ཀྲུང་གོ་བོད་ཀྱི་དྲ་བ།

སྒྱུ་རྩལ་དང་སྒེར་གཤིས།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : གཙང་དྲག་ཆར།   སྤེལ་དུས། : 2021-04-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

——《ཟླ་བ་དང་སྒོར་ཟུར་དྲུག》བཀླགས་པའི་མྱོང་དཔྱད།

དུས་དང་དུས་མ་ཡིན་པས་ཀུན་གཞིའི་ངོ་བོར་སྤྱི་ཚོགས་ཀྱི་དུད་དྲེག་ཆགས་འཇུག་གི་ཡོད་ཀྱང་། རྒྱུད་ལ་དཔེ་ཀློག་གི་དྲན་པ་ཡང་ཡང་བསྟེན་ནུས་པའང་། ང་ལ་ཕུགས་རེའི་ཁ་དོག་གཅིག་པའི་དགེ་གྲོགས་འགའ་ཡོད་པའི་བསོད་ནམས་ཀྱིས་ཡིན་པར་འདོད་ལ། དོན་ལ་ཡང་། ཁེར་རྐྱང་ངང་། གྲོང་ཁྱེར་གྱི་གྲུ་ཟུར་གང་རུང་ནས། ཟང་ཟིང་ལ་ཡིད་རབ་ཕྱོགས་པའི་དང་ཁ་ཤིན་ཏུ། རབ་ཏུ་འགག་ཚེ། བདག་ལ་དཔེ་དེབ་ལས་གཞན་པའི་གཏན་གྲོགས་དང་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཞིག་ཕལ་ཆེར་མེད་ཚོད་རེད།

ཁོ་བོ་དངོས་གཞིའི་སློབ་མཐར་ཕྱིན་ནས་ད་བར། གསར་རྩོམ་ལ་སྒོ་ཀུན་ནས་ཞུགས་ཀྱང་། སྤྱི་ཚོགས་ཀྱི་ལས་རིགས་ཁྲོད་གོམ་པ་སྤོས་པ་ནས། སྒྱུ་རྩལ་བརྩམས་ཆོས་ལ་ལྟ་བའི་དང་ཁ་རིམ་གྱིས་འགག་པའང་། ངས་གསར་རྩོམ་གྱི་གོམ་མཚམས་བཞག་པ་མི་མཚོན་པར། དེ་ལས་ལྡོག་སྟེ། གཞན་གྱི་བརྩམས་ཆོས་ལ་བལྟས་དྲགས་ན། རང་གི་རྩོམ་གཤིས་འགྲུབ་པར་གནོད་ཀྱིས་དོགས་པས་སོ། །གཞན་དུ་ན། འུ་ཅག་ཕལ་མོ་ཆེས། གསར་རྩོམ་གྱི་ལས་ལ་འཇུག་མཁན་ཞིག་ཡིན་ཕྱིན། དེས་འཛམ་གླིང་ཤར་ནུབ་ཀྱི་སྒྱུ་རྩལ་བརྩམས་ཆོས་ལ་ཡང་ཡང་བལྟ་དགོས་པར་འདོད་ཀྱང་། འུ་ཚོས་སྒྱུ་རྩལ་བརྩམས་ཆོས་ལས། རིག་ཚན་མང་པོ་ཞིག་རྣམ་པར་བཅད་ན། དེའི་སྒེར་གྱི་མཛེས་རྟོག་དང་མི་ཚེའི་ལྟ་བ། འཇིག་རྟེན་གྱི་ལྟ་བ། རིན་ཐང་གི་ལྟ་བ་སོགས། རང་གི་ཚད་ཐིག་ཏུ་བཞག་པའི་རྒྱ་མཐོང་ལས་བརྒལ་བར་མི་འགྱུར་བས། དེས་བྲིས་པའི་བརྩམས་ཆོས་ཀྱང་། རོལ་དབྱངས་བསྐྱར་དཀྲོལ་བྱེད་པ་དང་ཀུན་ནས་མཚུངས་སོ་སྙམ།

ཉེ་བའི་ལོ་འདི་འགར།《སྤྲིན་དཀར་ལམ་རྙིང》དང་། 《མི་ལའི་རྣམ་མགུར》 《ཝར་ཏེན་མཚེའུ》 《ཟླ་བ་དང་སྒོར་ཟུར་དྲུག》གིས་མཚོན་པའི་དབེན་པ་བརྟེན་པའི་སྐྱེས་བུ་འགའི་བརྩམས་ཆོས་ལ་བལྟས་པས། རང་ཉིད་ཀྱང་ཁུ་སིམ་པའི་འཚོ་བར་ཡིད་རབ་ཕྱོགས་མགོ་བརྩམས་ཏེ། ཟླ་ཤས་ཤིག་མི་མེད་ལུང་སྟོང་ཞིག་ལ་དཔེ་ཀློག་ཁོ་ནས་དུས་འདའ་བར་བྱེད་དོ་སྙམ་པའི་བློ་ཤོམ་ཡང་སྐྱེས། དེ་ལྟར་ངས་ཀྱང་། ང་དང་ང་ལྟ་བུས་སྤྱི་ཚོགས་ཀྱི་ཐེམ་པ་བརྒལ་བ་ནས་ད་བར་བྲིས་པའི་བརྩམས་ཆོས་ཀྱི་གྲངས་འབོར་དང་། སྤུས་ཚད། ཚོར་བའི་རྒྱུན་བཅས་ལ་ཉིན་བསམས་ལངས་དྲན་བྱས་པས། མཐར་བསྡོམས་འདི་འདྲ་ཞིག་བྱུང་སྟེ། ཁོ་བོས་རྣམ་པ་ཀུན་ཏུ། འཚོ་བའི་ཟུར་རམ་སྣེ་མང་པོ་ཞིག་དེབ་བམ་གློག་བརྙན་གྱི་ཁྲོད་ནས་མཇལ་བའམ་ཟབ་འཇུག་ཐུབ་པར་འདོད་ལ། དེབ་མང་པོ་བཀླགས་པ་བརྒྱུད་རང་གི་རྣམ་པར་རྟོག་པའི་སྒོ་ཡངས་པོར་ཕྱེ་ནས། བརྩམས་པའམ་བརྩམ་པར་འགྱུར་བའི་སྙན་ངག་གི་བརྗོད་བྱ་རྗོད་བྱེད། སྒྱུ་རྩལ་གྱི་ཐབས་འཕྲུལ་སྣ་མང་གཏིང་ཟབ་ཅན་དུ་བཏང་ཆོག་པར་འདོད་མོད། ཀེ་ཐེར(Goethe)གྱིས། འཚོ་བར་ཟབ་ཞུགས་བགྱིད་པ་ནི། སྒྱུ་རྩལ་བརྩམས་ཆོས་ཀྱི་ཉེ་རྒྱུ་བཙལ་འཚོལ་བགྱིས་པ་དང་འདྲ་བས། ཉིད་ནས་ཁུ་སིམ་མེར། ཟང་ཟིང་གི་འདུ་འགོད་ལས་རིང་དུ་གྱེས་ཏེ། སྙན་ངག་ཡིད་ཚིམ་པ་རེ་བྲི་འདོད་པ་ནི་ནར་མ་སོན་པའམ་གོ་འཛོལ་ཆེ་བའི་བྱིས་བློ་ཞིག་ལས་སྒྱུ་རྩལ་པ་ཞིག་ལ་མངའ་བའི་ཤ་མིག་དེ་མིན་པར་བཞེད་ལ། དེས་བྲིས་པའི་སྙན་ངག་ཀྱང་ནམ་མཁའི་འཇའ་གུར(空中楼阁)ཙམ་དུ་འདོད། དོན་ལའང་། སྙན་ངག་ཅེས་པ་འདི་འཚོ་བའི་ཆགས་སྡང་རེ་རེ་ནས་ཡོང་དགོས་པ་བདེན་མོད། བགྱི་བ་དེར་སེམས་རྣལ་ལ་ཕབ་སྟེ་ཡིག་འབྲུ་རེ་རེར་མནོ་བསམ་གྲངས་མེད་བསྐོར་དགོས་པ་ལས། ཟང་ཟིང་གི་འདུ་འགོད་ལས་རྙེད་དུ་རུང་བ་ཞིག་གཏན་ནས་རེད་མི་འདུག་སྟེ། ན་གཞོན་མང་པོ་ཞིག་གིས་སློབ་ཆེན་གྱི་སྐབས་སྙན་ངག་ཕོན་ཆེན་བྲིས་ཀྱང་། ལས་གནས་སམ་སྤྱི་ཚོགས་ཀྱི་གད་སྙིགས་ཁྲོད་རང་དོན་ཉི་ཚེ་བ་རེར་མགོ་འཁོར་བ་ནས་བཟུང་། སྙན་ངག་ལ་རྫོགས་ཚིག་བཀོད་པ་ཉུང་ཉུང་མིན་པ་དག་ལས་ཤེས་སླའོ། །དེ་ཡང་སྤྱི་ཚོགས་དང་ལས་རིགས་ལ་ཡོངས་སུ་ཁ་གཡར་དུ་མེད་དེ། མི་དེར་སྒྱུ་རྩལ་ནི་འཚོ་བ་སྐྱེལ་སྟངས་ཤིག་གམ་སྒྱུ་རྩལ་གྱི་ཀློང་ནས་འཚོ་བ་སྐྱེལ་བའི་སྙིང་སྟོབས་མེད་པར། དེས་སྒྱུ་རྩལ་ནི་འཚོ་བའི་སྣེའམ་ཟུར་ཞིག་གི་སྟོང་ཆ་འགེངས་བྱེད་ཙམ་དུ་ལྟ་བའི་ལོག་པར་གཡེམ་པའི་བརྟུལ་ཞུགས་བཟུང་བས་སོ། །

མི་མང་པོ་ཞིག་གིས། སྒྱུ་རྩལ་པ་ཞིག་ཡིན་ཚེ། དེ་ནི་ཐ་མག་འཐེན་པའམ། ཆང་འཐུང་བའམ། ལོག་པར་གཡེམ་པ་སོགས་སྤྱོད་པ་འཆལ་བའི་རང་བཞིན་དུ་འདོད་ལ། དོན་དུ་ཡང་། འཛམ་གླིང་རྩོམ་བྱུང་ལོ་རྒྱུས་ལ་བལྟས་ན། སྒྱུ་རྩལ་པ་མང་པོ་ཞིག་ནི། བཟའ་འཐོར་ཐེངས་མང་བྱས་པ། ཉལ་ཐ་འཐེན་པ། སྤྱི་ཚོགས་ཀྱི་ལྡོག་ཕྱོགས་སུ་འགྲེང་བ་སོགས་སོ་སྐྱེ་ཕལ་པའི་མིག་ནང་དུ་མི་ཤོང་བའི་སྦྱོར་བ་སྣ་ཚོགས་སྤེལ་མཁན་བྱུང་མོད། འུ་ཅག་གསར་རྩོམ་གྱི་ལམ་ལ་ཕྱོགས་དུས། ཁོ་ཚོའི་སྒེར་ཚུགས་དང་བློས་གཏོང་། སྙིང་སྟོབས་བཅས་ནི་ད་གཟོད་བླང་བར་བྱ་བའི་གཞི་ལས། དེ་དག་གི་ཕྱི་ལ་ཁྱི་བཞིན་འབྲང་ཕྱིར། ཕྱིའི་བྱ་སྤྱོད་ལ་ལད་མོ་བྱེད་པ་ནི། རང་ཉིད་ཕྱི་ཚུལ་དེ་དག་གི་གྲིབ་གཟུགས་ནང་འཚོ་བར་འདོད་པ་ཙམ་ལས། དེ་དག་ལ་ཡེ་ནས་བདོག་པའི་ནང་སེམས་ཀྱི་དག་ཞིང་ལ་བློ་སྦྱོང་བྱ་མ་ཐུབ་ཚེ། འུ་ཅག་གཟིག་ལྤགས་བཀབ་པའི་བོང་བུ་ཞིག་ཏུ་འགྱུར་རྒྱུ་ལས་མེད་དོ། །འོ་ན། ཚུལ་ཇི་ལྟ་བུའི་སྒོ་ནས་བློ་སྦྱོང་བགྱི་ཞེ་ན། སྒྱུ་རྩལ་བརྩམས་ཆོས་ཀྱི་ཉེར་ལེན་ཏེ། རང་གི་རྣམ་པར་རྟོག་པའི་ཤེས་རབ་ལ། དཔེ་ཀློག་དང་བསམ་གཞིག་གི་འཇིག་རྟེན་ཡང་ཡང་ཕྱེ་ནས། རང་གི་བརྩམས་ཆོས་ལས་སྒེར་གཤིས་མངོན་པར་བྱ་བའི་དངོས་རྒྱུ་བཙལ་འཚོལ་བགྱིད་པ་ནི་གནད་ཀྱི་དམ་པའོ། །དེ་ལས་ལྡོག་སྟེ། ཕྱི་ཚུལ་བཅོས་བཅོས་མང་བ་ནི། ངེས་དོན་གྱི་སྒྱུ་རྩལ་པར་རང་ཆས་སུ་བདོག་པའི་སྒེར་གཤིས་མིན་པའང་ཤེས་གལ་ལོ། །

གནའ་བོའི་དུས་སུ། མཁས་བླུན་གྱི་དབྱེ་བ་བརྩམས་ཆོས་རང་སྟེང་ནས་འབྱེད་པ་ལས། ཕོ་སུ་རྒོད་དང་། རྟ་སུ་མགྱོགས་ཀྱིས་རྩོམ་པའི་ཆོ་ལོ་ལེན་པའི་སྲོལ་མེད་ཚོད་དུ་འདུག་ཀྱང་། “མོ་བཙུན་ངོ་ཚའི་གཡང་ལུག་བུད”པའི་བརྡ་འཕྲིན་དུས་རབས་འདིར། བརྡ་དང་ཐ་སྙད་ཙམ་ལ་ཡང་རྨོངས་ཤིང་། ལོ་རུང་དང་ལོ་རུང་མིན་པའི་བརྩམས་ཆོས་ཇི་སྙེད་ཅིག མི་ཤུགས། རྒྱུ་ཤུགས་ལ་བརྟེན་ནས་དྲ་ཐོག་དང་དུས་དེབ་ཁག་ནས་མེ་ལས་དབལ་ཚ། ཆུ་ལས་རྦབ་དྲག་པའི་སྒོ་ནས་འུར་གྱིན་འདུག་ལ། དེ་ལས་ཉེན་ཚབས་ཆེ་ཞིང་ཡིད་སྐྱོ་བའི་ངང་ཚུལ་ཏེ། རང་གི་བརྩམས་ཆོས་ལ་འདེམ་ཤོག་འཕེན་རོགས་ཞེས་དྲ་ལམ་དུ་སློང་མོ་བྱེད་པ་དེའོ། །དངོས་གནས་ལགས་ཏེ། གྲོགས་ཚོམས་ནས་འདི་ལྟའི་སྦྱོར་བ་རྩོམ་མཁན་གྱི་རྩོམ་པ་པོ་རེ་མཐོང་དུས། དེའི་རྩོམ་ཆོས་ལ་དོ་སྣང་བགྱིད་པའི་ཡི་ག་རྨང་ནས་འགག་ཅིང་། “མི་མཁས་པ་མི་བྲིན་ཁྲེལ་མེད་བྲིན”པའི་དུས་རབས་འདིར་བསམས་ཤིང་བསམས་ཚེ། མདུན་ངོས་སུ་བདོག་པའི་དངོས་པོ་ཐམས་ཅད་ལ་ལྟ་བའི་ཤེས་རབ་ཀྱི་མིག་ཀྱང་མོག་མོག་པོར་བྱེད་དོ། །

སྨྲ་བྱེད་ལྗགས་ཀྱི་རྩེ་མོར་གཡོ་བའི་དུས་ཚོད་ཀྱི་ཆུ་ཟིལ་དག རྣམ་པ་ཀུན་ཏུ། འུ་ཚོས་འཚོ་བའི་གྲུ་ཟུར་རེ་ནས་མི་འདོད་བཞིན་དུ་ཁྱུར་མིད་གཏང་དགོས་པའང་། སྒྱུ་རྩལ་གྱི་བློ་སྦྱོང་ངམ་སྒེར་གཤིས་དམན་པས་རེད་འདོད་ལ། ལུས་དང་། ངག་དང་། ཡིད་གསུམ་གྱི་ཚོར་གདུང་སྟེ། དགའ་སྐྱོ་ཆགས་སྡང་གི་སེམས་བྱུང་དག རྣམ་རྟོག་གི་འདུ་འགོད་ལས་རིང་དུ་བརྒལ་ནས། སྒྲའི་བརྗོད་རིགས་སུ་གྱུར་མ་གྱུར་ཅི་རིགས། སེམས་ཀྱི“མཐོང་ལམ”ཟིན་པར་བྱས་ཚེ། མི་དེར། སྐྱེ་དང་། རྒ་དང་། ན་དང་། འཆི་བ་སོགས་ཀྱི་འཆིང་ཐག་ལས་རིང་དུ་གྲོལ་ཏེ། ཞི་བ་མྱང་འདས་ལ་ཇི་མི་སྙམ་པར། “ལུས་ཀྱི་བུམ་པ་གར་འདྲིལ་བར། །སེམས་ཀྱི་ཆུ་བོ་དེ་རུ་འབོ”བར་འདོད་པའི་བློ་སྟོབས་ནི་ཅི་འདྲའི་རླབས་ཆེ་བ་ཞིག་རེད་ཨང་སྙམ།

འུ་ཅག །རི་ཁ་བ་ཅན་གྱི་སྒྱུ་རྩལ་བརྩམས་ཆོས(སྒྲུང་གཏམ)ཀྱི་མུན་སྐལ་ཏེ། དུས་རབས་ཉི་ཤུ་པའི་དུས་མགོར། དབྱིན་ཇིའི་སྒྲུང་གཏམ་པ་མོའོ་མུའུ(Maugham)ཡིས་བརྩམས་པའི་སྒྲུང་རིང《ཟླ་བ་དང་སྒོར་ཟུར་དྲུག》ཅེས་པ་འདི། ཁོ་བོས་ཐེངས་གཉིས་ལ་བཀླགས་སྐལ་བྱུང་སྟབས། སྒྲུང་དེ་བཀླགས་བཀླགས་པའི་མཐར། དེ་ནི་སྒྲུང་ཙམ་ཞིག་མིན་པར། རྩོམ་པ་པོས་འུ་ཅག་ལ་སྒྱུ་རྩལ་པ་ཞིག་ལ་ལྡན་དགོས་ངེས་ཀྱི་ཐོག་མའི་བག་ཆགས། བར་གྱི་བློ་སྦྱོང་། མཐའ་མའི་བློས་གཏོང་སོགས་ཟ་དང་ཟུར་ནས་བསྟན་པར་མ་ཟད། མདོར་ན། ཀུན་གཞིའི་གཏིང་རིམ་དུ་སིམ་པའི་སྒྱུ་རྩལ་གྱི་འཚོལ་སྙེག སོར་སྐྱེའི་བློ་ཡུལ་ལས་འགོངས་ཏེ། དེས་བྲིས་པའི་རི་མོ་ལ་ཡང་། སྒྱུ་རྩལ་བརྩམས་ཆོས་ལ་སྤྱན་དཀྱུས་ཡངས་པའི་རི་མོ་བ་སི་ཐེ་ལོའོ་ཧྥུའུ་གཙོས་མི་རེ་ཟུང་ཞིག་ལས། ཁོང་གི་བརྩམས་ཆོས་ལ་མིག་ཟུར་ཙམ་ཡང་ལྟ་མཁན་བྱུང་མེད་ཀྱང་། “མཐེ་བོང་རི་བརྩེགས་དང་ཁ་གཡང་མཚོ་བསྐྱིལ་གྱི”ཟླ་རུ་མ་སོང་བར། གཞན་གྱི་གྲིབ་གཟུགས་སུ་འཚོ་བའི“མངོན་དགའི་ཞིང་ཁམས”ལས་རིང་དུ་ཕྱོགས་ཏེ། ཁུ་སིམ་མེར་གསར་རྩོམ་ལ་སྒོ་ཀུན་ནས་འཇུག་པར་བྱེད། འོན་ཀྱང་། ཁོང་གི་སྨྲ་བརྗོད་དང་བྱ་སྤྱོད་སོགས་ལ། མི་མང་ཆེ་བས། ལོག་པར་ལྟ་བ། ངག་འཁྱལ་སྨྲ་བ། སྡང་སེམས་འཆང་བ་སོགས་བྱེད་ཀྱང་། རྗེ་མི་ལས། ཤ་ཡང་ཕར་ཚ་ཚུར་ཚ་རེད། ཞེ་ཡང་ཕར་ཁྲེལ་ཚུར་ཁྲེལ་རེད། ཅེས་པ་ལྟར། ཁོ་ཚོའི་མིག་ལམ་དུ་ཡང་འུ་ཚོའི་བྱ་སྤྱོད་མང་པོ་ཞིག་ཤོང་དཀའ་བའམ་སྙིང་རྗེའི་ཡུལ་དུ་མ་གྱུར་པའི་ངེས་པ་གཏན་ནས་མེད་དོ། །

རྩོམ་པ་པོས། འབོད་པའི་ཐ་སྙད་དང་པོ་སྟེ“ང”ཡིས་སྒྲུང་གཏམ་དེའི་སྐུད་སྣེ་བསྲིངས་འདུག་ལ། དོན་ལ་ཡང་། “ང”ནི་དེའི་ཁྲོད་ཀྱི་སྒྲུང་འབྲི་མཁན་ཙམ་མ་ཟད། སི་ཐེ་ལི་ཁེ་ལང་གཞན་ཞིག་ཡིན་པའང་བརྩམས་ཆོས་ཀྱི་ཐོག་མཐའ་བར་གསུམ་ལས་ཤེས་སླའོ། །རྩོམ་པ་པོས་སྒྲུང་འདིར་མི་སྣ་འདི་འདྲ་ཞིག་བཞེངས་པའི་དགོས་ཆེད་ཀྱང་། ཁོང་དང་དུས་རབས་གཅིག་ནང་སྐྱེས་པའི་ཧྥ་རན་སིའི་འཆར་སྣང་རིང་ལུགས་ཕྱི་མའི་རི་མོ་པ་བོའོ་ལོའོ•ཀོའོ་ཀེན(Paul Gauguin)གྱི་མི་ཚེའི་འཚོ་བ་དེ། 《ཟླ་བ་དང་སྒོར་ཟུར་དྲུག》ནང་གི་མི་སྣ་གཙོ་བོ་སི་ཐེ་ལི་ཁེ་ལང་གི་སྟེང་དུ་འཕོས་བཅུག་སྟེ། དེར་རྩོམ་པ་པོའི་བསམ་བཀོད་ལྟར་ལས་སྣོན་བགྱིས་པ་དང་ཤིན་ཏུ་ཆ་འདྲ་བ་སྣང་། གཞན་ཡང་། སི་ཐེ་ལི་ཁེ་ལང་དང“ང”གཉིས་གཞི་གཅིག་ཏུ་སྦྲེལ་བའི་རྟོག་པའི་འཕོ་རིམ་ནི། སེག་མོན་ཏི་ཧྥུ་རོ་ཨེ་དྷིའི(Sigmund Freud)གཞུང་ལུགས་སྟེང་གི་མི་གཤིས་ཀྱི“ངོ་བོའི་བདག”(本我)དང“ཉིད་ཀྱི་བདག”(自我)“འགོངས་པའི་བདག”(超我)གི་བར། གཅིག་ཚབ་གཅིག་གིས་བྱེད་པ་དང་གཅིག་མགོ་གཅིག་གིས་གནོན་པར་འགལ་བའམ་འཁོན་པའི་ཚུལ་གྱིས་གནས་ཤིང་། སི་ཐེ་ལི་ཁེ་ལང་གི་ངོ་བོའི་བདག་ལ་རྩོམ་པ་པོའམ“ངའི”ཉིད་ཀྱི་བདག་དང་འགོངས་པའི་བདག་གིས་ཕྱོགས་གཅིག་ནས་གཅུན་འདོམས་སམ་སྒྱུར་བཀོད་བྱ་འདོད་པ་ལྟར་སྣང་ཡང་། རྩོམ་ཧྲིལ་པོའི་བབ་ལ་བལྟས་ན། “ང”ཡང་ལི་ཁེ་ལང་གི་ངོ་བོའི་བདག་སྟེ། རང་བཞིན་གྱི་གཅུན་འདོམས་སྣ་ཚོགས་ལས་གྲོལ་ཅིང་། རང་ཉིད་ཁོ་ནའི་ཆེད་དུ་འཚོ་བའི་རང་དབང་གི་སེམས་ཁམས་ལ་ཡིད་ཀྱི་པདྨོ་རིང་ནས་ཕྱོགས་པའི་རྣམ་འགྱུར་བཟུང་འདུག་སྙམ།

སྒྲུང་གཏམ་འདི་ཀློག་པའི་མོད་ལ། སྒྲུང་འདིའི་མི་སྣ་གཙོ་བོ་སྟེ། སི་ཐེ་ལི་ཁེ་ལང་གི་རི་མོའི་སྒྱུ་རྩལ་ལ་བཅངས་པའི་བག་ཉལ་གྱི་འདུ་ཤེས་རྨང་ནས་སད་དེ། བཟའ་ཟླ་དང་བུ་ཕྲུག་མཆི་མའི་ཐལ་བ་བཞིན་དོར་རྗེས། སླར་གྲོགས་པོའི་བཟའ་ཟླ་དང་ལོག་པར་གཡེམ་པ། མཐར་ཁོ་མོ་ཤི་ལམ་དུ་རྫོངས་པ་སོགས་མིའི་བཟང་སྤྱོད་ལས་རིང་དུ་འདས་པའི་སྦྱོར་བ་སྣ་ཚོགས་སྤེལ་ཀྱང་། དེ་དག་ཐམས་ཅད་ལ། ནོངས་འགྱོད་དང་ཡིད་གཉིས་ཟ་བའི་བློ་ཙམ་ཡང་མེད་པར། ད་དུང་སེམས་བསམ་པའི་གཏིང་ནས་ཁྲེལ་བར་བྱེད་པའི་བྱ་སྤྱོད་མིའི་བློ་ངོར་ཤོང་དཀའ་ནའང་། དངོས་པོའི་དཔལ་ཡོན་གྱིས་སྒྲུན་དུ་མེད་པའི“ཏིང་འཛིན་གྱི་ཟས”ཏེ། རི་མོའི་སྒྱུ་རྩལ་གྱི་འཚོལ་སྙེག་དང་། དེར་བཅངས་པའི་དགའ་དད་སྤྲོ་གསུམ། དེའི་ཆེད་དུ་ཡོད་ཚད་གཏོང་ཕོད་པའི་སྙིང་སྟོབས་བཅས་ནི་འུ་ཚོས་ཉེ་བར་བླང་བྱ་མ་ཡིན་གྲང་།

མོའོ་མུའུ་ཡིས། སྐྱེ་བ་གཅིག་གི་ནོར་བུ་གཉིས་ཏེ། གཅིག་ནི་བསམ་བློའི་རང་དབང་དང་ཅིག་ཤོས་ནི་བྱ་སྤྱོད་ཀྱི་རང་དབང་ངོ་ཞེས་གསུངས་པ་ལྟར། ཁོང་གི་ལྟ་གྲུབ་དེ་དག་ཐམས་ཅད་ཀྱང་སྒྲུང་དེའི་མི་སྣ་གཙོ་བོ་སྟེ། སི་ཐེ་ལི་ཁེ་ལང་གི་བྱ་སྤྱོད་ལས་མངོན་ཅི་ཐུབ་བྱས་འདུག་པས། སྒྲུང་གཏམ་གྱི་ཆུ་ཚད་དེ་གཏམ་རྒྱུད་ཀྱི་སྐྱ་ཐིག་ལས་བརྒལ་བར་མ་གྱུར་པའི་འུ་ཅག་གི་སྒྲུང་གཏམ་ལོ་རུང་དག་དང་བསྡུར་ན། རྩོམ་པ་པོའི་སྨྱུག་ཁ་ནས་འཁྲུངས་པའི་མིའི་ནང་སེམས་ཀྱི་འགལ་འདུ་དང་། བསྟན་བཤིག་ཚ་བའི་རྩོམ་སྐད། མཛེས་རྟོག་གི་ལྟ་བ་སོགས་རིང་དུ་འགོངས་འདུག་སྙམ། ད་དུང་དེ་བས་ཀྱང་ཧང་སངས་བར་བྱེད་པའི་གནད་དོན་ཏེ། འུ་ཚོས་བརྩམས་ཆོས་ཤིག་གྲུབ་མ་ཐག་ས་སྤུར་གནམ་སྤུར་གྱིས་ཀློག་པ་པོ་གང་མང་འགུག་ཐབས་བྱེད་ཅིང་། ཀློག་པ་པོ་མང་ཉུང་གིས་བརྩམས་ཆོས་དེའི་རིན་ཐང་འཇལ་བར་བྱེད་ཀྱང་། སི་ཐེ་ལི་ཁེ་ལང་དེ་ལས་ལྡོག་སྟེ། ཁོང་གིས་བརྩམས་ཆོས་ཤིག་གྲུབ་རྗེས་དེའི་བྱེད་ནུས་སམ་འགན་འཁྲི་ཡང་རྫོགས་ཟིན་པར་འདོད་ལ། ཐ་ན་རང་ཉིད་འཆི་ཁ་མར་གྱང་ལྡེབས་སུ་བྲིས་པའི་རི་མོ་དེ་ཡང་ཁོང་ཤི་རྗེས། མེར་བསྲེག་དགོས་པའི་ཁ་ཆེམས་བཞག་པ་དེས་ཀྱང་། ནང་སེམས་ཀྱི་དགོས་འདོད་ཇི་བཞིན་བསྐང་ཆེད་ལས། ཁ་རྒྱབ་ལྟོ་གོས་དང་བཟང་གསུམ་སྙན་གྲགས་ཀྱི་ཆེད་དུ་མིན་པའང་ཤེས་སླའོ། །

གནའ་ནས་ད་བར། འཁོར་བའི་ཕུན་ཚོགས་མཆི་མའི་ཐལ་བ་བཞིན་དོར་ཏེ། སྒྱུ་རྩལ་བརྩམས་ཆོས་གཅིག་པུས་ལུས་ཀྱི་མདངས་སྐྱེད། སེམས་ཀྱི་དཔའ་སྐྱེད། འཚོ་བའི་རྒྱགས་སྐྱེད། མཛའ་བའི་གྲོགས་སྐྱེད་པར་འདོད་པའི་ངེས་དོན་གྱི་སྒྱུ་རྩལ་པ་ག་ཚོད་འཇིག་རྟེན་འདིར་བྱོན་མྱོང་ངམ། དེ་དག་མི་ཡུལ་འདིེར་འཚོ་བའི་དགོས་ཆེད་ངོ་མ་སྟེ། སེམས་ཀྱི་ནམ་མཁའ་ནས་ཕུགས་བསམ་གྱི་ཟླ་བ་ལེན་འདོད་པས་རེད་དམ།

མདོར་ན། གོང་དུ། གཞན་གྱི་གྲིབ་གཟུགས་ལས་རང་ཉིད་འཚོལ་བར་འདོད་པའི་སྙིང་ཁམས། གསར་རྩོམ་ལ་འཛིན་པའི་ལོག་པར་གཡེམ་པའི་རྟུལ་ཞུགས། སྒེར་གཤིས་ཀྱི་ལྗོན་པ་རྩ་ནས་བསྐམས་པའི་ཕྱི་ཚུལ་རིང་ལུགས། བདག་ཉིད་སྒྲོག་པའི་སློང་མོ་བ་དག་གི་བྱ་སྤྱོད་ཟ་དང་ཟུར་ནས་བརྗོད་ཁུལ་བགྱིས་པའང་དབབ་ས་གཅིག་སྟེ། སྒྲུང་གཏམ་ཡིན་ལ་གཞུང་ལུགས་ཀྱི་ཟབ་ཁྱད་མངའ་བའི《ཟླ་བ་དང་སྒོར་ཟུར་དྲུག》ནང་གི་མི་སྣ་སི་ཐེ་ལི་ཁེ་ལང་དང་དཔྱད་སྡུར་བྱེད་ཞོར། འུ་ཅག་གི་རྒྱུད་ལ་ཡེ་ནས་མེད་པའི་སྒྱུ་རྩལ་གྱི་འཚོལ་སྙེག་དང་། དངོས་ཡོད་འཚོ་བའི་བསླུ་བྲིད་ཇི་ལྟར་རྒོད་ཀྱང་། ཕུགས་བསམ་གྱི་ནམ་མཁར་འཕགས་ཏེ། ཟླ་བའི་བུ་མོ་པང་དུ་ལེན་པར་འདོད་པའི་ཆོད་སེམས་ཀྱིས་ང་རང་ཧང་སངས་པར་བྱས་སོ། །

ངས་དུས་རབས་ཉི་ཤུ་པའི་དུས་མགོར། དབྱིན་ཇིའི་རྩོམ་པ་པོ་མོའོ་མུའུ(Maugham1874-1965)ཡིས་བརྩམས་ཤིང་། རྒྱའི་ལོ་ཙཱ་བ་ཞུས་ཁྲུན་ཀང(许淳刚)གིས་རྒྱ་ཡིག་ཏུ་བསྒྱུར་པ་དང་། 2017ལོར་ཀྲེ་ཅང་རིག་རྩལ་དཔེ་སྐྲུན་ཁང(浙江文艺出版社)གིས་པར་སྐྲུན་འགྲེམ་སྤེལ་བྱས་པའི་སྒྲུང་གཏམ《ཟླ་བ་དང་སྒོར་ཟུར་དྲུག》(月亮与六便士སྤྱི་ལོ2019ལོའི་ཟླ1པར་ཀྲེ་ཅང་དཔེ་སྐྲུན་མཉམ་འབྲེལ་ཚོགས་པས་པར་ཐེངས་གཉིས་པ་བཏབ) ཀློག་པའི་མོད། སྒྲུང་དེའི་མི་སྣ་གཙོ་བོ་སྟེ། སི་ཐེ་ལི་ཁེ་ལང་གི་གཏམ་སྤྱོད་ལ། སྐབས་དང་སྐབས་སུ་སེམས་གཏིང་ནས་སྐྱི་གཡའ་བ། སྡང་སེམས་སྐྱེ་བ། ཞེ་མེར་བ་བྱེད་ཀྱང་། ཞིབ་ཀྱིས་བསམས་ཚེ། ཁོང་གི་སྟབས་བདེ་བའི་སྐད་ཆ་རེར་གནས་ལུགས་ཀྱིས་ཕྱུག་ཡོད་པ་ད་གཟོད་རྟོགས་འོང་ལ། མི་སྣ་རེ་རེའི་སེམས་ཁམས་རྙོག་འཛིང་ཆེ་བ། སྒྲུང་གི་བསམ་བཀོད་ཡངས་པ། སྣང་བརྙན་འབུར་དུ་དོད་པ། སྐད་ཆའི་གཏན་ཚིགས་བཙན་པ། གཞུང་ལུགས་ཀྱིས་ཟུར་བརྒྱན་པ་སོགས་སྒྲུང་འབྲི་བའི་ཤེས་རབ་ཀྱི་རྩལ་དང་། བདེན་རྫུན་དང་དགེ་སྡིག མཛེས་བཙོག་བཅས་མི་གཤིས་ཀྱི་ཟབ་སར། མཛེས་དཔྱོད་སེམས་རིག་པས་ཞིབ་མོ་རྣམ་འཐག་བགྱིས་པའི་རྩོམ་མཆོག་འདི། སྒྱུ་རྩལ་གྱི་ལམ་བུར་ཕྱོགས་བཞིན་པའམ་ཕྱོགས་འགྱུར་གྱི་སྐལ་མཉམ་རྣམས་ལ་འོས་སྦྱོར་གྱི་ཚུལ་དུ་གཏམ་ཐོ་རེ་ལོང་ངེ་བ་རེ་བཏང་བ་དང་ཆབས་ཅིག

ཁྱོད་ཅག་གིས་ཀྱང་སྒྲུང་གཏམ་འདི་བཀླགས་རྗེས། ཅི་ཞིག་བརྗོད་དགོས་པའམ་ཅི་ཞིག་བརྗོད་འདོད་ཀྱིས་མགྲིན་པ་རྣོང་བར་བྱེད་ལ། སྒྱུ་རྩལ་བརྩམས་ཆོས་ཀྱི་དངོས་རྒྱུ་སྟེ། དཔེ་ཀློག་དང་ཐོག་མའི་བག་ཆགས་ལས་གཞན། ད་དུང་ཁེར་རྐྱང་དང་སྒེར་གཤིས་ཀྱི་མཛེས་པའང་ཉིད་ཀྱིས་རྟོག་པར་འགྱུར་རོ། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།