ཀྲུང་གོ་བོད་ཀྱི་དྲ་བ།

སྒྲུང་གཏམ་གྱི་བྱུང་རིམ་ལྷན་དུ་སྡེབ་ལུགས་ལ་དཔྱད་པ།

ཡོང་ཁུངས། : སྒང་ལམ་པའི་སྤྱི་སྟེགས།   རྩོམ་པ་པོ། : བཀྲ་བྷ།   སྤེལ་དུས། : 2020-10-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ནང་དོན་གནད་བསྡུས། སྒྲུང་གཏམ་བློས་སློང་བྱེད་སྐབས། རྩོམ་པ་པོས་བརྗོད་བྱ་རྫོགས་པར་སྟོན་པའི་དགོས་མཁོར་དམིགས་ཏེ། རྩོམ་གྲབས་ཡོད་པའི་སྒྲུང་གཏམ་ལ་ཁུངས་སྣེ་ཞིག་གཏན་འབེབས་བྱ་དགོས་འདུག་ལ། ལག་ལེན་དངོས་ལ་གཞིགས་ན་མི་སྣ་དང་། དོན་དག་དང་། དངོས་པོ་དང་། མི་སེམས་དང་། ཡུལ་བཅས་ནི་སྒྲུང་གཏམ་གྱི་ཁུངས་སྣེ་བྱས་ཆོག་པ་འདྲ།

བརྡ་ཆད་གཙོ་བོ། མི་སྣ། དོན་དག དངོས་པོ། མི་སེམས། ཡུལ།

སྒྲུང་གཏམ་བློས་སློང་གི་ལས་ལ་འཇུག་སྐབས། རྩོམ་པ་པོས་སྐབས་སུ་བབ་པའི་སྒྲུང་གཏམ་གྱི་བརྗོད་བྱའི་ཁྱད་ཆོས་དང་བསྟུན་ཏེ་མི་སྣ་དང་དོན་དག དངོས་པོ། མི་སྣའི་སེམས་ཀྱི་འགྱུར་བ་དང་ཡིད་ཀྱི་འཆར་སྒོ། དེ་མིན་ཡུལ་ངེས་གཏན་ཅན་བཅས་ལས་གང་ཞིག་གནད་དུ་བཟུང་སྟེ། ཕྲེང་བའི་ཕྲེང་རྡོག་རྣམས་ཕྲེང་ཐག་གཅིག་ལ་རྒྱུ་བ་ནང་བཞིན་འབྲེལ་ཡོད་རྒྱུ་ཆ་རྣམས་ཕྱོགས་གཅིག་ཏུ་སྒྲིག་ལུགས་ལ་བསམ་བློ་གཏང་དགོས་འདུག་ལ། རྩོམ་རིག་གཞུང་ལུགས་ལྟར་ན་ལས་ཀ་འདི་ལ་བྱུང་རིམ་ལྷན་དུ་སྡེབ་པ་ཟེར་དགོས་འདུག

གཅིག མི་སྣ་གནད་དུ་བཟུང་སྟེ་བྱུང་རིམ་ལྷན་དུ་སྡེབ་པ།

སྒྲུང་གཏམ་སྐོར་ཞིག་བློས་སློང་བྱེད་སྐབས། མི་སྣ་ཞིག་གི་བདེ་སྡུག་ཉམས་སུ་མྱངས་པའི་གོ་རིམ་མམ་འཚར་ལོངས་བྱུང་བའི་བརྒྱུད་རིམ་དེ་གནད་དུ་བཟུང་སྟེ། མི་སྣ་དང་འབྲེལ་བ་ཡོད་པའི་དོན་རྐྱེན་རབ་དང་རིམ་པ་རྣམས་གུང་བསྒྲིགས་ཏེ་བརྩམས་ཆོས་ཀྱི་བརྗོད་བྱ་གཏན་ལ་འབེབ་བཞིན་ཡོད་ལ། བྱུང་རིམ་འདི་ལྟར་བཀོད་སྒྲིག་བྱས་པའི་སྒྲུང་གཏམ་ནི་མི་སྣ་གནད་དུ་བཟུང་སྟེ་བྱུང་རིམ་ལྷན་དུ་བསྡེབས་པའི་གྲས་སུ་གཏོགས་པར་འདོད། ཁོ་བོའི་སྒྲུང་གཏམ་རྣམས་ལས《བསོད་ནམས་རྒྱ་མཚོ》དང་།《ཤ་ཡུ་མོ་ཤེའུ》དང་།《ཤ》དང་།《བྱང་ཆུབ་སེམས་དཔའ་རི་བོང་བློ་ལྡན་གྱི་རྟོགས་བརྗོད》དང་།《དར་ལྕོག རླུང་བུ། ད་དུང་ལྷེམ་ལྷེམ་གཡོ་བའི་རླུང་རྟ》སོགས་ནི་གསར་རྩོམ་བྱེད་སྐབས་མི་སྣ་གནད་དུ་བཟུང་སྟེ་བྱུང་རིམ་ལྷན་དུ་བསྡེབས་ཡོད་ལ། དེ་དག་ལས་སྒྲུང་ཐུང《ཤ》ལ་ཆ་མཚོན་ན་བརྗོད་བྱ་ནི་ལྷ་ས་ན་ཡོད་པའི་མདོ་སྨད་ཀྱི་སྨད་ཚོང་མ་ཞིག་གི་ཕ་ཡུལ་དྲན་པའི་སྐོར་ཡིན་པ་དང་། བརྗོད་བྱ་དེ་ཉིད་སྒྲུང་གཏམ་ཞེས་པའི་རྩོམ་ལུས་འདི་ལ་བརྟེན་ནས་བྱུང་རིམ་ཆ་ཚང་བ་དང་། མི་སྣའི་སྣང་བརྙན་གསལ་བ། ཁོར་ཡུག་གི་རྣམ་པ་གསལ་བོའི་སྒོ་ནས་མཚོན་ཆེད། མི་སྣ་གཙོ་བོ་སྟེ་སྒྲོལ་མ་གནད་དུ་བཟུང་སྟེ་བྱུང་རིམ་བཀོད་སྒྲིག་བྱས་ཡོད་ལ། དཔེར་ན་སྒྲུང་གཏམ་གྱི་རྩོམ་མགོ་འཛིན་སྐབས། རླུང་གི་རྣམ་པ་དང་ཁྱད་ཆོས་ལ་བརྟེན་ཏེ་སྒྲོལ་མ་མདོ་སྨད་ནས་ལྷ་སར་སླེབས་ལུགས་དེ་བརྗོད་པ་དང་། དེའི་རྗེས་སུ་སྒྲོལ་མས་ཕ་ཡུལ་དྲན་ནས་འདུག་མ་བཟོད་དེ་མེ་འཁོར་ས་ཚིགས་སུ་སོང་ནས་འཛིན་བྱང་ཉོས་མོད། ཕ་ཡུལ་ལ་འགྲོ་བའི་སྤོབས་པ་མེད་པས། མེ་འཁོར་གྱི་འཛིན་བྱང་སིལ་བུར་བཤགས་ཏེ་རླུང་ལ་སྤུར་བའི་སྐོར་དེ་བྲིས་པ་དང་། བྱུང་རིམ་དེ་ཉིད་ཀྱི་རྗེས་སུ་ཨ་ཕ་དྲན་ནས་འདུག་མ་བཟོད་དེ“བཞིན་གྱི་རྣམ་པ། ལུས་ཀྱི་ཚུགས་ཀ སྐད་ཆ་འཆད་སྐབས་ཀྱི་ཉམས་འགྱུར”བཅས་ནི་རང་གི“ཨ་ཕ་དང་གཉིས་སུ་མེད”[བཀྲ་བྷ།《བཀྲ་བྷ་ཡི་སྒྲུང་ཐུང་ཕྱོགས་བསྒྲིགས》མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༦ལོ། ཤོག་ངོས༡༩༢ན་གསལ]པའི་འབྲོག་པ་ཤ་ཚོང་གཉེར་མཁན་དེའི་གམ་ལ་སྐམས་ཤ་ཉོ་བར་ཕྱིན་ལུགས་བྲིས་པ་དང་། མཇུག་མཐར་མཚན་མོ་ཞིག་ལ་སྒྲོལ་མ་དང་གྲོགས་མོ་གཉིས་ལྷ་ཀླུ་ཟམ་པའི་མར་གཤམ་གྱི་དམངས་ཁང་ཞིག་ཏུ་བསྐུངས་ཏེ་མགྲོན་པོར་ངང་སྒུག་བྱེད་སྐབས། སྒྲོལ་མའི་ཨ་ཕ་དང་ཕུ་བོ་གཉིས་ཀས་སྒྲོལ་མ་བཙལ་ནས་དམངས་ཁང་དེ་ལ་བསླེབས་པ་བརྗོད་རྗེས་སྒྲུང་གཏམ་གྱི་བརྗོད་བྱ་ཡོངས་སུ་རྫོགས་སོང་བ་ལྟ་བུའོ། །

གཉིས། དོན་དག་གནད་དུ་བཟུང་སྟེ་བྱུང་རིམ་ལྷན་དུ་སྡེབ་པ།

སྒྲུང་གཏམ་སྐོར་ཞིག་བློས་སློང་བྱེད་སྐབས། གོ་རིམ་རྙོག་དྲ་ཅན་གྱི་དོན་དག་ཅིག་གམ་དོན་དག་ཅིག་ལ་བརྟེན་ནས་བྱུང་བའི་རྙོག་དྲ་ཅན་གྱི་དོན་དག་གནད་དུ་བཟུང་སྟེ། དོན་དག་དེ་ཉིད་ཐོག་མར་ཇི་ལྟར་བྱུང་བ་དང་། བར་དུ་ཇི་ལྟར་འགྱུར་བ། མཐོ་རླབས་གང་ནས་འཕྱུར་བ། མཇུག་འབྲས་ག་འདྲ་སྨིན་པ་རྣམས་རྒྱས་བསྡུས་གསལ་བའི་སྒོ་ནས་གཞི་གཅིག་ལ་བསྒྲིགས་ཏེ་བརྗོད་བཞིན་ཡོད་ལ། བརྩམས་ཆོས་ཀྱི་བརྗོད་བྱ་གཏན་ལ་འབབ་ལུགས་འདི་ནི་དོན་དག་གནད་དུ་བཟུང་སྟེ་བརྗོད་དོན་གཏན་ལ་འབེབས་པའི་བློས་སློང་བྱེད་སྟངས་ཀྱི་གྲས་སུ་གཏོགས་དགོས་འདུག ཁོ་བོའི་སྒྲུང་གཏམ་རྣམས་ལས་མུ་འབྲེལ་སྒྲུང་གཏམ་ཡིག་བརྒྱ་མ《སྒྲོལ་མ་ཉེར་གཅིག》གི་བཅུ་གཉིས་པ་སྟེ《ཤར་ཕྱོགས་ལྷུན་པོའི་ཀླད་ཀྱི་སྤྲིན་དཀར》དང་། སྒྲུང་ཐུང་སྟེ《མེད》དང་།《བསོད་ནམས》དང་།《གྱོད》དང་།《དྲེད་མོང》དང་།《ཀྱེ་མ། ཛམ་བྷ་ལ་མི་ཡུལ་ལ་ཕེབས་བྱུང》སོགས་ནི་གསར་རྩོམ་བྱེད་སྐབས་དོན་དག་གནད་དུ་བཟུང་སྟེ་བྱུང་རིམ་ལྷན་དུ་བསྡེབས་ནས་བརྩམས་པ་ཡིན་ལ། སྒྲུང་གཏམ་དེ་དག་ལས《མེད》ལ་མཚོན་ན་བརྩམས་ཆོས་ཀྱི་བརྗོད་སྙིང་ནི་ཕ་བུ་བར་གྱི་རིག་གནས་ཐད་ཀྱི་འགལ་བ་ཡིན་ལ། འགལ་བ་དམིགས་སུ་གསལ་བ་དེ་དཔེ་མཚོན་རང་བཞིན་ལྡན་པའི་སྒོ་ནས་སྟོན་ཆེད། སྒྲུང་གཏམ་དེ་ཉིད་གསར་རྩོམ་བྱེད་སྐབས། མཛུབ་མོ་གནམ་ལ་ཀེར་བའི་བརྡ་ལ་ངོས་འཛིན་ལུགས་མི་འདྲ་བ་བྱུང་བའི་དོན་དག་དེ་གནད་དུ་བཟུང་ནས་བྱུང་རིམ་སིལ་མ་རྣམས་ལྷན་དུ་བསྡེབས་པ་ཡིན་ཏེ། དཔེར་ན་བཀྲ་ཤིས་ཐོག་མར་སློབ་གྲྭ་ཆེན་མོའི་མདུན་སྒོར་སླེབས་སྐབས། ལྷ་མོ་གཡུ་མཚོའི་བཀོད་འདོམས་ལྟར་རྣམ་པར་རྒྱལ་བའི་བརྡ་ལ་གོང་མཛུབ་དང་དཀྱིལ་མཛུབ་གཉིས་ཀ་གནམ་ལ་ཀེར་ནས་པར་ཞིག་བརྒྱབ་སྟེ་ཕ་ཡུལ་ལ་བསྐུར་བ་ན། ཕ་མ་གཉིས་ཀས་མཛུབ་མོ་ཀེར་བ་དེ་རྣམ་པར་རྒྱལ་བའི་བརྡ་ལ་མ་གོ་བ་མ་ཟད། བུས་གྲོན་དངུལ་སློང་བཞིན་གདའ་སྙམ་སྟེ་སྒོར་མོ་ཉིས་བརྒྱ་བསྐུར་བ་དང་། དེའི་རྗེས་སུ་བཀྲ་ཤིས་གནམ་བདེ་སྒོ་མོ་ཆེར་སོང་སྟེ་མགོ་ཁྲིད་ཆེན་པོ་རྣམས་ཀྱིས་མང་ཚོགས་ལ་ཕྱག་བརྡ་གནང་ལུགས་ལྟར་མཛུབ་མོ་ལྔ་གནམ་ལ་ཀེར་ནས་པར་ཞིག་བརྒྱབ་སྟེ་ཕ་ཡུལ་ལ་བསྐུར་བ་ན། ཕ་མ་གཉིས་ཀས་སྔར་ལྟར་མཛུབ་མོ་ཀེར་ལུགས་དེ་གྲོན་དངུལ་སློང་ལུགས་ཤིག་ལ་གོ་སྟེ། བཀྲ་ཤིས་ལ་སྒོར་མོ་ལྔ་བརྒྱ་བསྐུར། ཡང་དེའི་རྗེས་སུ་བཀྲ་ཤིས་རྒྱ་ནག་ལྕགས་རི་རིང་བོར་སོང་སྟེ་ལག་ཟུང་གནམ་ལ་བསྲིངས། མཛུབ་མོ་མཁའ་ལ་ཀེར་ནས་པར་ཞིག་བརྒྱབ་སྟེ་ཕ་ཡུལ་ལ་བསྐུར་བ་ན། ཕ་མ་གཉིས་ཀས་བཀྲ་ཤིས་ཀྱི་མཛུབ་མོའི་གྲངས་ཀ་རྩིས་ཏེ་བུས་གྲོན་དངུལ་ལ་སྒོར་མོ་སྟོང་གཅིག་སློང་བཞིན་གདའ་སྙམ་བྱུང་བས། རང་ལ་སྒོར་མོ་མེད་ཅེས་པའི་བརྡ་དེ་བུ་ལ་གསལ་ཐག་ཆོད་པའི་ངང་ནས་སྟོན་ཆེད། ཕ་མགོན་པོ་ནི་ཁོང་ཁྲོ་ཆེན་པོ་དང་བཅས་རྫོང་གི་པར་ལེན་ཁང་ལ་སོང་ནས“ཡོལ་བའི་མདུན་རོལ་དུ་ལངས་ཏེ། ཉྭ་ཀུམ་ཀུམ་དང་ལུས་སྒོང་སྒོང་བྱས་པ་དང་། གྲུ་མོ་རྒྱབ་ལ་འཐེན་ཞོར་དུ་ལག་ངར་མདུན་ལ་བསྲིངས། ལག་མཐིལ་གནམ་ལ་བསྐོར་ཏེ། གནད་དམ་པ་ཞིག་ལ་ཉམས་དམས་ཆེན་པོ་བྱུང་བའི་ཉམས་ཤིག་སྟོན་བཞིན་ལངས་ནས”[བཀྲ་བྷ།《བཀྲ་བྷ་ཡི་སྒྲུང་ཐུང་ཕྱོགས་བསྒྲིགས》མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༦ལོ། ཤོག་ངོས༢༠༥ན་གསལ]པར་ཞིག་བརྒྱག་དགོས་བྱུང་བ་ལྟ་བུའོ། །

གསུམ། དངོས་པོ་གནད་དུ་བཟུང་སྟེ་བྱུང་རིམ་ལྷན་དུ་སྡེབ་པ།

སྒྲུང་གཏམ་སྐོར་ཞིག་བློས་སློང་བྱེད་སྐབས། སྐབས་རེར་དངོས་པོ་ཞིག་གནད་དུ་བཟུང་སྟེ་བྱུང་རིམ་མདུན་ལ་འདེད་བཞིན་ཡོད་པ་དང་། བྱུང་རིམ་མདུན་ལ་འདེད་སྐབས། དངོས་པོ་དེ་ལ་བརྟེན་ནས་མི་དང་མི་བར་གྱི་འགལ་བ་དང་འབྲེལ་བ་ཅི་ཞིག་བྱུང་བ་དེ་བྱུང་རིམ་ལ་བརྟེན་ནས་གཟུགས་རིས་གསལ་བའི་སྒོ་ནས་བརྗོད་བཞིན་ཡོད། ཁོ་བོས་མིག་སྔའི་བར་དུ་དངོས་པོ་གནད་དུ་བཟུང་ནས་སྒྲུང་གཏམ་མང་བོ་བྲིས་མི་འདུག་པས། གནད་འདི་ལྟར་བརྩམས་པའི་དཔེ་བརྗོད་ལ་མུ་འབྲེལ་སྒྲུང་གཏམ་ཡིག་བརྒྱ་མ《སྒྲོལ་མ་ཉེར་གཅིག》གི་ལྔ་བ་སྟེ《རྨ་ཆུ། འདི་ནས་རྒྱང་ལ་འཐེན》དང་བཅུ་དགུ་པ་སྟེ《ས་སྲོས་ཀྱི་འབྲུག་སྒྲ》དང་། སྒྲུང་ཐུང་སྟེ《རྒྱན་བྱང》དང་། སྒྲུང་འབྲིང་སྟེ《ནས》དང་། སྒྲུང་ཐུང《དཔལ་འབྱོར》རྣམས་ལས་འདྲེན་ཐབས་མ་བྱུང་། གོང་གི་སྒྲུང་གཏམ་རྣམས་ལས《ས་སྲོས་ཀྱི་འབྲུག་སྒྲ》དང་།《རྒྱན་བྱང》དང་།《དཔལ་འབྱོར》གསུམ་ལས་དངོས་པོ་སྟེ“སྒོར་མོ”གནད་དུ་བཟུང་ནས་བྱུང་རིམ་མདུན་ལ་དེད་ཡོད་པ་དང་།《ནས》ལས་དངོས་པོ་སྟེ་བཟའ་འབྲུ“ནས”གནད་དུ་བཟུང་ནས་འབྲེལ་ཡོད་བྱུང་རིམ་མང་བོ་ལྷན་དུ་བསྡེབས་ཏེ་བརྩམས་ཡོད་ལ།《རྨ་ཆུ། འདི་ནས་རྒྱང་ལ་འཐེན》གྱི་བརྗོད་བྱ་ནི་རྨ་ཆུའི་སྟོད་རྒྱུད་ན་གནས་པའི་གཞོན་ནུ་མ་ཞིག་གིས་རྨ་ཆུའི་སྨད་རྒྱུད་ན་གནས་པའི་དགའ་རོགས་དྲན་པའི་སྐྱོ་གདུང་དེ་ཡིན་ལ། སྐྱོ་གདུང་དེ་དཔེ་མཚོན་རང་བཞིན་ལྡན་པ་དང་བྱུང་རིམ་ཆ་ཚང་བའི་སྒོ་ནས་ལེགས་པར་མཚོན་ཆེད། དངོས་པོ་སྟེ་ཤེལ་དམ་སྟོང་བ་ཞིག་གཏམ་རྒྱུད་ཀྱི་སྲོག་ཤིང་དུ་བཀོད་ནས་བྱུང་རིམ་མདུན་ལ་དེད་པ་དང་། བྱུང་རིམ་མདུན་ལ་འདེད་སྐབས་མི་སྣས་ཤེལ་དམ་ཆུ་ལ་མ་བསྐྱུར་བའི་ཡར་སྔོན་གྱི་སེམས་ཁམས་དང་། ཤེལ་དམ་ཆུ་ལ་སྐྱུར་སྐབས་ཀྱི་སེམས་ཁམས། ཤེལ་དམ་ཆུར་བསྐྱུར་རྗེས་ཀྱི་སེམས་ཁམས་དེ་གཟུགས་རིས་གསལ་བའི་སྒོ་ནས་མངོན་པར་མཚོན་ཡོད་དོ།།

བཞི། མི་སེམས་གནད་དུ་བཟུང་སྟེ་བྱུང་རིམ་ལྷན་དུ་སྡེབ་པ།

སྒྲུང་གཏམ་སྐོར་ཞིག་བློས་སློང་བྱེད་སྐབས། མི་སྣ་གང་ཞིག་གི་སེམས་ཁམས་དང་ཡིད་ཀྱི་འཆར་སྒོ་གནད་དུ་འཛིན་པ་དང་། སེམས་ཁམས་དང་འཆར་སྒོ་དེ་མཚོན་པར་ནུས་པའི་བྱུང་རིམ་དཔེ་མཚོན་རང་བཞིན་ལྡན་པ་རྣམས་ལྷན་དུ་བསྡེབས་ཏེ། སྒྲུང་གཏམ་གྱི་བྱུང་རིམ་བཀོད་སྒྲིག་བྱེད་བཞིན་ཡོད་ལ། གསར་རྩོམ་ལ་འཇུག་པའི་ལག་ལེན་དངོས་ལ་གཞིགས་ན། སྒྲུང་གཏམ་བློས་སློང་བྱེད་སྐབས། མི་སེམས་གནད་དུ་བཟུང་སྟེ་བྱུང་རིམ་ལྷན་དུ་སྡེབ་ལུགས་གཉིས་ཡོད་དགོས་འདུག་ཅིང་། གཅིག་ནི་མི་སྣའི་སེམས་ཁམས་ཀྱི་འགྱུར་ལྡོག་གནད་དུ་འཛིན་པ་དང་། གཞན་ཞིག་ནི་མི་སྣའི་ཡིད་ཀྱི་འཆར་སྒོ་གནད་དུ་འཛིན་པ་དེ་ཡིན་ནོ། །

ཀ སེམས་ཁམས་ཀྱི་འགྱུར་ལྡོག་གནད་དུ་འཛིན་པ།

སྒྲུང་གཏམ་བློས་སློང་བྱེད་སྐབས། རྩོམ་མཁན་གྱིས་མི་སྣའི་སེམས་ཁམས་ཀྱི་འགྱུར་ལྡོག་གནད་དུ་བཟུང་སྟེ་བྱུང་རིམ་བཀོད་སྒྲིག་བྱས་ན། མི་སྣའི་སེམས་ཀྱི་བདེ་སྡུག་དང་གསང་བ་བྱུང་རིམ་བརྒྱུད་དེ་ཕྱི་ལ་མངོན་པ་དང་བསྟུན་ནས། མི་སྣའི་སྣང་བརྙན་ཡང་བདེ་བླག་ངང་ནས་གསར་སློང་བྱེད་ནུས་པར་འདོད་དེ། ཁོ་བོའི་སྒྲུང་གཏམ་རྣམས་ལས《སྒྲོལ་མ་ཉེར་གཅིག》གི་བཅུ་བདུན་པ་སྟེ《དཔྱིད་ཀྱི་ཉི་འོད》དང་། སྒྲུང་ཐུང་སྟེ《གལ་ཏེ》དང《མེ་ལོང་ནང་གི་ཕྱེ་མ་ལེབ》རྣམས་བློས་སློང་བྱེད་སྐབས། བརྩམས་ཆོས་སུ་འདྲེན་གྲབས་ཡོད་པའི་མི་སྣའི་སེམས་ཁམས་གནད་དུ་བཟུང་སྟེ་བྱུང་རིམ་ལྷན་དུ་བསྡེབས་པ་ཡིན་ལ། དེ་དག་ལས་སྒྲུང་ཐུང《གལ་ཏེ》ལ་ཆ་མཚོན་ན། མི་སྣ་གཙོ་བོ“ཁྱོད”ནི་ཕུགས་འདུན་དང་དངོས་ཡོད་གཉིས་ཀའི་འགལ་བས་སྡུག་ལ་སྦྱར་འདུག་པའི་ན་གཞོན་ལས་བྱེད་པ་ཞིག་ཡིན་ལ། ཁོ་བོས་སྒྲུང་གཏམ་འདི་ཉིད་བློས་སློང་བྱེད་སྐབས། “ཁྱོད”ཀྱི་སྡུག་གི་ཀློང་ལ་འཁྱམ་ཡོད་པའི་སེམས་ཁམས་དེ་གནད་དུ་བཟུང་སྟེ་བྱུང་རིམ་མདུན་ལ་དེད་ཡོད་དེ། དཔེར་ན་རྩོམ་མགོ་འཛིན་སྐབས“ཕྱི་དྲོའི་ལས་མཚམས་བཞག་རྗེས། ཁྱོད་རང་འཐད་ལ་མི་འཐད་པའི་ངང་ནས་མལ་ཁང་དུ་ལོག ཁྱིམ་ཧྲིལ་བོར་ཆང་དྲི་དང་དུད་དྲི་འདྲེས་པའི་དྲི་མ་སྐྱུག་བྲོ་བ་ཞིག་འཐིབས་འདུག”[བཀྲ་བྷ། 《བཀྲ་བྷ་ཡི་སྒྲུང་ཐུང་ཕྱོགས་བསྒྲིགས》མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༦ལོ། ཤོག་ངོས༡ན་གསལ]ཅེས་བརྗོད་དེ། ཁོར་ཡུག་དང་སྤྱོད་པ་གཉིས་ལ་བརྟེན་ནས་མི་སྣའི་སེམས་ཁམས་ག་འདྲ་ཡིན་པ་གསལ་བཤད་བྱས་རྗེས། ཁྱིམ་ནས་རོལ་སྟངས་དང་། མཚན་གྱི་རྨི་ལམ་རྨི་སྟངས། ལས་ཁུངས་ནས་བྱ་བ་གཉེར་སྟངས། ལས་ཀ་མེད་དུས་གཞུང་ལམ་གྱི་འགྲམ་ལ་སོང་སྟེ་གཞོན་ནུ་མའི་འཕོངས་ཚོས་ལ་ལྟ་སྟངས་སོགས་ནི་སྔུག་ཉམས་ཅན་གྱི་བྱུང་རིམ་ལ་དྲངས་ཏེ་ག་ལེར་བརྗོད་པ་ན། ཕུགས་འདུན་གྱིས་སྡུག་ལ་སྦྱར་བའི་གཞོན་ནུ་ཞིག་གི་སྣང་བརྙན་གཟུགས་རིས་གསལ་བའི་ངང་ནས་གསར་སློང་བྱེད་ཐུབ་པར་གྱུར་བ་ལྟ་བུའོ། །

ཁ། ཡིད་ཀྱི་འཆར་སྒོ་གནད་དུ་འཛིན་པ།

སྒྲུང་གཏམ་སྐོར་ཞིག་བློས་སློང་བྱེད་སྐབས། མི་སྣའི་ཡིད་ཀྱི་འཆར་སྒོ་གནད་དུ་བཟུང་སྟེ་བྱུང་རིམ་ལྷན་དུ་བསྡེབས་ཡོད་ལ། སྒྲུང་གཏམ་གྱི་བྱུང་རིམ་འདི་ལྟར་སྒྲིག་སྦྱོར་བྱས་པ་ན། བྱུང་རིམ་སྡེ་ཚན་གཅིག་ནས་སྡེ་ཚན་གཞན་ཞིག་ལ་འཕོ་ཚུལ་མྱུར་བ་མ་ཟད། སྡེ་ཚན་སྔ་ཕྱིའི་མཚམས་སུ་འཕོ་བརྒལ་གྱི་བར་སྟོང་ཆེན་པོ་ཞིག་ཡོད་མོད། འོན་ཏེ་མི་སྣའི་སེམས་ཀྱི་དྲན་ཚུལ་གཞིར་བཟུང་ནས་དཔྱད་ན་བྱུང་རིམ་གྱི་སྔ་ཕྱིའི་བར་ལ་གཏན་ཚིགས་ཀྱི་འབྲེལ་བ་ཡོད་པ་དང་། བྱུང་རིམ་གྱི་ཚོགས་པ་སྤྱི་ཡིས་བརྗོད་སྙིང་རིལ་བོ་གཅིག་མཚོན་ཐུབ་པ་ཞིག་ཡིན་དགོས་འདུག ཁོ་བོའི་སྒྲུང་གཏམ་རྣམས་ལས་སྒྲུང་འབྲིང་སྟེ《རླུང》དང་། སྒྲུང་ཐུང་སྟེ《མེ་ལོང》གཉིས་ཀ་ནི་ཡིད་ཀྱི་འཆར་སྒོ་གནད་དུ་བཟུང་བའི་བརྩམས་ཆོས་ཀྱི་གྲས་སུ་གཏོགས་པ་འདྲ་སྟེ། སྒྲུང་གཏམ《རླུང》བློས་སློང་བྱེད་སྐབས། མི་སྣ་གཙོ་བོ་སྟེ“ང”ནི་ཉི་མ་ལྷ་སའི་མ་སྐྱེས་ཨ་མ་ཞེས་པའི་ཇ་ཁང་དེ་གར་བསྡད་དེ་སྒྲུང་གཏམ་འབྲི་བཞིན་ཡོད་པའི་ཚུལ་དེ་རྩོམ་མགོར་བཀོད་དེ། སློབ་ཆེན་སློབ་མ་ཞིག་གི་སློབ་ཆེན་གྱི་འཚོ་བ་དེ་ཕྱིར་དྲན་གྱི་ཚུལ་དུ་དྲངས་པ་དང་། འདས་པ་ཕྱིར་དྲན་གྱི་དུས་སུ་ཡིད་ལ་འཕོས་པའི་དོན་དག་རྣམས་བྱུང་རིམ་དང་བྱུང་རིམ་ཕྲ་མོའི་རྣམ་པར་སྒྱུར་སྐབས། བྱུང་རིམ་ནི་མི་སེམས་སུ་འཆར་སྒོ་སྣ་ཚོགས་འབྱུང་ལུགས་ལྟར་ལྷན་དུ་བསྡེབས་པ་ན། བརྩམས་ཆོས་ཀྱི་བྱུང་རིམ་ཐར་ཐོར་དུ་གྱུར་པ་དང་། འཕོ་བརྒལ་གྱི་འགྲོས་མྱུར་བ། བར་མཚམས་སོ་སོར་སྟོང་ཆ་ཆེན་པོ་ལྡན་པའི་བྱུང་རིམ་སིལ་མ་མང་བོ་བྱུང་བ་མ་ཟད། བྱུང་རིམ་ཐམས་ཅད་གཞི་གཅིག་ལ་བསྡེབས་པ་ན་སློབ་ཆེན་གྱི་འཚོ་བའི་ཟུར་མི་འདྲ་བ་མང་བོ་གཟུགས་རིས་ལྡན་པའི་ངང་ནས་མཚོན་ཐུབ་པར་གྱུར་བ་ལྟ་བུའོ།།

ལྔ། ཡུལ་གནད་དུ་བཟུང་སྟེ་བྱུང་རིམ་ལྷན་དུ་སྡེབ་པ།

སྒྲུང་གཏམ་སྐོར་ཞིག་བློས་སློང་བྱེད་སྐབས། རྩོམ་པ་པོས་ཡུལ་ལམ་གནས་ངེས་གཏན་ཅན་ཞིག་གནད་དུ་བཟུང་རྗེས། མི་སྣ་ནི་གར་སྟེགས་སུ་གྱུར་པའི་ཡུལ་ལམ་གནས་དེར་གར་གདན་འདྲེན་སྲིད་པ་མ་ཟད། མི་སྣའི་ཐུན་མིན་གྱི་བྱ་སྤྱོད་ལ་བརྟེན་ནས་སྣང་བརྙན་གསར་སློང་བྱེད་པ་དང་མི་གཤིས་མངོན་པར་མཚོན་བཞིན་གདའ། གཞན་གྱི་བརྩམས་ཆོས་དང་རང་ཉིད་ཀྱི་ཉམས་མྱོང་ལ་གཞིགས་ན། ཡུལ་གནད་དུ་བཟུང་སྟེ་བྱུང་རིམ་ལྷན་དུ་སྡེབ་ལུགས་གཉིས་ཡོད་དེ། གཅིག་ནི་ཡུལ་གཅིག་ལ་མི་སྣ་སྐོར་ཁག་དུ་མ་དྲངས་ཏེ་བྱུང་རིམ་གྱི་སྐོར་ཁག་མང་བོ་ཕྲེང་བར་སྒྲིག་པ་དང་། གཞན་ཞིག་ནི་ཡུལ་གཅིག་ལ་མི་སྣ་སྐོར་གཅིག་དྲངས་ཏེ་བྱུང་རིམ་མདུན་ལ་འདེད་པ་དེ་ཡིན་ནོ། །

ཀ མི་སྣ་སྐོར་ཁག་མང་བོ་འདྲེན་པ།

སྒྲུང་གཏམ་གང་ཞིག་བློས་སློང་བྱེད་སྐབས། ཡུལ་ངེས་གཏན་ཅན་ཞིག་གཏན་འབེབས་བྱས་རྗེས། སྐོར་ཁག་མི་འདྲ་བའི་མི་སྣ་རྣམས་རིམ་བཞིན་ཡུལ་དེ་གར་དྲངས་ཏེ། མི་སྣའི་གཏམ་གླེང་དང་སྤྱོད་པ་ནི་ཁོར་ཡུག་བཀོད་འབྲི་དང་ལྷན་དུ་བསྡེབས་ཏེ་བྱུང་རིམ་མདུན་ལ་དེད་པ་ན། ཚོགས་པ་རིགས་མི་འདྲ་བའི་སྣང་བརྙན་ཕྲེང་བར་བསྒྲིགས་ནས་གསར་སློང་བྱེད་ཐུབ། ཁོ་བོའི་སྒྲུང་གཏམ་རྣམས་ལ་ཆ་མཚོན་ན་མི་སྣ་སྐོར་མང་བོ་ཡུལ་ལམ་གནས་གཅིག་ལ་དྲངས་ཏེ་བྱུང་རིམ་མདུན་ལ་དེད་པའི་བརྩམས་ཆོས་ཤིན་ཏུ་ཉུང་མོད། དེ་དག་ལས《འཕོ་འགྱུར》དང《མེ་ལོང》གཉིས་ཀ་ནི་ཡུལ་གནད་དུ་བཟུང་སྟེ་བྱུང་རིམ་ལྷན་དུ་བསྡེབས་པའི་སྒྲུང་གཏམ་གྱི་གྲས་སུ་འདྲེན་རུང་བར་འདོད་དེ། དཔེར་ན《འཕོ་འགྱུར》ལས་བྱུང་རིམ་ནི་ཡུལ་ཏེ་ཁྱིམ་ཚང་གནད་དུ་བཟུང་ནས་མདུན་ལ་དེད་ཡོད་པ་དང་། བྱུང་རིམ་མདུན་ལ་འདེད་སྐབས། ཁྱིམ་མིའི་བར་གྱི་བསམ་བློ་ཐད་ཀྱི་འགལ་བ་དེ་ལེགས་པར་མཚོན་ཆེད། སྒྲོལ་མ་དང་ཁོ་མོའི་ཁྱོ་ག་ཚེ་རིང་གཉིས་ཀ་སྐོར་ཁག་གཅིག་དང་། སྒྲོལ་མའི་སྒྱུག་པོ་དབང་དྲག་བསྟན་འཛིན་དང་སྒྱུག་མོ་གཉིས་ཀ་སྐོར་ཁག་གཅིག སྒྲོལ་མའི་བུ་ཡོན་ཏན་རྒྱ་མཚོ་དང་སྒེར་གཉེར་སློབ་གྲྭའི་དགེ་རྒན་དབང་ཆེན་སྟོབས་རྒྱལ་གཉིས་ཀ་སྐོར་ཁག་གཅིག་བྱས་ཏེ་བརྩམས་ཆོས་སུ་དྲངས་པ་ལྟ་བུའོ།།

ཁ། མི་སྣ་སྐོར་ཁག་གཅིག་འདྲེན་པ།

སྒྲུང་གཏམ་གང་ཞིག་བློས་སློང་བྱེད་སྐབས། རྩོམ་པ་བོས་ཡུལ་ངེས་གཏན་ཅན་ཞིག་ལ་མི་སྣ་སྐོར་གཅིག་དྲངས་ཏེ། མི་སྣའི་གཏམ་གླེང་དང་སྤྱོད་པ་ནི་ཁོར་ཡུག་གི་རྣམ་པ་དང་ལྷན་དུ་བསྡེབས་ཏེ་བྱུང་རིམ་མདུན་ལ་དེད་པ་ན། གཏམ་རྒྱུད་ཡིད་དབང་འཕྲོག་པ་ཞིག་བརྗོད་ནུས་པ་མ་ཟད། མི་སྣའི་སྣང་བརྙན་ཡང་བདེ་བླག་ངང་ནས་གསར་སློང་བྱེད་ནུས། ཁོ་བོའི་སྒྲུང་གཏམ་རྣམས་ལ་ཆ་མཚོན་ན་ཡུལ་གཅིག་གནད་དུ་བཟུང་ནས་བྱུང་རིམ་ལྷན་དུ་བསྡེབས་པ་ཅུང་མང་སྟེ། དཔེར་ན་སྒྲུང་ཐུང《ཟླ་བ་དང་མེ་ལོང》དང་།《ལམ》དང་།《གནས་རི》དང་། མུ་འབྲེལ་སྒྲུང་གཏམ་ཡིག་བརྒྱ་མ《སྒྲོལ་མ་ཉེར་གཅིག》གི་གཉིས་པ་སྟེ《མཁའ་མཐའི་ཉི་མ》དང་། ལྔ་བ་སྟེ《སྒྲོལ་མ་ཨ་ཕ། ཆང》དང་། དགུ་བ་སྟེ《ཨ་མ》དང་། བཅུ་གཉིས་པ་སྟེ《ཤར་ཕྱོགས་ལྷུན་པོ་ཀླད་ཀྱི་སྤྲིན་དཀར》སོགས་ནི་ཡུལ་ངེས་གཏན་ཅན་ལ་མི་སྣ་ངེས་གཏན་ཅན་རེ་གཉིས་དྲངས་ཏེ་བརྩམས་པ་ཡིན་ལ། དེ་དག་ལས《ཟླ་བ་དང་མེ་ལོང》ནི་དྲུག་པའི་ཀླུ་རོལ་གྱི་འདུ་ར་གནད་དུ་བཟུང་བ་དང་། མི་སྣ་ཟླ་བ་སྒྲོལ་མ་དང་། ཟླ་བ་ཚེ་རིང་། རྒན་མོ་ལྷ་ཆེན་དབང་མོ་སོགས་ཡུལ་དེར་དྲངས་ཏེ། མིའི་སྤྱོད་པ་དང་གཏམ་གླེང་ནི་ཁོར་ཡུག་གི་རྣམ་པ་དང་ལྷན་དུ་བསྡེབས་ཏེ་བྱུང་རིམ་ཐར་བརྡལ་ཡོད་པ་དང་། 《ཨ་མ》ལས་བཙུན་མ་ཨོ་རྒྱན་སྒྲོལ་མའི་གྲྭ་ཤག་གནད་དུ་བཟུང་བ་དང་། 《ཤར་ཕྱོགས་ལྷུན་པོ་ཀླད་ཀྱི་སྤྲིན་དཀར》ལས་ཟ་ཁང་གནད་དུ་བཟུང་སྟེ་དཔེ་མཚོན་རང་བཞིན་ལྡན་པའི་བྱུང་རིམ་སྣ་ཚོགས་ལྷན་དུ་བསྡེབས་འདུག་པ་ལྟ་བུའོ། །

གསལ་འདེབས་ཕྲན་བུ། སྒྲུང་གཏམ་བློས་སློང་གི་དུས་སུ་བྱུང་རིམ་ལྷན་དུ་སྡེབ་ལུགས་ལ་བསམ་བློ་གཏོང་ན། རྩོམ་པ་བོས་ཡིད་འཇོག་བྱ་དགོས་པ་འདི་འདྲ་ཡོད་པར་འདོད་དེ། གཅིག མི་སྣ་དང་དོན་དག དངོས་པོ། མི་སྣའི་སེམས་ཀྱི་འགྱུར་བ་དང་ཡིད་ཀྱི་འཆར་སྒོ་བཅས་ལས་གང་ཞིག་གནད་དུ་བཟུང་ན་སྒྲུང་གཏམ་གྱི་བརྗོད་པར་སྟོན་ནུས་པར་བསམ་བློ་གཏང་དགོས། གཉིས། བྱུང་རིམ་ལྷན་དུ་སྡེབ་སྐབས་བྱུང་རིམ་མང་བོས་ཕན་ཚུན་ལ་རམ་འདེགས་བྱ་དགོས། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།