ཁྱོད་གཅིག་པུ་ཁ་ཕྱིར་འཁོར་ནས་འགྲོ་བཞིན་ཡོད་པ་རེད་ཟེར་བར། བོན་པོ་ཁོང་གིས་དེ་ལན་ཏུ། རྒྱལ་ཁམས་ཤིག་ལ་དུག་ཆར་བབས་ཏེ་མི་སེར་རྣམས་སྨྱོས་མཐར་རྒྱལ་པོ་སྨྱོས་འདུག་ཟེར་བའི་གཏམ་རྒྱུད་དེ་བཤད་པ་རེད། དེ་ལྟར་ཁོང་ཚོས་ནམ་རྒྱུན་ཀུ་རེ་དང་གད་མོའི་ཁྲོད་ནས་ཉི་མ་སྐྱེལ་གྱིན་འདུག་ལ། སྒོ་ཆེན་ཕྱི་ནས་ཀྱང་ཁོང་ཚོའི་གད་མོ་དགོད་པ་ཐོས་ཐུབ། ཡིན་ཡང་། ཕ་རྒན་རྒས་ནས་ལོ་བདུན་ཅུ་དོན་དྲུག་ཙམ་ལ་སླེབས་པ་ན། ཁོང་གིས་རྣས་མི་གོ་བ་ཞིག་ཆགས་ཤིང་། ངེད་གཉིས་ཟི་ལིང་དུ་སྨན་ཁང་ལ་ཆས་པར་སྨན་པས་ཁོའི་རྣ་ཡིས་སྒྲ་མ་གོ་བ་མ་རེད། ཚིག་འབྲུ་མ་གོ་བ་རེད། དེ་ནི་ཚོར་ཤེས་ཀྱི་སྟེང་གི་ནད་ཅིག་རེད་ཟེར་ཞིང་། རྣ་ནང་དུ་སྒྲ་སྐྱེལ་འཕྲུལ་ཆས་ཤིག་མངགས། སྨན་པའི་སྐད་ཆ་དེ་དངོས་གནས་ཡིན་པ་འདྲ་སྟེ། སྒྲ་སྐྱེལ་འཕྲུལ་ཆ་དེ་རྣ་ནང་དུ་བཙུགས་ན་ཁོང་བདེ་བོ་མི་འདུག་ཟེར་ནས་གཡུགས་སོང་། དེ་ནས་ག་ལེ་ག་ལེར་ཁོང་ཕྱི་ལོགས་སུ་མི་འགྲོ་བར་ནང་དུ་འཛུལ་ནས་སྡོད་རྒྱུ་ཞིག་ལོབས་ཤིང་། རིམ་བཞིན་བོད་མིས་སྐད་དུ་ཧོན་ལོག་པ་དང་སྤྱི་སྐད་དུ་ཨེད་ཙུ་ཧེ་མོ་ཡན་ཟེར་བའི་རྒས་ནད་དེ་བྱུང་བ་རེད། ཕྱིར་དྲན་ཞིག་བྱས་ན། ཁོང་དེ་ལྟར་ཆགས་དོན་གྱི་རྒྱུ་རྐྱེན་ཛ་དྲག་ཅན་ཞིག་ནི་ངེད་ཚང་གི་ལོ་ལྔ་བཅུར་སོན་པའི་ཕུ་བོ་ཞིག་ཆང་རག་གིས་རྐྱེན་ལམ་དུ་ཤོར་ཞིང་། དེའི་རྗེས་སུ་ཡང་ཁོ་ལས་ཆུང་བའི་ཤ་ཉེ་སྤུན་ཟླ་ཞིག་གློ་བུར་དུ་འདས་གྲོངས་བྱུང་བ་སོགས་ཀྱིས་ཁོང་གི་ཀླད་ཚོར་ལ་འཕོག་ཐུག་དྲག་པོ་བཟོས་པ་ཡིན་ནམ་སྙམ། གང་ལྟར། ཁོང་གི་ཀླད་པ་རྡབ་རྡིབ་ཆགས་པའི་རྒྱུད་རིམ་རྣམས་ངས་ཕྱིར་དྲན་བྱ་མི་འདོད་པའི་ལེའུ་ཞིག་རེད།
སྐར་མ་༡༥པ།
ཕ་ལགས་ཀྱིས་མི་ཚེ་གང་བོར་ང་ལ་གཅེར་རྡུང་ཐེངས་ཤིག་ལས་བྱས་མ་མྱོང་། ང་ཞིང་གྲོང་ནས་ནར་སོན་པ་ཡིན་ལ། རྫོང་ཐོག་ཏུ་ཁོང་གི་གམ་དུ་སྐབས་རེ་འགར་མ་གཏོགས་ཡོང་གི་མེད། ཕལ་ཆེར་ང་ལོ་བཅུ་ཡི་སྟེང་རེད། དེ་ནི་སྟོན་མཇུག་ཡིན་པ་འདྲ། ཉིན་ཞིག་ང་ཉེ་ཁོར་གྱི་གྲོགས་པོ་ཚོར་འགྲོགས་ནས་ཕྱི་རོལ་དུ་འཆམ་འཆམ་ལ་ཕྱིན། ལོ་ན་ཆུང་བའི་རྐྱེན་གྱིས་ཉིན་གང་པོར་རྩེད་མོའི་ནང་མགོ་འཁོར་བར་མ་ཟད། ང་ཚོ་རྫོང་ཐོག་གི་ལས་ཁུངས་མང་པོའི་ར་བསྐོར་ནང་དུ་ཉུལ་ཞིང་། མི་ཚང་མང་པོའི་སྒོ་ཁའི་སྣོད་ཀྱི་ཁ་ཕྱེས་པ་དང་རྩག་རྩིག་དངོས་པོ་སློག་ནས་ནང་དུ་ཅི་ཡོད་བལྟས། དུད་ཁྱིམ་ཞིག་གི་སྒོ་ཁར་ཤོག་སྒམ་གྲུ་བཞི་ཞིག་བཞག་འདུག་ལ། ང་ཚོས་དེའི་ཁ་ཕྱེས་པ་ན། ནང་དུ་ཁང་བྱིའུ་བསད་པའི་རོ་གང་བཞག་འདུག ང་དངངས་སྐྲག་དང་མཚར་སྣང་སྐྱེས་ནས། བྱིའུ་རོས་ཅི་བྱེད་པ་རེད་ཅེས་དྲིས་པར། བུ་ཞིག་གིས་ཁོ་ཚོས་ཟ་བཞིན་ཡོད་པ་རེད་ཟེར། ང་གཅིག་པུ་མ་གཏོགས་གྲོགས་པོ་གཞན་དག་རྫོང་ཐོག་ནས་ནར་སོན་པ་ཡིན་པས། ཁོ་ཚོ་དེ་ལ་མཚར་སྣང་སྐྱེས་ཀྱི་མི་འདུག ང་ཚོས་དེ་ལྟར་ཉིན་ཕྱེད་ཀྱི་དུས་ཡུན་སྐྱེལ་རྗེས། སུ་ཞིག་གི་འཆར་བཀོད་འཐེན་པ་ལྟར་རྫོང་མཁར་དང་ཐག་མི་རིང་བའི་གླེ་ཆེན་སྡེ་བར་དངུལ་སྡོང་སྟེང་གི་དངུལ་སིལ་བཏོག་པར་ཕྱིན། ང་ཚོ་སྡེ་བའི་ཞིང་ཁར་སླེབས་ཤིང་སྡོང་མགོ་འགོས་ནས་དངུལ་སིལ་མང་པོ་བཏོགས་པར། ཕྱི་དྲོའི་ཉི་མའང་ནུབ་ལ་ཉེ། དེ་ནས་ཕོ་བ་ཧ་ཅང་ལྟོགས་པ་ཚོར་ཞིང་ཕྱིར་ཁྱིམ་དུ་ལོག་རྒྱུའང་དྲན་བྱུང་། ང་ཁྱིམ་དུ་ལོག་དུས། ཕ་སོགས་ཁྱིམ་མི་ཚང་མས་ཉིན་གང་ང་བཙལ་ཏེ་སྨྱོ་བ་ལྟར་ཡོད་ལ། ཕ་ནི་ཕལ་ཆེར་སྨྱོས་འདུག་པ་ལྟར་གནས། ཕས་ང་མཐོང་མ་ཐག་ཁང་པའི་ནང་དུ་དྲུད་སོང་བ་དང་ནང་ནས་སྒོ་ཟྭ་དམ་པོར་བརྒྱབ་རྗེས་འགྱིག་གི་རྒྱུ་མ་སྦོམ་པོ་ཞིག་གིས་རྐུབ་ལ་བར་མེད་དུ་གཞུས་ཤིང་། ངས་ངུ་སྐད་དྲག་པོ་བཏོན་པ་དང་ཁྱིམ་མི་རྣམས་ཀྱིས་སྒོ་ཁ་ནས་ཁྱོད་ཀྱི་བྱི་ལི་གསོད་རྒྱུ་རེད་ཅེས་སྐད་ངན་འཛེར་འཛེར་རྒྱག མཇུག་མཐར་ཕས་སྒོ་ཟྭ་ཕྱེས་པར། ངེད་ཚང་གི་རྨོ་མོ་ཞིག་གིས་ང་པང་དུ་བཟུང་ནས་སྒོར་ཁྱེར་སོང་ལ། མོས་ད་ནས་བཟུང་བྱི་ལི་ཁྱོད་ཀྱི་གམ་དུ་ཁྱེར་མི་ཡོང་ཟེར། ཨ་མས་དེ་མ་ཐག་ང་ཁུར་ནས་ཕྱིར་སྡེ་བའི་ནང་འགྲོ་བའི་སྟ་གོན་བྱས། དེ་ལྟར་ཕའི་ཁང་པའི་སྒོ་ཁར་ང་ཚོ་འུར་འུར་ཟིང་ཟིང་གིས་ཁེངས་ལ། མི་མང་པོ་དེ་གར་འདུས་ནས་ལྟད་མོར་ལྟ་བཞིན་འདུག དོན་ངོ་མར་ཕ་ལགས་ཀྱིས་རྫོང་གི་གྲུ་ག་སོ་སོར་ང་བཙལ་བར་མ་ཟད། རྫོང་མཁར་དང་རྨ་ཆུའི་བར་ཐག་ཧ་ཅང་ཉེ་བས་རྨ་ཆུ་ཁ་རིང་ཐུང་ལ་བཙལ་མཐར། ད་ནི་བུ་ཕྱིར་ཡོང་བྲལ་སོང་སྙམ་ནས་སྨྱོན་པ་ལྟ་བུ་ཆགས་འདུག་པ་རེད། གཅེར་རྡུང་དེ་ཡང་ཁོང་ལན་པ་མིན་པར་ངས་བཟོས་པ་ཞིག་རེད། ཕའི་ལག་ནས་གཅེར་རྡུང་དེ་འདྲ་ཞིག་ཉོས་ཀྱང་ངའི་མིག་ལམ་དུ་ད་ལྟའང་གསལ་བོར་འཆར་བ་ནི་ཤོག་སྒམ་ནང་གི་བྱིའུ་རོ་དེ་དག་རེད། རྫོང་ཐོག་ལ་སླེབས་ཚེ་ཞིང་གྲོང་ནས་མཐོང་མ་མྱོང་བའི་གནས་ཚུལ་མང་པོ་མཐོང་ཐུབ། ཡང་ཉིན་ཞིག་ཕས་ང་རང་ཁྲིད་ནས་རྨ་ཆུ་ཁར་ཉ་འཛིན་དུ་སོང་། ད་དུང་ཕའི་གྲོགས་པོ་རེ་གཉིས་ཀྱང་ཡོད། ཁོ་ཚོས་རྨ་ཆུའི་ནང་དུ་ཉ་རྒྱ་འཕངས་ནས་ཉ་བཟུང་ཞིང་། བཟུང་ཉ་དག་ཆུ་བླུགས་པའི་འགྱིག་ཁུག་ཆེན་པོའི་ནང་གཏོང་ལ། ང་དེ་སྲུང་མཁན་རེད། མཇུག་མཐར་ཁོ་ཚོ་མི་རེར་ཉ་རེ་ཐེམ་ཞིང་། ངས་ཕ་ཡི་ཉ་ཆུ་ཁུག་ནང་ཁྱེར་ནས་ཁྱིམ་དུ་ལོག་ཅིང་། གཞོང་བ་ཆེན་པོའི་ནང་ཆུ་བླུགས་ནས་བཏང་། ང་ཉ་ལ་ཧ་ཅང་དགའ་བོ་བྱུང་ནས་ནམ་གུང་བར་དུ་མ་ཉལ་བར་དེར་རྩེས། ཉ་དེ་ཧ་ཅང་ཆེ་བས་ངའི་ལག་པས་མི་ཟིན་པ་ཞིག་ཡོད་ལ། གཞོང་བ་ཆེན་པོའི་ནང་དུ་བཏང་ནའང་རྐྱལ་ས་ཆེར་མི་འདུག ཕྱི་ཉིན་ཞོགས་པར་ང་གཉིད་ལས་སད་མ་ཐག་ཉ་ལ་རྩེ་འདོད་ནས་ལངས་པ་ན། གཞོང་བའི་ནང་གི་ཉ་མི་འདུག ཕ་ལ་དྲིས་པར། ཕས་ཉ་མདང་ནུབ་ཤི་སོང་ཟེར། ངས་སྡེར་མའི་ནང་དུ་ཉའི་དབྱིབས་ཀྱི་རུས་པ་འདུག་པ་མཐོང་ཞིང་། ཕས་ཉ་ཤ་ཟོས་པ་ཤེས་ནས་ཧ་ལས་སོང་། ཉ་ཤ་ཡང་ཟ་ཆོག་གམ། འདི་ནི་ཧ་ལས་ཧང་སངས་པར་མ་ཟད་ཡ་ང་བའི་དོན་དག་ཅིག་ཀྱང་རེད། དེ་ནས་བཟུང་ངས་ངག་ནས་མ་བཤད་པ་མ་གཏོགས་ཕ་སོགས་ཀྱིས་ཁང་བྱིའུའི་ཤ་ཡང་ཟ་བ་རེད་སྙམ། ཡིན་ཡང་། ནར་སོན་རྗེས་གཞི་ནས་བྱིའུ་ཤ་ཟ་མཁན་ཁོ་ཚོ་མིན་པ་རྟོགས། མིའི་ཁོར་ཡུག་འགྱུར་ཚེ་ཡུལ་སྲོལ་མང་པོར་འགྱུར་བ་ཐེབས་པ་ཆོས་ཉིད་རེད། མ་གཞི་ལྷ་ས་སྡེ་བ་དང་རྫོང་གི་བར་དུ་སྤྱི་ལེ་ཉི་ཤུ་སུམ་ཅུ་ལས་མེད་ཀྱང་། ཟ་འཐུང་གི་སྐོར་ནས་ཀྱང་འདྲ་བོ་མི་འདུག ང་ཐོག་དང་པོར་ཕ་ལགས་ཀྱི་གམ་དུ་ཡོང་ཞིང་། ལས་བྱེད་པའི་ཟ་ཁང་དུ་ཟ་མ་ཟ་རུ་ཕྱིན་པར། ཕ་སོགས་མི་མང་པོའི་མདུན་དུ་ཚལ་སྡེར་ཁ་ཤས་བཞག་སྟེ་ཚང་མས་དེའི་ནང་ཐུར་མ་བརྒྱབ་ནས་ཟ་གི་འདུག ང་སྐྱུག་མེར་ལངས་ནས་ཟ་མ་ཁམ་གང་ཡང་ཟ་མ་ཐུབ། ཞིང་སྡེའི་ཁྱིམ་དུ། མི་སོ་སོར་ངོས་བཏགས་ཀྱི་དཀར་ཡོལ་ཡོད་ལ། མི་སོ་སོར་རང་རང་གི་ཐུར་མ་དང་ཁེམ་བུ་ཡོད་པས། ཟ་མ་ཟ་ན་སོ་སོའི་ཡོ་བྱད་སྤྱོད་པ་རེད། རྫོང་མཁར་གྱི་འཚོ་བ་སྐྱེལ་སྟངས་ལ་གཞན་གྱི་ཤན་ཤུགས་ཐེབས་འདུག་མོད། རྫོང་ནི་མ་མཐའ་ཡང་དེང་རབས་ཚན་རིག་དང་ཁ་ཐག་ཆེས་ཉེ་ས་ཡིན་པས་དགེ་མཚན་མང་དུ་ཡོད་པ་སྨོས་མ་དགོས། ཕ་ལགས་ལོ་ཉི་ཤུའི་སྐབས་ནས་བཟུང་རྫོང་ཐོག་གི་ལས་བྱེད་ཡིན་པས་ཁོར་ཡུག་དེའི་ནང་ནར་སོན་ཞིང་། དེ་ནས་རྒས་ལ། དེ་ནས་འདས་པ་རེད།
སྐར་མ་༡༦པ།
ད་ནི་བེམ་པོ་སྦྱིན་བསྲེག་གི་ལམ་དུ་བསྐྱོད་པར་སྐར་མ་བཞི་ལས་མི་འདུག མ་གཞི་ལྷ་ས་སྡེ་བའི་མི་འདས་གྲོངས་བྱུང་ཚེ་བེམ་པོ་བྱ་སྟོར་བྱེད་པ་སྔོན་ལ་བཤད་ཟིན་པ་ལྟར་ཀུན་གྱིས་ཤེས། ཡིན་ཡང་མིའི་ཁོར་ཡུག་ལ་འགྱུར་བ་ཐེབས་ཚེ་སྲོལ་རྒྱུན་མང་པོ་ཞིག་འགྱུར་ནས་ཡང་བསྐྱར་སྲོལ་རྒྱུན་གསར་པ་ཞིག་ཆགས་ཡོང་བ་རེད། དེ་བས་ཕ་ལགས་ཀྱི་བེམ་པོ་མེ་སྦྱིན་གཏོང་བ་འདི་ཡང་རྫོང་ཐོག་ཏུ་སྡོད་པའི་ལྷ་ས་སྡེ་བའི་སྲོལ་རྒྱུན་གསར་པ་ལྟར་དུ་བགྱིས་པ་རེད། སྡེ་བ་དང་ཚོ་བ་ཡོད་ན་སྲོལ་རྒྱུན་ཡོད་ཅིང་། སྲོལ་རྒྱུན་དང་བསྟུན་ནས་བོད་པ་ཚོས་མི་ཚེ་སྐྱེལ་གྱི་འདུག མི་སོ་སོ་འཇིག་རྟེན་དུ་སྐྱེ་བ་ནི་དེ་ལྟར་རང་བཞིན་ཞིག་ཡིན་ལ། འཆི་བའང་དེ་ལྟར་ངེས་མེད་ཅིག་རེད། གསོན་པའི་སྐབས་སུ་སྐྱེ་བ་དང་འཆི་བར་བསམ་བློ་གཏོང་མཁན་ཧ་ཅང་ཉུང་ཞིང་། མདོར་ན་དེར་བསམ་བློ་ཆེན་པོ་གཏོང་དགོས་དོན་ཡང་མི་འདུག་སྙམ། རྒྱུ་མཚན་ནི་སྐྱེ་བ་རང་བཞིན་གྱིས་གྲུབ་པ་ཡིན་ན་འཆི་བའང་རང་བཞིན་གྱིས་གྲུབ་པ་ཞིག་ཡིན་པས། སུས་ཀྱང་འགྱུར་བ་གཏོང་ཐབས་མེད། སྡེ་མི་ཚོས་སྐྱེ་ཚུལ་གཅིག་ཀྱང་ཤི་ཚུལ་མི་གཅིག་ཟེར་བ་བཞིན་ཤི་རྒྱུ་ནི་རང་གི་ལག་ཏུ་ཡོད་པ་ཞིག་མ་རེད། ཡིན་ཡང་། གསོན་པའི་དུས་ཀྱི་སྤྱོད་ལམ་ནི་ད་གཟོད་རང་གི་ལག་ཏུ་ཡོད་པ་ཞིག་ཡིན་ལ། དེའི་ནང་གཞན་ལ་སྟབས་བདེ་བསྐྲུན་པ་དང་གཞན་གྱི་ཁ་རྒྱབ་མི་འཕྲོག་པ། གཞན་ལ་གནོད་མི་སྐྱེལ་བ་ཞིག་བྱུང་ན། ཁོར་ཡུག་དེའི་ནང་ཁྱོད་གནས་པར་དོན་སྙིང་ལྡན་སྙམ་བྱུང་། ཕ་ལགས་འདས་གྲོངས་བྱུང་མ་ཐག་བདག་གི་སེམས་སུ་འཆར་བ་ནི་ཨ་ལགས་ཀོའུ་བ་ཆོས་ཀྱི་རྒྱ་མཚོ་རེད། མི་ལ་རྣམ་ཤེས་ཡོད་པར་སྨྲ་བ་བོད་དུ་དར་ཁྱབ་བྱུང་ནས་ད་ལྟའི་བར་དུ། བོད་མི་ཚོས་ཤི་བོའི་རྣམ་ཤེས་བླ་མར་བཅོལ་གྱིན་ཡོད། ཀོའུ་བ་ཆོས་ཀྱི་རྒྱ་མཚོ་ནི་༥༨ཡར་སྔོན་གྱི་བླ་སྤྲུལ་ཡིན་ལ། ཁོང་ནི་ས་སྟེང་དུ་གནས་པའི་སེམས་དཔའ་ཆེན་པོ་ཞིག་རེད། ཁོང་གིས་འཇིག་རྟེན་གྱི་གནས་ལུགས་ཡོངས་སུ་རྟོགས་ཡོད་ལ། འཇིག་རྟེན་ལས་འདས་པའི་ཐར་བའང་དོན་དུ་གཉེར་ཡོད། ཡིན་མིན་བདེན་རྫུན་གྱི་དབྱེ་བ་རྣམས་ཀྱང་ཁོང་གིས་འབྱེད་ཤེས་ལ། དུས་དང་བསྟུན་ནས་མི་སེམས་ལ་ཆོས་ཀྱི་འོད་ཀྱང་ཁོང་གིས་སྤྲོ་གཏུབ། གལ་སྲིད་ཁྱོད་ལ་ཤེས་རབ་ཀྱི་བློ་མིག་ལྡན་ཚེ་ཁོང་ནི་ང་ཚོ་མི་དཀྱུས་མ་ལས་ཡོངས་སུ་འཕགས་ཤིང་། ཐུན་མོང་མ་ཡིན་པ་ཞིག་ཡིན། ཉོན་མོངས་ཀྱི་སྨྲ་བརྗོད་ཡོངས་སུ་སྤངས་པའི་ཁོང་དྲན་མ་ཉིད་དུ་ངས་གྲོགས་ཡང་དག་ལགས་བརྒྱུད་ནས་ཁོང་གི་སྐུ་མདུན་དུ་ཆས་ཤིང་། ཕྱི་ཉིན་སྔས་མགོ་བླ་མར་ཕེབས་པའི་རེ་ཞུ་ཞུས། ཁོང་གིས་ཀྱང་མཉམ་བཞག་ངང་ཕེབས་གནང་ཡོད་པའི་ལན་གནང་། དེ་ལྟར་ཁོང་གིས་བསྟན་པ་ལྟར་དུ་ཆོས་སྒྲུབ་ཅིང་། སྐར་མའང་དེ་ལྟར་ལུགས་རྙིང་གི་ཟླ་གསུམ་པའི་ཚེས་༡༣(སྤྱི་རྩིས་ཀྱི་བཞི་བའི་ཚེས་༢༤)གྱི་ནངས་མོ་ཆུ་ཚོད་གཅིག་གི་སྟེང་བཀོད་སྒྲིག་བགྱིས་པ་ཡིན། ཕ་ལགས་གསོན་པའི་སྐབས་སུ་རང་ས་རང་ཡུལ་གྱི་དགོན་སྡེ་ལ་མོ་བདེ་ཆེན་དགོན་དང་གསེར་ཁྲི་སྐུ་ཕྲེང་གོང་མ་ཚང་ལ་རབ་ཏུ་དད་ཅིང་། ད་ལྟའི་སྤྲུལ་སྐུ་ཁོང་ཡང་སྤྱན་དྲངས་ནས་བསྔོ་བ་སྨོན་ལམ་རྒྱས་པ་ཞིག་གསུངས་པར་མ་ཟད། ཕ་ལགས་གསོན་དུས་ངོ་ཤེས་ཚུལ་དང་ཐུགས་བརྩེ་ཡོད་ཚུལ་གསུངས།
སྐར་མ་༡༧པ།
མ་ཎིའི་དབྱངས་རྟ་རིམ་གྱིས་ཇེ་ཆེར་འགྱུར་བཞིན་འདུག ནང་སྐོར་གྱི་བུ་རབས་ཚ་རྒྱུད་ཚོའང་བེམ་པོ་བཞག་པའི་ཁང་ཆུང་ནང་འདུས་བཞིན་ཡོད། ང་ལོ་ལྔ་བཅུར་སླེབས་པའི་གོ་རིམ་ཁྲོད་ནས་འདི་འདྲའི་སྣང་ངོར་ཐེངས་མང་ཞུགས་མྱོང་ལ། འདི་ལས་ཆེས་སྐྱོ་བོ་དང་ཆེས་ཡིད་སེམས་སྨྲེང་པའི་དོན་གཞན་མེད་པའང་ཤེས་ཏེ། ཕ་ལགས་ཀྱི་ལུས་པོ་ཇི་ལྟར་རེངས་ཡོད་པ་དང་། དེར་ཐུག་ན་གསོན་སྐབས་ཀྱི་རེག་བྱ་དང་རྩ་བ་ནས་མི་འདྲ་བར་དངོས་གནས་དྲང་གནས་ཆ་རྒྱུས་མེད་པའི་བྱ་དངོས་ཤིག་ལ་རེག་པ་དང་འདྲ་བ། སྙིང་ན་ཞིང་འདར་བའི་ཚོར་བ་འབྱུང་སྲིད་པ་ཡོངས་ཁྲིགས་ཁྲིགས་ཡིན། ཡིན་ཡང་། ལོ་ཆུང་དག་འཚབ་པར་དོགས་ནས་ཡིད་སེམས་ཧ་ཅང་རྣལ་ལ་བབས་པ་དང་། ད་ནི་བྱ་དངོས་སུ་གྱུར་ཟིན་པ་སོགས་ག་ལེར་སྨྲས་ཤིང་དོ་དམ་བྱས། ང་ཚོའི་སྲོལ་རྒྱུན་ལ་བུས་ཐད་ཀར་བེམ་པོར་གད་བདར་བྱ་དགོས་ཤིང་། ཤ་རུས་ཧ་ཅང་ཉེ་བ་ཚོས་ཀྱང་རེག་གཏུག་བྱ་ཆོག་པ་རེད། རས་དཀར་པོའི་ཁུག་མར་བཅུག་རྗེས། ང་དང་ནུ་བོ་གཉི་གས་མགོ་ཐད་ནས་བཟུང་། ཕའི་སྲིང་མོ་ཆེ་བའི་བུ་གཉིས་ཀྱིས་སྐེད་ནས་བཟུང་། སྲིང་མོ་ཆུང་བའི་བུ་གཉིས་ཀྱིས་རྐང་བའི་ཐད་ནས་ཁྱེར་ཏེ་ཕྱིན། བེམ་པོ་ཁྱིམ་ནས་ཁྱེར་སྐབས་བུད་མེད་དག་གིས་སྨྲེ་ངག་འདོན་སྲིད་པས། ཁོ་ཚོས་མི་ཚོར་བ་བྱ་དགོས་ལ། ལྷས་རའི་ནང་གི་གློག་རྣམས་གཟིམས་ཏེ་སྒོ་ཆེན་ལས་ཕྱིར་བུད་མ་ཐག་ཁྱོགས་སུ་བཞག་ནས་འགྲོ་ཞོར་དང་ཁ་བཏགས་ཀྱིས་ཁྱོགས་སྟེང་དུ་བསྡམས་ཞོར་བྱེད་དགོས་པ་ལས་ཤུལ་གཅིག་ཏུ་འདུག་མི་རུང་བ་ཞིག་རེད། བེམ་པོ་ཁྱེར་ཤུལ་གྱི་གནས་སུ་བྱ་ཁྱུང་གི་མཆུའི་དབྱིབས་ཅན་གཤོལ་ལྕགས་ཤིག་བལ་ཐིགས་དང་ཤུག་པས་བསྡམས་ནས་འཇོག དེ་གནའ་རབས་ཀྱི་ས་གནོན་རྒྱག་པའི་རྟགས་ཤིག་ཏུ་ངེས། ང་ཚོ་སྔོན་ལ་བཞུད་པ་ན། སྡེ་བ་ཚོ་བའི་ཕོ་གསར་རྣམས་ཀྱང་རྐང་ཐང་གིས་ཐགས་ཚད་ཅིག་གིས་ཆོད་པར་བྱས་ཏེ་གཅིག་རྗེས་གཅིག་གིས་བསྙེགས་ནས་ཡོང་བ་རེད། འདི་ལ་ང་ཚོས་སྐར་མ་བྱེད་པ་ཟེར་ཞིང་། དེར་འགྲོ་མཁན་ཚོའི་མིང་ལ་སྐར་མ་པ་ཟེར་བ་རེད། སྔོན་ཆད་སྡེ་བའི་ནང་ཡོད་དུས་ཀྱང་བེམ་པོ་རྫ་རུ་སྐྱེལ་བའི་སྐར་མ་པའི་རུ་དཔུང་ཁྲོད་ཐེངས་ཁ་ཤས་སོང་མྱོང་། རི་མགོའི་ལམ་ཕྲན་ཧ་ཅང་མི་བདེ་ཞིང་མུན་ནག་ཚ་བས་འབའ་འབུར་སྒང་གཞོང་མ་མཐོང་བར་ས་རུ་འགྱེལ་འགྲོ་བའི་གནས་ཚུལ་མང་། ཡིན་ཡང་། རྫོང་ཐོག་གི་ལམ་ནི་ཧ་ཅང་བདེ་བོ་ཡོད་པར་མ་ཟད། སྲང་ལམ་སྟེང་གི་གློག་སྒྲོན་དག་ཀྱང་སེར་ལམ་མེར་བཀར་འདུག ཁྱོགས་ཁུར་ནས་བགྲོད་པའི་སྐར་མ་པའི་རུ་དཔུང་གི་གྲིབ་གཟུགས་རིང་བོ་མདུན་རྒྱབ་ཀུན་ཏུ་འཕོག་སྟེ། ཉྭ་སུག་མང་པོ་ནག་ཤུར་ཤུར་འགུལ་སྐྱོད་ལ་བྲེལ་བ་གསལ་བོར་མཐོང་ཡོང་། ད་ནི་ནམ་གུང་གི་ཆུ་ཚོད་དང་པོར་སླེབས་ལ་ཉེ་བས། སྲང་ལམ་སྟེང་རླངས་འཁོར་རེ་གཉིས་ལས་མིའི་གྲིབ་མ་ཙམ་ཡང་མི་མཐོང་ཞིང་འཇམ་ཐིང་ངེར་གནས། དཔྱིད་ཀྱི་རླུང་བུ་ཕྲན་བུ་ཞིག་གནག་ཅིང་སྲ་བའི་རྒྱ་ལམ་ངོས་སུ་ལྡངས་ཏེ། ང་ཚོའི་རྡོག་སྒྲ་ཁྱེར་ནས་ཐག་རིང་ལ་བཞུད་འགྲོ།
སྐར་མ་༡༨པ།
པུར་བཞུའི་གོ་རིམ་ཧྲིལ་བོ་ནི་གྲྭ་པ་བདུན་གྱིས་སྦྱིན་བསྲེག་གི་ཆོ་ག་འདོན་པ་དང་། སྐར་མ་པ་དག་གིས་མ་ཎི་པད་དབྱངས་བྱས་པའི་ཁྲོད་ནས་མཇུག་རྫོགས་སོང་། གྲྭ་པ་ཚོས་སྦྱིན་བསྲེག་ཆོ་ག་འདོན་པའི་བར་དག་ནས་རྫས་སྣའི་མཆོད་པ་ཡོངས་སུ་བསྐངས་ཤིང་། པུར་བཞུའི་ལྕགས་སྒྲོམ་མིག་མདུན་ནས་ཁ་འབྲལ་རེག་བར་དུ་བསྔོ་བ་དང་སྨོན་ལམ་གྱི་ངང་དུ་གནས་ལ། བདག་གི་ཡིད་སེམས་དེ་ནམ་མཁའི་ཀློང་དང་འདྲ་བར་ཐོགས་རེག་མེད་པའི་དབྱིངས་སུ་ཞུགས། དུས་སྐབས་དེའི་གདུང་བ་ནི་ནམ་རྒྱུན་གྱི་སྐྱོ་ངལ་དང་ཡེ་ནས་མི་འདྲ་མོད། བདག་གིས་སེམས་ངོ་འཛིན་པའི་ཐོད་བརྒལ་གྱི་ལྟ་བ་ཞིག་ཡང་བསྐྱར་བློས་བསླངས་བྱས་ཤིང་། མིག་མདུན་གྱི་སྣང་ངོ་ཡོད་ཚད་འཇིག་རྟེན་གྱི་ཆེས་སྤྱིར་བཏང་གི་འགྲོ་ལུགས་དང་གྲུབ་ཚུལ། འདུ་འབྲལ། ཆོས་ཉིད་དུ་ངོས་འཛིན་བྱས། གྲང་ཤུར་ཤུར་གྱི་པུར་བཞུའི་ཁང་མིག་དེ་གར་བདག་གིས་ཕ་ལགས་ལ་ཆེས་མཐའ་མཇུག་གི་སྐྱེལ་མ་བྱས་པ་ཡིན། འཇིག་རྟེན་སྡུག་བསྔལ་ཇི་སྙེད་པའི་རྩ་བ་མ་རིག་པ་ཡི་དབང་དུ་སོང་བའི་ལྟ་བ་འདི་ཡང་དུས་སྐབས་འདི་འདྲའི་ནང་བདག་ལ་སེམས་གསོ་ཐེབས་བྱེད་ཀྱི་ལེགས་བཤད་འབའ་ཞིག་ཏུ་འདུག་ཅིང་། བདག་གིས་ནི་འཇིག་རྟེན་ཞེན་ཆགས་ཇི་སྙེད་པ། སྡུག་བསྔལ་འབྱུང་བའི་གཞི་མ་ཡིན་ཞེས་ཀྱང་རང་ལ་གསལ་འདེབས་ཡང་ཡང་བགྱི་བཞིན་ཡོད་པས། བག་ཆགས་དང་ཞེན་ཆགས་ཀྱི་ར་བ་ལས་ཐར་ཐུབ་མཁན་ཞིག་ཡིན་ན་ད་གཟོད་མ་རིག་པ་ལས་ཐར་རྒྱུར་ཧ་ཅང་ཐག་ཉེ་བོ་མེད་དམ་སྙམ་པ་བྱུང་ལ། བག་ཆགས་དང་ཞེན་ཆགས་དེ་དག་ཀྱང་རང་གི་ཁེ་ཕན་གྱི་སྟེང་དུ་འབྱར་འདུག་པས། གལ་སྲིད་རང་གི་ཁེ་ཕན་གང་ཞིག་སེམས་ནས་འདོར་དུ་མ་གཏུབ་ཚེ། དེ་ལས་བྱུང་བའི་ཚོར་བ་ཡོད་ཚད་སྡུག་བསྔལ་གྱི་རྒྱུ་འབའ་ཞིག་རེད་འདུག མཐའ་ན་གཞན་ལ་འཕོག་ཐུག་ལྡན་ཞིང་རང་ལ་ཁེ་ཕན་ཡོད་པའི་བྱ་བ་ཞིག་ལེགས་པར་གྲུབ་སྟེ། དེས་ཁྱོད་ལ་དུས་སྐབས་ངེས་ཅན་རིང་བདེ་སྐྱིད་ཅི་ཡང་ཁྱེར་ཡོང་མོད། འོན་ཀྱང་ནམ་ཞིག་གི་ཚེ་བདེ་སྐྱིད་གྱི་ངོ་བོ་འགྱུར་ནས་སྡུག་བསྔལ་དུ་འགྲོ་སྲིད་པ་བདག་གིས་མིག་མཐོང་ལག་ཟིན་དུ་རྟོགས་ཐུབ་ཀྱི་འདུག བདག་ལ་མཚོན་ན། འདི་འདྲའི་ཆགས་ཞེན་སྤོང་རྒྱུར་དཀའ་ངལ་ཆེན་པོ་མེད་ཀྱང་། ཕ་དང་གཉེན་ཉེ་དུར་ཆགས་པའི་ཞེན་པ་དེ་ནི་རྣོ་སྐུད་ཅིག་དང་འདྲ་བར་བདག་སེམས་ཀྱི་ཤེས་པ་རགས་མོས་གཅོད་ཐབས་བྲལ། དེའི་དབང་གིས་ད་ནས་བཟུང་ཕ་ལགས་མཐོང་རྒྱུ་ཡོད་པ་མ་རེད་དྲན་མ་ཉིད་དུ་སེམས་ངོ་འཛིན་པའི་ཐོད་བརྒལ་གྱི་ལྟ་ཚུལ་ཙམ་པ་དེ་ཡང་གར་སོང་ཆ་མེད་དུ་གྱུར་ཅིང་། ཟད་མི་ཤེས་སྡུག་བསྔལ་ཞིག་སྟོང་བའི་དབྱིངས་སུ་སྤྲིན་ནག་འཁྲིགས་པ་ཇི་བཞིན་ལང་ལོང་ལྡིར་ལྡིར་གྱིས་བྱུང་སྟེ། མིག་ཟུང་ལས་མཆི་མའང་འཛད་མེད་ཅིག་ལྷུང་ཡོང་། སྨན་ཁང་དུ་ཕ་ལགས་ངའི་གམ་ནས་བལྟས་བལྟས་ལ་གྲོངས་དུས་འདི་ལྟ་བུའི་མིག་ཆུ་བཞུར་མ་སོང་། སྐབས་དེར་ངའི་སེམས་ཧ་ཅང་ལྷིང་འཇགས་ཤིག་ཏུ་སྣང་། ཡིན་ཡང་། སྐབས་འདིར་ཕྱིར་དྲན་བྱས་ན་དེ་ནི་ལྷིང་འཇགས་སུ་གནས་པ་མིན་པར་རེ་ཞིག་ལ་བདག་གི་སེམས་ཀྱི་འཁོར་རྒྱུན་ཞིག་ཆད་སོང་བ་འདྲ།
སྐར་མ་༡༩པ།
ལོ་གྱ་གཅིག་གི་སྟེང་ཕ་ལགས་ཀྱི་མི་ཚེ་ལ་རྫོགས་ཚིག་བཀོད་པ་རེད། ཕ་ལགས་ནི་གནའ་མི་ཡིན་ལ། ཁོང་འདས་གྲོངས་བྱུང་བ་འདིས་བོད་ཀྱི་གནའ་བོའི་དུས་རབས་ཀྱི་མཇུག་བསྡུ་བཞིན་པ་མཚོན་གྱི་འདུག ཁོང་༡༩༤༡ལོའི་སྤྱི་ཟླ་༢པའི་ཚེས་༡ལ་སྐྱེས་ཤིང་༢༠༢༡ལོའི་སྤྱི་ཟླ་༤པའི་ཚེས་༢༠ཡི་ཕྱི་དྲོའི་དུས་ཚོད་༦:༡༠ཙམ་ལ་ཚེ་འཕོས་སོང་། རང་གི་ཕ་གྲོངས་ཚེ་མི་སུ་ཞིག་ཡིན་ཡང་སེམས་སུ་སྡུག་བསྔལ་མེད་པ་ག་ལ་སྲིད། ཡིན་ཡང་། སྡུག་བསྔལ་ནི་སྡུག་བསྔལ་གྱི་ངང་དུ་འཇོག་པ་ལས་དེའི་ནང་རོལ་སྔོག་ཚེ་ཕ་ཡི་དྲིན་དྲན་པ་དང་རང་གི་དྲིན་གཟོས་ལོངས་མེད་པ། འཇིག་རྟེན་སྟེང་གི་བདེ་སྐྱིད་མང་པོ་ཁོང་གིས་རོལ་མྱོང་མེད་པ། ཁོང་ད་དུང་ལོ་ཤས་བཞུགས་ནས་དགའ་དགའ་སྤྲོ་སྤྲོའི་འཚོ་བ་རོལ་ན་ཅི་མ་རུང་སྙམ་པ་སོགས་ཡོད་ལ། དེ་དག་ཐམས་ཅད་སྒེར་སེམས་ཀྱི་ཞེན་པ་ཞིག་ལ་བརྟེན་ནས་བྱུང་གི་འདུག འཆི་བ་ལ་མི་རིགས་མང་པོས་འགྲེལ་བརྗོད་བྱས་འདུག་སྟེ། ལ་ལས་འཆི་བ་ནི་ལྷས་མིའི་རིགས་ལ་གནང་པའི་རྙེད་དུ་མེད་པའི་ལེགས་སྐྱེས་ཤིག་ཡིན་ཟེར། ལ་ལས་འཆི་བ་ནི་རང་བྱུང་ཆོས་ཉིད་ཡིན་པས་བཟློག་ཏུ་མེད་ཟེར། ལ་ལས་འཆི་བ་ནི་ལུས་རྟེན་གསར་པ་ལེན་པའི་སྒོ་ཆེན་ཞིག་ཡིན་ཟེར། གང་ལྟར་མིའི་རིགས་ཀྱིས་འཆི་བར་ལྟ་ཚུལ་ངན་པ་ཞིག་འཛིན་གྱིན་མེད་པར། འཆི་བར་བརྟེན་ནས་ད་གཟོད་མིའི་རྣམ་པར་ཤེས་པ་རྒྱུན་སྐྱོང་གི་ཡོད་པས། འཆི་བ་ནི་ཆེས་མཛེས་སྡུག་ལྡན་པ་ཞིག་རེད་ཅེས་བསམ་གྱིན་འདུག བདག་ལ་མཚོན་ན། འཆི་བ་ནི་དུས་རྟག་པར་རྡོག་ཐོན་བྱེད་རྒྱུར་སྟ་གོན་ཨང་གསར་བགྱི་བའི་དྲན་སྐུལ་ཅིག་དང་འདྲ། འཆི་བ་ནི་གཡོལ་དུ་མེད་པའི་འཛུལ་སྒོ་ཞིག་ཡིན་པས། འཆི་བར་ཞིབ་འཇུག་བྱ་རྒྱུ་མེད་པ་སྟེ། འཆི་བ་ནི་དང་ལེན་ཞིག་རེད། འཆི་བ་མ་སླེབས་པའི་སྔ་རོལ་ཏུ་ཚེ་སྲོག་གི་རིན་ཐང་བེད་སྤྱོད་གང་ལེགས་བཏང་སྟེ། མི་སུ་དང་འཕྲད་ན། བག་ཡངས་དང་ཀུ་ཡངས། འཛེམ་དོགས་མེད་པར་འཛུམ་མདངས་གྲོལ་ཐུབ་པ། ཉེ་བའི་མི་ཚོར་བློ་གཏོད་རུང་པའི་བདེ་འཇགས་ཀྱི་ཁོར་ཡུག་ཅིག་བསྐྲུན་རྒྱུ་གལ་ཆེན་པོ་ཉིད་རེད། སྤྱིར་བཏང་བསམ་ཚུལ་འདི་ཁ་གཡང་ལྟ་བུ་ཡིན་མོད། བདག་གི་འདོད་འདུན་ནི་དེ་འདྲ་ཞིག་ཡིན་ཕྱིན། ནམ་རྒྱུན་དེའི་ཕྱོགས་སུ་གོམ་པ་རེ་རེ་བཞིན་བསྐྱོད་ཀྱིན་ཡོད།
སྐར་མ་༢༠པ།
མཇུག་མཐར། བདག་ལ་སྐད་ཆ་ཚིག་གཅིག་ཞུ་རྒྱུ་ཡོད་པ་ནི། བོད་མི་སུ་ཞིག་གིས་རང་གི་ཕ་འདས་གྲོངས་བྱུང་བའི་དྲན་ཚུལ་བྲིས་པ་མཐོང་རྒྱུ་དཀོན་པོ་ཡིན་པ་འདྲ། གཅིག་བྱས་ན། སྲོལ་རྒྱུན་གྱི་དབང་གིས་འདས་པོའི་མིང་ཡང་གླེང་མི་རུང་བ་ལ་བརྟེན་ནས་སྡུག་བསྔལ་ཅི་ཡོད་ཁོང་དུ་མནན་ཏེ་ཚང་མ་ཁུ་སིམ་མེར་གནས་པ་ཡིན་ཡང་སྲིད། དེ་ལྟར་ན། བདག་གིས་ལུགས་སྲོལ་ལ་རྒྱབ་འགལ་ལྟ་བུ་བྱས་འདུག་མོད། འོན་ཀྱང་། འདི་ལྟ་བུའི་ཚོར་སྣང་ཞིག་དངོས་སུ་བྲིས་པ་ནི། ཕ་ལགས་ལ་དྲན་རྟེན་གྱི་ཚུལ་ཡིན་ཞིང་། འདིས་ཕ་ལགས་ཀྱི་སྣང་བརྙན་ད་དུང་བདག་གི་ཡིད་ངོར་གནས་སུ་བཅུག་སྟེ། སྐབས་རེར་རྩོམ་ཡིག་འདི་བཀླགས་ཚེ་ཕ་ལགས་རང་གི་ཉེ་གམ་དུ་གནས་པ་ལྟ་བུའི་དྲན་པ་མི་བརྗེད་པར་བྱེད་པ་ཞིག་ཡིན། དོན་ངོ་མར་བསམ་ཚུལ་འདི་ནི་ཐབས་ཤེས་བྲལ་བའི་ཐབས་ཤེས་ཤིག་ཡིན་པ་བདག་གིས་རྟོགས་མོད། མ་གཞི་ནས་སེམས་ཁམས་ཁེར་རྐྱང་ཡིན་པའི་བདག་ལ་མཚོན་ན། རྩོམ་ཡིག་འདི་ཙམ་གྱིས་ཀྱང་ཡིད་སེམས་ལ་དྲོད་རླབས་ཕྲན་བུ་འབྱུང་སྲིད་པ་ཡིན། མཇུག་མཐར། བདག་གི་རྩོམ་ཡིག་འདི་ཀློག་མཁན་ཚོར་ལུས་ལ་ན་ཚ་མེད་ཅིང་སེམས་ལ་སྡུག་བསྔལ་བྲལ་བའི་སྨོན་ལམ་དང་བཅས། ༢༠༢༡ལོའི་ཟླ་༥པའི་ཚེས་༦བཟང་པོར་རྫོགས་པར་བྲིས། །