ཀྲུང་གོ་བོད་ཀྱི་དྲ་བ།

རི་བསང་དུ་བསྐྱོད་པའི་ཉིན་ཐོ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : ཀུན་མཁྱེན་གྲགས་པ།   སྤེལ་དུས། : 2021-03-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

དེ་རིང་ངའི་དབྱར་གནང་གི་རེ་སྨོན་གཅིག་གྲུབ་པས་ཡིད་སེམས་ཀྱི་གཞོང་མར་སིམ་པའི་དགའ་བདེ་འབའ་ཞིག་འཁྱིལ་འདུག ད་ནི་ལུས་སེམས་ཀྱི་ལོངས་སྤྱོད་ཡན་གར་བ་དེ་དང་བསྡོངས་ནས་དེ་རིང་གི་ཉིན་ཐོ་ཡང་འབྲི་མགོ་བརྩམས་པ་ལགས།

ང་རང་སྔ་མོ་ནས་ལངས་ཤིང་ཉེར་བསྡོགས་ཀྱི་བྱ་བ་ཡོངས་བསྲིབས་ཏེ་ནུ་བོར་བསྒུགས་ནས་བསྡད།ཆུ་ཚོད8ཙམ་ལ་ཐོན་རུང་ཁོའི་གྲིབ་མ་ཙམ་ཡང་མཐོང་རྒྱུ་མ་བྱུང་ཕྱིར་ཡི་ཆད་དེ་ཡོད་མོད།ཅུང་ཙམ་ནས་ཁོ་ཡང་ཐོན་བྱུང་།ཁོའི་སར་སོང་ནས་གྲ་སྒྲིག་དག་ཚར་རྗེས་ངེད་གཉིས་ཀྱང་གཞི་ནས་ལམ་ལ་ཆས།ནུ་བོའི་བྱང་ཆའི་དྲིན་ལ་ངེད་གཉིས་ཀྱིས་ལྕགས་ཀྱི་འཕྲུལ་རྟ་གློག་གི་སྲོག་ཅན་པོར་ཉིས་འཕོངས་བརྒྱབ་སྟེ་ཐང་ཆེན་མོ་ཤོག་སྐྱ་ལྟེབ་ལྟེབ་དང་།ལ་རིང་པོ་གྲུ་གུ་སྒྲིལ་སྒྲིལ།ཁིས་ཉག་ཁ་སྒྲོག་གུ་རྟོལ་རྟོལ་བྱས་ཏེ་རིའི་འདབས་རོལ་བར་ལྷགས་ཞེས་བཤད་ན་ཡང་མི་ཆོག་རྒྱུ་མེད།ཕྱིར་འདང་རེ་བརྒྱབ་ན་ལམ་དེ་དག་ལ་འཕྲུལ་རྟ་བུད་མོད་དངོས་གནས་སྟབས་བདེ་རང་མི་འདུག ལམ་ནི་ཆུ་ལོག་གིིས་ཁུར་འདུག་ལ་འདམ་དང་རྡོ་ལ་སོགས་པའི་བགེགས་ཀྱང་མཐོང་རྒྱུ་ཡོད།གཞུང་ཆུ་ཐེངས་གསུམ་ལ་བརྒལ་ཏེ་གཉིས་པས་ཅུང་ཞུམ་དུ་བཅུག དགའ་འོས་པར་ངེད་གཉིས་ཆུ་ནང་དུ་ལྡིང་ནས་འཕྲུལ་རྟ་བླངས་ཤིང་བསང་ཨོང་སོགས་ལ་གནོད་གང་ཡང་མ་ཐེབས།ཞོགས་པའི་ཆུ་རྩ་དྲོས་མེད་ཕྱིར་རྐང་ཡང་གཟེར་མོད་ཡུད་ཙམ་ནས་བརྗེད་དེ་གར་སོང་ཆ་མེད་དུ་ཕྱིན།དེ་རུ་ལྕགས་རྭ་བསྐོར་འདུག་ཅིང་རུ་ཡང་ཁ་ཁེར་རེ་འདུག་ལ་ནོར་གནག་འགའ་ཡང་འདུག ངེད་གཉིས་ཀྱིས་འཕྲུལ་རྟ་བསྐྱུར་པའི་མདོ་ནས་བལྟས་ཚེ་རས་གུར་དཀར་མདོང་གཉིས་མཐོང་བ་ནི་ལྷ་སྡེའི་རེད་ཟེར།ཕལ་ཆེར་རྩྭ་ར་ཉོས་པ་ཡིན་འདུག ཁོས་བསང་ཨོང་ཁུར།ངས་བསང་རྩི་དང་བཅས་པའི་བྲོ་ཁ་སོགས་ཁུར་ནས་རྐང་ལམ་ཕྲ་མོ་དེད་དེ་ལ་དང་དེའུ་འབུར།སྒང་དང་རི་བྲག་སོགས་ལ་འཛེགས་ནས་འགྲོ་དགོས་བྱུང་།

ངས་ངའི་ཕ་མེས་དག་དྲན་ཡོང་གིན་གདའ།བཤད་ཚོད་ལ་ཨ་མྱེས་བྲག་དཀར་གྱི་དབུ་རྩེ་གསུམ་དུ་ལབ་ཙེ་གསུམ་བསྟད་ཡོད་ཅིང་དེ་དག་སོ་སོ་ཡང་ཆེས་ཐོག་མར་བྲག་དཀར་གྱི་རྒད་པོ་ཁ་རྗེ་དབང་ཐང་ཅན་གསུམ་གྱིས་འགྲན་སྡུར་གྱི་ཚུལ་གྱིས་དབུ་རྩེ་མཐོ་སར་སྙེག་ཅིང་ལབ་ཙེ་བསྟད་པ་ཡིན་འདུག མེས་པོ་དེ་གསུམ་དང་འདྲ་བར་འཇིག་རྟེན་འདིའི་ཆེས་མཐོ་ས་ཞིག་ལ་བསྙེགས་ནས་ཡོད་ཚད་མིག་རྒྱང་གིས་ཚད་རྒྱུ་ནི་སྐྱེ་བོ་ཕལ་མོ་ཆེའི་ཕུགས་བསམ་ཡིན་ལ་ང་ཡང་དེ་ལས་མ་འདས།ཨ་མྱེས་བྲག་དཀར་གྱི་དབུ་རྩེའི་མཚོ་འཕགས་ཕལ་ཆེར་སྨི5011ཡིན་འདུག་ལ་སོག་པོའི་མི་དབང་ཞིག་གི་སྤྲུལ་བ་ཡིན་སྐད།ངག་རྒྱུན་ལ་སོག་པོའི་རྩྭ་ཐང་དུ་ཐན་པ་བྱུང་ནས་ནོར་ལུག་ལ་རྩྭ་ཆད་ཆུ་ཆད་ཀྱི་དཀའ་ཁག་དང་འཕྲད་པས་སོག་པོའི་རྒྱ་ལི་དགེ་བཤེས་བསྟན་འཛིན་གྱིས་དྲུང་པོ་འཁོར་དང་བཅས་པ་ཁྲིད་དེ་ལྷོ་ཕྱོགས་སུ་སྤར་ནས་རྩྭ་ཆུ་འཛོམས་ཤིང་ཡུལ་ལྗོངས་མཛེས་པའི་མཚོ་སྔོན་གྱི་བྲག་དཀར་ས་ཆ་འདི་རུ་གཞིས་ཆགས་པ་དང་།ཁོ་རང་དཔའ་ཞིང་རྟུལ་ཕོད་ལྡན་པས་ཨ་མྱེས་རྨ་ཆེན་གྱི་ཤར་གྱི་སྲུང་མར་བསྐོས་པའི་གཏམ་ཡང་གྲགས།གང་ལྟར་ཨ་མྱེས་བྲག་དཀར་ནི་སྲིད་པ་ཆགས་པའི་ལྷ་དགུའི་གྲས་ཀྱི་རྨ་རྒྱལ་སྦོམ་རའི་རི་རྒྱུད་ཅིག་ཡིན་འདུག ཨ་མྱེས་བྲག་དཀར་གྱི་བཟའ་ཟླ་ནི་ཨ་མ་སྨུག་རི་མ་ཡིན་ལ་རི་དེ་ཡང་ཅུང་མཐོ་ཚོད་འདུགཨ་མྱེས་བྲག་དཀར་གྱི་ལྷོ་ནུབ་མཚམས་སུ་ཡོད་ཅིང་ཐག་ཀྱང་ཉེ་ལ་ཨ་མྱེས་བྲག་དཀར་གྱི་ཕྱོགས་ལ་གདོང་གཏད་ནས་འདུག ཨ་མྱེས་བྲག་དཀར་ལ་ད་དུང་བུ་གསུམ་དང་བུ་མོ་གསུམ།མནའ་མ་གསུམ་ཡང་ཡོད་ཟེར།ཆེ་བ་རབ་བརྟན་ཐོགས་མེད།འབྲིང་བ་བཀྲ་ཤིས་དོན་གྲུབ།ཐ་ཆུང་དཀོན་མཆོག་འཇིགས་མེད་བཅས་དབུ་རྩེ་གསུམ་པོ་རེད།བུ་མོ་གསུམ་ནི་གདུགས་དཀར་མ་དང་།ཨ་སྐྱིད་མ།མ་ཕྱུག་མོ་བཅས་དེའི་ཞོལ་གྱི་དབུ་རྩེ་གསུམ་ཡིན་ལ།མནའ་མ་གསུམ་པོ་ནི་ལྗོན་ཤིང་གཡུ་ལོ་སྟུག་པོར་ཁེབས་པའི་ནགས་ཚལ་གསུམ་རེད།ང་རང་ལྷ་སྒྲུང་དང་ལོ་རྒྱུས་འདྲེས་པའི་གཏམ་རྒྱུད་དག་ལ་ཤིན་ཏུ་དགའ་བས་ལོ་ལོན་ཚོའི་ཁ་ནས་འདི་ཙམ་གོ་མྱོང་ལ།ངས་བསམས་ན་རང་ཉིད་ཀྱིས་མ་མཐའ་ཡང་རང་ས་རང་ཡུལ་གྱི་ལོ་རྒྱུས་ཕྲན་བུ་རེ་ཤེས་དགོས།དེ་དག་ཤེས་པའི་ཐབས་ལ་གླེགས་བམ་དང་ངག་རྒྱུན་ལ་མཇལ་རྒྱུ་ལས་མ་འདས།དེ་གཉིས་བསྡུར་ཏེ་དཔྱད་ན་ངེས་ཤེས་ཅུང་ཙམ་རེ་ཐོབ་ཐུབ་པ་ནི་གོར་མ་ཆག

ཡང་དེང་རབས་ས་ཁམས་རིག་པའི་ངོས་ནས་རི་རྒྱུད་འདིར་བལྟས་ཚེ།ཨ་མྱེས་བྲག་དཀར་ནི་ཚལ་རྔ་འགག་གི་ས་ཤུན་འགུལ་སྐྱོད་བྱུང་རྗེས་སྐམ་སར་བཙུར་གནོན་ཐེབས་ཏེ་ཞུ་སླད་ཀྱིས་བསླངས་པའི་སྤྱིན་རྫས་གཟུགས་ཀྱི་རི་རྒྱུད་ཅིག་ཏུ་འགྲེལ་བཞིན་འདུག འདི་ནི་ཏག་ཏག་མིག་སྔར་འདོད་བཞིན་པའི་རླུང་སླད་དང་འཁྱག་ཀླུང་ཞུ་བས་གྲུབ་པའི་ལྟ་ཚུལ་དང་ལྡོག་འདུག་མོད།མནོ་བསམ་ཤིན་ཏུ་གཏང་རྒྱུ་འདུག་སྙམ། ཨ་མྱེས་བྲག་དཀར་གྱི་ཆགས་ཚུལ་ལ་ཞིབ་འཇུག་བགྱིད་དགོས་ན་ཨོ་སི་ཁྲི་ལི་ཡའི་ས་གཤིས་ཀྱི་གནད་དོན་དེ་དང་མདོ་དབུས་མཐོ་སྒང་གི་ས་གཤིས་གནས་ཚུལ་གྲུབ་ཚུལ་སོགས་ལ་རྒྱུས་མངའ་ཡོད་དགོས་པར་མ་ཟད།དངོས་ཁམས་རིག་པ་དང་།ས་གཤིས་རིག་པ།ས་ཁམས་རིག་པ།གནམ་དཔྱད་རིག་པ་སོགས་རིག་ཚན་ཐ་དད་པའི་ཤེས་བྱ་ཡང་སྣ་ཚོགས་ཤིག་ལ་འཇོན་དགོས་གཤིས་ཁོ་བོ་ཙམ་གྱི་མཐོ་འབྲིང་སློབ་མ་ཞིག་གིས་བློས་འཆུན་པ་ནི་དཀའ་མོད་རྗེས་སུ་འདིའི་ཕྱོགས་ལ་འབད་པ་ཤ་ཐང་བགྱིད་ངེས།ད་དུང་བོད་རིགས་དཔྱོད་ལྡན་པ་དག་གིས་ཀྱང་རང་ཅག་གི་འདིའི་ཕྱོགས་ཀྱི་སྟོང་ཆ་བསྐང་བའི་རེ་བའང་ཡོད།

ངེད་གཉིས་འདི་ལྟར་རྐང་ལམ་ཕྲ་མོ་རེ་བརྒྱུད་དེ་འགྲོ་སྐབས་ངས་རང་དབང་མེད་པར་གནའ་མི་འབྲོག་པ་ཚོ་དྲན་ཡོང་།ཁོང་ཚོས་མདའ་དང་དར་ཤིང་ལྕི་མོ་སྣ་ཚོགས་ཁུར་ནས་ལམ་འདི་དེད་དེ་སོང་ཡོད་པ་ནི་གདོན་མི་ཟའོ། །ད་དུང་གོ་ཚོད་ལ་ཁོང་ཅག་ནི་གཡག་ཀྱང་ཁུར་ནས་འགྲོ་བའི་རྩལ་བོ་ཆེ་ཤ་སྟག་ཡིན་འདུག དེ་དང་བསྡུར་ན་ངེད་གཉིས་ཀྱིས་རྒྱབ་ཁུག་ཙམ་ཁུར་ནས་སོང་ཡང་ཆད་ནས་རོ་ལྟར་གྱུར་པ་འདི་ཞེ་རེ་ཁྲེལ།ངོ་རེ་ཚ།ངས་དེ་ལྟར་སེམས་བཞིན་ཡང་དཔལ་དོན་གྲུབ་རྒྱལ་གྱི་རྐང་ལམ་ཕྲ་མོ་དྲན་འོངས་ལ་དེ་དང་འབྲེལ་བའི་འགལ་འདུ་གང་མང་ཞིག་ཀྱང་བརྡོལ་གྱིན་འདུག ཡང་སྐུ་ཞབས་ལུའུ་ཞུན་གྱི་འཇིག་རྟེན་དུ་མ་གཞི་ནས་ལམ་མེད།མི་འགྲོ་བ་ཇེ་མང་དུ་སོང་བ་དང་བསྟུན་ནས་ལམ་བྱུང་བ་རེད་ཅེས་པའི་ཚིག་དེ་ཝ་ལེར་དྲན་ཡོང་།མི་ཚེ་ནི་མ་གཞི་ནས་ལམ་ཞིག་ཡིན་ལ་ལམ་དུ་དཀའ་ཚེགས་དང་ཀྱག་ཀྱོག་ཅི་འདྲ་ཆེ་བ་ནང་བཞིན་མི་ཚེ་ཡང་དེ་ལྟར་རོ། །ནང་བསྟན་གྱི་གཞུང་ན་ཡང་ཐེག་པ་ཆེན་པོ་ཞེས་པ་ཞིག་ཡོད་ལ་དེའང་མདོར་ན་རྫེ་ཙོང་ཁ་པས་གསུངས་པ་ལྟར་འདོང་བ་འབྲས་བུ་དང་འདིས་འདོང་བ་རྒྱུའི་ཐེག་པ་སྟེ་བགྲོད་པས་ན་ཐེག་པའོ་ཞེས་པ་དེའོ། །གང་ལྟར་ངས་མི་ཚེ་ཆ་ཚང་བརྒྱུད་མེད་ཀྱང་ལམ་ཧྲིལ་པོ་ཞིག་ཚར་ལ་ཁད།ནུ་བོ་ནི་ཆུང་དུས་ནས་དཀའ་ཐུབ་ཅན་ཞིག་ཡིན་ལ་དེ་རིང་ཡང་ངའི་སྔོན་བཅད་ནས་འགྲོ་ལ་ཡུན་གྱིས་ང་རང་གོམ་པ་བཅུ་ཡས་མས་སུ་བསྐྱུར།ཁོས་ལབ་ཙེ་ལ་མ་ལྟ་འོག་གི་ལམ་ལ་ལྟོས་ཞེས་པའི་སྐད་ཆ་དེས་ང་ལ་ངེས་ཤེས་འདྲོང་དུ་བཅུག ང་ནི་ནམ་རྒྱུན་རེ་བ་ཆེན་པོ་རེ་སྙེག་རྒྱུར་དགའ་ཞིང་ཆེས་རྩ་བར་གྱུར་པའི་དམིགས་འབེན་ཆུང་ཆུང་དག་བཏང་སྙོམས་སུ་བཞག་པས་འབྲས་བུ་སྨིན་མ་ཐུབ་པར་མངོན།ལམ་ཡང་དེ་བཞིན་རེད།ངེད་གཉིས་ཀྱིས་ཉིན་ལམ་གཏམ་གྱིས་བཅད་དེ་ངལ་གསོ་ཞོར་དང་ཁ་མཚར་ལབ་ཀྱིན་ཕྱིན་པས་དབུ་རྩེའི་ལབ་ཙེར་ལྷགས་བྱུང་།ང་ལ་དད་པ་འདྲེས་མའི་དགའ་ཚོར་སྨྲ་མི་ཤེས་པ་ཞིག་སྦྱིན་པས་དེ་མ་ཐག་བསང་མེ་གསོས་ཤིང་བསང་རྩི་གཏུལ།བསྐོར་བ་རྒྱབ་ཅིང་ཆབ་ཆང་མཆོད།མཇུག་ཏུ་ངས་རླུང་རྟ་རྟ་རྒོད་རྒྱུག་རྒྱུག་དང་ཁ་ལས་མེ་ལྕེ་འབར་འབར་བྱེད་དགོས་ཨ་མྱེས་བྲག་དཀར་ཞེས་ཐེངས་གསུམ་ལ་བོས་ཤིང་སྨོན་ལམ་ཞུས།འོན་ཀྱང་ངས་ཕྱག་མ་འཚལ།ཡིད་ཕངས་དགོས་པ་ཞིག་ནི་ངས་བསང་བརྩི་མི་ཤེས་པ་དེ་རེད།དེ་ནས་སྒྱུ་རྩལ་གྱི་པར་འགའ་བསྐྱོན་རྗེས་ཕྱིར་ལམ་དེད་ནས་སོང་།ངའི་སྣང་བ་ཞིག་ལ་མར་འབབ་དུས་ཅུང་སླ་ལ་ད་གཟོད་ལམ་ཐག་ཤིན་ཏུ་རིང་བ་ཚོར།ཆེས་མཐོ་སའི་དབུ་རྩེར་བསྙེགས་ཚར་དུས་ངས་ད་གཟོད་རང་ཉིད་ནི་ཆེས་དམའ་བ་དེ་ཡིན་པ་ཚོར་འོངས།

ཕྱིར་སླེབས་དུས་ཕྱི་དྲོའི་ཆུ་ཚོད་ལྔའི་གཡས་གཡོན་ཞིག་རེད།ངས་འདམ་གྱིས་གོས་པའི་ནའེ་ཁུ་ཡུ་ཐུང་དེ་ཕུད་པ་ན་རྐང་བའི་མཐེབ་རྒན་མ་བསྣད་འདུག ཚ་བེར་བེར་བྱེད་ལ་རངཉིད་དགོད་ཁ་ཞིག་ཀྱང་ཤོར།ཁོམ་ལོང་གི་བར་གླགས་ནས་དེ་རིང་གི་གནམ་གཤིས་ལེགས་པར་གཞིགས་ཏེ་ངེད་སྤུན་གཉིས་ཀྱིས་ཡུན་རིང་སེམས་སུ་ཉར་བའི་རེ་སྨོན་ཆུང་ཆུང་དེ་ལེགས་པར་གྲུབ་སོང་།ད་ནི་ཁུར་པོ་གང་ཞིག་རྗོགས་པའི་ཚུལ་གྱིས་མལ་ཁྲི་ལས་ངལ་གསོས།ངས་དོ་དགོང་གཉིད་སྐྱིད་པོ་ཞིག་ལོག་ཐུབ་པའི་གདེང་ཡང་རྙེད་བྱུང་། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།