ཀྲུང་གོ་བོད་ཀྱི་དྲ་བ།

《མི་དབང་རྟོགས་བརྗོད》བཀླགས་པའི་མྱོང་ཚོར་ཕྲན་བུ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : རྡོ་རིང་པད་མ་དབང་ཆེན།   སྤེལ་དུས། : 2021-04-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

མི་ཚེ་ནི་སློབ་སྦྱོང་གི་གོ་རིམ་ཞིག་ཡིན་ལ་དཔེ་ཀློག་ནི་བློ་སྦྱོང་གི་སྒོམ་རིམ་ཞིག་ཡིན་པས། ང་ཚོས་རང་སེམས་ལ་ཉི་མ་ཤར་བའི་ཆེད་དུ་དཔེ་ཀློག་བྱེད་དགོས་ཤིང་། ང་ཚོས་ཆོས་ཉིད་ཀྱི་བདེན་པ་མཐོང་བའི་ཆེད་དུ་དཔེ་ཀློག་བྱེད་དགོས། དཔེ་ཀློག་བྱེད་པའི་སྐབས་སུ་མི་སོ་སོའི་མོས་པ་མི་འདྲ་བའི་དབང་གིས། དཔེ་ཆ་གདམ་ཚུལ་ཡང་མི་འདྲ། ལོ་རྒྱུས་ལ་སྤྲོ་བ་ཡོད་མཁན་ཞིག་ཡིན་ཚེ། རིག་གནས་ལ་དུངས་པ་ཡོད་མཁན་ཞིག་ཡིན་ཚེ། རྩོམ་རིག་ལ་དགའ་བ་ཡོད་མཁན་ཞིག་ཡིན་ཚེ། ངེས་པར་དུ་བོད་ཀྱི་སྔོན་བྱོན་མཁས་པ་དག་གི་རྣམ་ཐར་དང་རྟོགས་བརྗོད་བཀླག་དགོས་ཏེ། སྔོན་བྱོན་མཁས་པའི་རྣམ་ཐར་དང་རྟོགས་བརྗོད་ནི་ལོ་རྒྱུས་ཀྱི་ས་བོན་དང་རིག་གནས་འཕེལ་བའི་གོ་རིམ། བརྡ་དང་ཐ་སྙད་ཀྱི་ཚིག་མཛོད་ཅིག་ཡིན། དེར་མ་ཟད་རྣམ་ཐར་དང་རྟོགས་བརྗོད་ལས་སྔོན་བྱོན་དམ་པ་ཚོའི་སྙིང་སྟོབས་དང་ལྷག་བསམ་དེ་ཡང་མཐོང་ཐུབ་ལ། མི་བུ་ཞིག་ལ་མཚོན་ན་སྙིང་སྟོབས་དང་ལྷག་བསམ་ཞིག་མེད་ཚེ། ལས་ཅི་བྱས་ལ་འབྲས་བུ་ཕུན་སུམ་ཚོགས་པ་ཞིག་འབྱུང་དཀའ་བས། ང་ཚོས་རྣམ་ཐར་དང་རྟོགས་བརྗོད་ལས་མེས་པོ་ཚོའི་སྙིང་སྟོབས་དང་ལྷག་བསམ། བློ་གྲོས་དེ་ཡང་འཚོལ་དགོས། ང་ཚོར་རྣམ་ཐར་དང་རྟོགས་བརྗོད་ཀྱི་བསྟན་བཅོས་མང་བས། ཡོད་ཚད་བཀླག་རྒྱུ་ཞེ་ན་ཤིན་ཏུ་དཀའ་མོད། ཆོས་ལུགས་ཀྱི་ཐད་ནས། རིག་གནས་ཀྱི་ངོས་ནས། ཆབ་སྲིད་ཀྱི་ཐོག་ནས་གལ་གནད་ཆེ་བའི་མི་སྣ་དག་གིི་རྣམ་ཐར་དང་རྟོགས་བརྗོད་དང་། དེ་ལས་གཞན་རང་གི་ས་གནས་དང་འབྲེལ་བ་ཡོད་པའི་མཁས་པ་དང་བླ་སྤྲུལ་དག་གི་རྣམ་ཐར་དང་རྟོགས་བརྗོད་ངེས་པར་དུ་བཀླག་དགོས་ལ། དེ་ལས་རང་ལ་བློ་བསྐྱེད་ཀྱང་མི་དམན་པ་རེ་འབྱུང་བ་ཡིན། འདིར་དམིགས་བསལ་གྱིས་བོད་ཀྱི་ལོ་རྒྱུས་ཀྱི་དཔྱད་གཞི་གལ་ཆེན་ཞིག་ཏུ་གྱུར་དང་འགྱུར་བཞིན་ཡོད་པའི《མི་དབང་རྟོགས་བརྗོད》འོས་སྦྱོར་རགས་ཙམ་ཞུ་བ་ལ།

《མི་དབང་རྟོགས་བརྗོད》ནི་མདོ་མཁར་ཞབས་དྲུང་ཚེ་རིང་དབང་རྒྱལ་གྱིས་མཛད་པའི་ཕོ་ལྷ་བ་བསོད་ནམས་སྟོབས་རྒྱལ་གྱི་རྟོགས་བརྗོད་ཡིན། དེབ་འདིའི་ནང་དུ་རྒྱལ་དབང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོ་ནས་དྲུག་པ་ཚངས་དབྱངས་རྒྱ་མཚོ། བདུན་པ་བསྐལ་བཟང་རྒྱ་མཚོ་བར་གྱི་ལོ་རྒྱུས་གང་འཚམས་ཤིག་བྲིས་ཡོད་པ་དང་། ཕོ་ལྷ་བའི་མི་ཚེ་ཧྲིལ་པོའི་བརྒྱུད་རིམ་དང་དབུས་གཙང་དམག་འཁྲུག་གི་མགོ་མཇུག་བར་གསུམ། ཕོ་ལྷ་བས་དམག་འཁྲུག་དང་ཐབས་ཇུས་སྣ་ཚོགས་ལ་བརྟེན་ནས་བོད་ས་གནས་ཀྱི་དབང་འཛིན་པར་ཇི་ལྟར་གྱུར་པའི་བརྒྱུད་རིམ་དེ་གསལ་པོར་བྲིས་ཡོད། རྟོགས་བརྗོད་འདིའི་ནང་ཆབ་སྲིད་ཀྱི་གཡོ་ཇུས། འཐབ་འཁྲུག་གི་འཇིགས་སྣང་། ཁྲིམས་ལུགས་ཀྱི་གདུག་རྩུབ་སོགས་དངོས་ཡོད་ཀྱི་དོན་རྐྱེན་དག་དམར་རྗེན་དུ་བྲིས་ཡོད་པས། དེ་ནི་རྟོགས་བརྗོད་འདིའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་ཏུའང་གྱུར་ཡོད། མདོ་མཁར་བ་ནི་དབུས་གཙང་དམག་འཁྲུག་ལ་ཞུགས་མྱོང་བ་དང་། ཕོ་ལྷ་བར་འཐབ་འཛིང་བྱེད་མཁན་གྱི་དབུས་དམག་གི་གཡས་རུའི་རུ་དཔོན་རེད། དབུས་གཙང་དམག་འཁྲུག་ཁྲོད་དབུས་དམག་གིས་ཕམ་ཁ་ཉོས་པས། དབུས་ཀྱི་བཀའ་བློན་ང་ལུམ་སྦྱར་གསུམ་སོགས་གདུག་རྩུབ་ཆེ་བའི་སྒོ་ནས་ཁྲིམས་ལ་སྦྱར་ནའང་མདོ་མཁར་བ་སྲོག་ཐར་དུ་བཏང་བར་མ་ཟད། ད་དུང་བཀའ་བློན་དུ་བསྐོས་པས་མི་དབང་རྟོགས་བརྗོད་ནི་མདོ་མཁར་བས་ཕོ་ལྷ་བར་བཀའ་དྲིན་གསབ་པའི་ཆེད་དུ་བརྩམས་པ་ཡིན་ཞེས་པའི་ངག་རྒྱུན་ཞིག་ཡོད་ལ། ཡང་མདོ་མཁར་བ་དབུས་ཕྱོགས་ལ་ངོ་ལོག་པས་མཐོང་ཆོས་མྱོང་འགྱུར་གྱི་རྣམ་སྨིན་ལུས་ལ་སྨིན་ཞིང་། སྐྱེས་ནས་མྱོང་འགྱུར་གྱི་རྣམ་སྨིན་ཡང་ལུས་ལ་འཁོར་བའི་ངག་རྒྱུན་སོགས་ཀྱང་ཡོད། རྟོགས་བརྗོད་འདི་ཀློག་པའི་སྐབས་སུ་ལྕང་སྐྱ་རོལ་བའི་རྡོ་རྗེའི་རྣམ་ཐར་དང་བཀའ་བློན་རྟོགས་བརྗོད་སོགས་དུས་སྐབས་དེའི་རྣམ་ཐར་དང་རྟོགས་བརྗོད་མང་པོ་ཞིག་གུང་བསྒྲིགས་ནས་བལྟས་ན་མི་དབང་རྟོགས་བརྗོད་ལ་ལྷག་ཏུ་གོ་བ་བསྐྱེད་རྒྱུ་ཡོད། རྟོགས་བརྗོད་འདི་ལ་ལོ་རྒྱུས་ཀྱི་བདེན་པའི་ངོས་ནས་ལྟ་མཁན་ཡོད་ལ། སྒྱུ་རྩལ་གྱི་གསེས་བསླད་དང་སྦྱར་ནས་གླེང་མཁན་ཡང་ཡོད། འདི་ལྟ་བུའི་བསྟན་བཅོས་གལ་ཆེན་ཀློག་དུས་ང་ཚོས་ཐ་སྙད་རེ་རེའི་བཀོལ་ཕྱོགས། སྐད་ཆ་བཤད་པའི་བབ་ལའང་བརྟག་དགོས་ཤིང་། ང་ཚོས་དེ་ལྟར་བཀླགས་ན་ཀློག་མཁན་དག་ལ་བརྗོད་བྱ་ལས་འདས་པའི་བློ་བསྐྱེད་ཀྱང་མི་ཉུང་བ་རེ་འབྱུང་ཐུབ་པ་དང་། བདེན་པའི་ངོ་བོ་མཐོང་བར་ཡང་གྲོགས་བྱེད་ཐུབ་པ་རེད།

ངས་དཔེ་ཆ་འདི་འོས་སྦྱོར་བྱེད་དགོས་པའི་རྒྱུ་རྐྱེན་ནི་ཕྱོགས་གཉིས་ལ་ཐུག་ཡོད་ཅིང་། གཅིག་ནི་བརྗོད་བྱའི་ཁྱད་ཆོས་དེའི་དབང་གིས་ཡིན་པ་དང་། རྟོགས་བརྗོད་འདིའི་བརྗོད་བྱའི་ཁྱད་ཆོས་མདོ་ཙམ་གོང་དུ་ཞུས་ཟིན་ལ། གཞན་ཞིག་ནི་རྗོད་བྱེད་ཚིག་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དེའི་དབང་གིས་ཡིན། བརྩམས་ཆོས་ཀྱི་མགོ་ནས་མཇུག་གི་བར་དུ་སྙན་ངག་གི་ཚིག་གི་སྦྱོར་བས་སྤེལ་ཡོད་པ་དང། ཚིགས་བཅད་དང་ཚིག་ལྷུག་གང་ལ་མཚོན་ནའང་སངས་རྒྱས་ཀྱི་སྐྱེས་རབས་ཁག་གི་ཚིགས་བཅད་དང་ཚིག་ལྷུག་འབྲི་སྲོལ་དང་ཆ་འདྲ་ལ། རྩོམ་ལ་མོས་མཁན་དག་གིས་དཔེ་ལྟར་རུང་བས། བོད་ཀྱི་རྩོམ་རིག་གི་ལས་ལ་འབད་མཁན་དག་གིས་ལྟ་རིན་དང་ཀློག་རིན་ཡོད་པའི་རྟོགས་བརྗོད་ཅིག་རེད། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།