ཀྲུང་གོ་བོད་ཀྱི་དྲ་བ།

གལ་ཏེ་དབྱར་རྩྭ་དགུན་འབུ་མེད་པར་གྱུར་ཚེ།

  རྩོམ་པ་པོ། : ཁྲི་གུར་ཀུམ།   སྤེལ་དུས། : 2020-08-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

         དཔྱིད་ཟླ་གསུམ་པ་ཚེས་ནས་བཟུང་ས་ཆུ་ཡུན་གྱིས་འཁྱགས་ལས་ཐར་ཞིང། ཞིང་གྲོང་གི་སོ་ནམ་པ་རྣམས་ཕྱི་ཕྱོགས་ལ་ཡོང་སྒོ་བཙལ་བར་འགྲོ་བའི་དུས་ཀྱང་ཐོན་སོང་བས། རླངས་འཁོར་ས་ཚུགས་ཀྱི་ཕྱི་ནང་ཀུན་ན་རྡོག་ཁྲེས་འཁུར་པའི་མི་ཚོགས་ཀྱི་འདུ་འགོད་འཁྲུགས།   ཁོ་ཚོ་ནི་ས་རྐོ་རྡོ་སློག་བྱེད་དུ་འགྲོ་མཁན། དབྱར་རྩྭ་བརྐོ་རུ་འགྲོ་མཁན། འབྲོག་ཁུལ་དུ་ཕྱུགས་ཟོག་འཚོ་རུ་འགྲོ་མཁན་སོགས་རེད་ལ། དེ་དག་ལས་ཀྱང་མང་ཆེ་ཤས་ནི་དབྱར་རྩྭ་་བརྐོ་རུ་འགྲོ་མཁན་རེད། དབྱར་རྩྭ་ཡོད་མེད་དང་རྙེད་མེད་དེའང་མིའི་བསོད་ནམས་ཆེ་ཆུང་ཅིག་དང་། ཡང་ན་ལས་དབང་བཟང་མིན་ཅིག་ལ་བློ་རྩེ་ཉི་ཤུ་རྩ་གཅིག་པོ་གཏད་ཡོད། ང་ཚོ་དུས་ཡུན་རིང་བོའི་ནང་རྨོངས་་དད་དང་བླུན་དད་ཀྱི་བྲན་གཡོག་ཏུ་ཚུད་ཡོད་པས། ད་ནི་བསམ་ཤེས་ན་འགྲིག་ཡོད། གཉིད་ལས་སད་ནའང་ཚད་རེད། འདི་ནི་བཅའ་བ་རིམ་གྲོ་སྒྲུབ་པས་ལན་སོང་ཟེར་བ་མིན་ལ། ཁ་དོན་དགེ་སྦྱོར་བྱས་པས་ཉེས་སོང་ཟེར་བའང་མིན། ཁ་དཔེར། རྟ་རྒྱུགས་རེ་དང་མེ་ཏོག་འཐུ་རེ་བྱས་ན་ཧ་ཅང་ཡག་པོ་རེད་བསམ་སོང་།

        དངོས་གནས་དྲང་གནས་ཀྱིས་དབྱར་རྩྭའི་ནུས་པ་ནི་དེ་འདྲའི་ཧ་ལས་ཧང་སང་དགོས་པ་དང་ནད་བརྒྱའི་སྨན་མཆོག་ཅིག་ཡིན་ནམ། དོན་ངོ་མར་དབུགས་འཚང་ལ་ཕན་ནམ། མཁལ་མ་སྐེད་པར་ཕན། གློ་གཅོང་ལ་ཕན་ནམ། སུ་ལའང་གདེང་ཚོད་ཡོད་པའི་སྐད་ཆ་རི་འདྲ་བ་ཅིག་བཤད་རྒྱུ་་མི་འདུག་ལ། དོན་ངོ་མའི་ནད་པ་ཟུངས་ཟད་ཅིག་དབྱར་རྩྭ་་ཁོ་ན་ཟོས་ཏེ་དྲགས་སོང་ཟེར་བ་ཅིག་ཀྱང་ད་སྔ་གོ་ཐོས་མ་བྱུང་། སྐད་ཆ་ལྡོམ་པོ་འདི་དག་རླུང་གིས་ཁུར་ཏེ་གང་སར་ཁྱབ་སོང་བ་ཡིན་ཤས་ཆེ་སྙམ། དེ་ལ་དེ་བསྟུན་སྒོས་ཀླད་རྙིང་མཁྲེགས་བཟུང་ཅན་འགའ་ཞིག་གིས་གླེན་བཤད་རྒྱག་མགོ་བརྩམས་སོང་། དབྱརརྩྭ་དགུན་འབུ་ནི་སངས་རྒྱས་བྱང་སེམས་གང་ཞིག་གིས་རང་རིགས་མང་ཚོགས་ཀྱི་འཚོ་བའི་ཁ་གསབ་ཏུ་གནང་བའི་དངོས་གྲུབ་བམ།གནམ་རྒན་མས་གནང་བའི་དངོས་གྲུབ་རེད་ལ་སོགས་ཀྱི་མང་པོ་མང་པོ་ཅིག་བཤད་བཞིན་འདུག            

        གང་ལྟར་འདི་ནི་མི་རིགས་་སྤྱིའི་དངོས་གྲུབ་ཅིག་ཏུ་མ་མཐོང་། འགའ་ཤས་ཤིག་རྒྱུ་ཐོག་ལ་འབུད་བཞིན་རྒྱུགས་ཤོར་ལང་ཤོར་གྱི་ངན་གོམས་ཤིག་རྒྱུད་ལ་སྐྱེ་བཞིན་མི་ལས་དགུ་ལས་བྱེད་བའི་བར་གསེང་ན་སྐྱུག་བྲོ་བའི་ཟློས་གར་མང་ལ། སྨན་རྩྭ་བརྐོ་མཁན་ཚོས་དམྱལ་བ་མྱངས་བཞིན་པ་རྟོགས་ཐུབ། །དྲང་མོར་བཤད་ན་ཞིང་འབྲོག་མང་ཚོགས་ཀྱི་འཚོ་བ་གནམ་ས་བླ་འོག་བསྒྱུར་བ་ལྟར་སོང་བ་ནི་སྲིད་ཇུས་བཟང་བོས་དྲིན་ཡིན་ཞིང་། ཁྲིམས་འགལ་གྱི་ལས་སོགས་མི་སྒྲུབ་པར་གང་སར་ཞོར་ལས་ལ་སོང་ཆོག་པ་དང། སྨན་རྩྭའི་དྲིན་ཡིན་པ་མིག་མཐོང་ལག་ཟིན་ཡིན་ཡང་ ། དེའི་ཞོར་ལ་དངོས་པོའི་དཔལ་ཡོན་ལྡབ་འགྱུར་གྱིས་འཕེལ་མོད། བསམ་པའི་དཔལ་ཡོན་ལྡབ་འགྱུར་གྱིས་འགྲིབ་བཞིན་པ་བློ་ཡུལ་ལ་ཤོང་དཀའ་བའི་ཚད་རེད། དཔེར་ན་མི་རྣམས་ལ་རྒན་གཞོན་མེད། ལེགས་ཉེས་མི་བརྩི། རྒྱུ་འབྲས་དབེན། བླང་དོར་འབྱེད་དཀའ། དགེ་སྡུག་སྤངས་བླངས་བྲལ། འདི་ནི་ད་གཟོད་ཆེས་འཇིགས་སུ་རུང་བ་ཞིག་དང་ཆེས་སྐྱི་ཡ་བ་ཞིག་ཏུ་འཁུམས། དབྱར་རྩྭ་དགུན་འབུ་ནི་ནད་ལ་ཕན་པར་ཧ་གོ་མ་བྱུང་ཡང་། དེའི་རིན་གོང་ཧ་ལས་པ་ཅིག་འདུག  དེ་ཕྱིར་མི་སེར་དཀྱུས་་མ་དག་གི་ལོངས་སུ་སྤྱད་བྱའང་མིན་སྟབས། བར་མ་བར་གྱི་སྨན་རྩྭའི་སྦྱིན་བདག་ཚོ་ཕྱུག་བདག་ཏུ་འགྱུར་བཞིན་མི་གཤིས་ཀྱང་དེ་བསྟུན་འགྱུར་བཞིན་འདུག  དེ་ཚབས་ཆེན་པོ་རེད་འདོད།  རྒྱུ་མཚན་ཅིའི་ཕྱིར་ཞེ་ན། འུ་ཚང་གིས་ད་རག་བར་དབྱར་རྩྭ་ལ་མ་བརྟེན་པར་ཞིང་འབྲོག་གི་འཚོ་བ་གཉེར་ཏེ་འོངས་པ་མིན་ནམ། བཙན་པོའི་རྒྱལ་རབས་སྐབས་སྟོབས་འབྱོར་ཧ་ཅང་ཆེ་ཡང་། དེའི་དབྱར་རྩྭར་བརྟེན་པ་མ་རེད། འཚོ་བ་ཅི་ལྟར་རོལ་བ་དང་ཁྱིམ་ཚང་ག་འདྲའི་ངང་སྐྱོང་བའི་ཐབས་གཞན་ལ་འདང་མི་རྒྱག་པར། ཕྱུག་པོར་ཅི་ལྟར་ལོག་པའི་ཕྱོགས་རྐྱང་རྐྱང་བློ་ངོར་ཤར་ཡོད་ཚོད་རེད། དེའང་ཁག་མི་འདུག་སྟེ། རང་ཁྱིམ་གཞན་ལས་འབུར་དུ་ཐོན་ཆེད། སྒོར་མོ་བཙལ་ཆོག་ཆོག་རེད། འདོད་ཡོན་ལྔ་ལ་ལོངས་སུ་སྤྱད་ཆོག་ཆོག་རེད། ཡིན་ཡང་སྒོར་རྡོག་འགའ་ལག་ལ་རེག་ཚེ་དེ་མ་ཉིད་གཤིས་ཀ་དབྱར་ཁའི་གནམ་ངོ་བཞིན་འགྱུར་འགྲོ་བ་ནི་ཆེས་མི་རུང་བ་ཞིག་རེད། 

      ཁྲི་ཀའི་ཕྱོགས་སུ་མཚོན་ན། དབྱར་རྩྭ་དགུན་འབུ་བརྐོས་ཏེ་ཕྱིརརང་་ཡུལ་ལ་ཡོང་བའི་རྣམ་པ་ལ་དབྱེ་ན་གཉིས་ཡོད་དེ། ཡོང་སྒོ་བཟང་བའི་ལོ་དེར། ནམ་རྒྱུན་རིག་རྒྱུ་མཐོང་རྒྱུ་མེད་པའི་གསར་བུ་གསར་མོ་གང་མང་ཅིག་གློ་བུར་དུ་ཆུ་མཛོད་གང་ཞིག་གི་ཆུ་སྒོ་ཕྱེ་བ་ནང་བཞིན་ལྷོག་ལྷོག་འཕྱུར་ཡོང་སྟེ་ཇོ་ཁང་དང་མེ་ཉག་མཆོད་རྟེན་སོགས་ལ་བསྐོར་བ་རྒྱག་མཁན་ཇེ་མང་། མཆོད་མེ་སྒྲོན་མཁན་ཇེ་མང་། བསང་འཕུད་མཁན། བར་བར་དག་ན་སྟོང་ལབ་རྒྱག་མཁན། གླང་དམར་རྟགས་ཅན་གྱི་སྐོམ་ཆུ་ཕྱེད་ཀ་འཐུང་སྟེ་ཕྱེད་ཀ་མར་གཡུག་པའི་ཛ་ཛོར་གྱི་མི་བྱ་མིག་ལ་མི་རན་པ་མང་པོ། གང་ལྟར་འགྲོ་འདུག་སྤྱོད་གསུམ་དྲེགས་པས་ཁེངས་ཤིང་། བོས་ན་ཨ་ལན་མི་སྟེར། བཅོལ་ན་ལགས་སོ་མི་ཟེར། དྲིས་ན་དྲང་གཏམ་མི་སྨྲ། གཙང་བཙོག་ལ་དོ་སྣང་མི་བྱེད་པར་དྲི་ཆེ་ཆུང་གང་སར་གཏོང་བ་ཕར་ཕྱོགས། དེའི་སྟེང་ལ་ཟས་ལྷག་འཐུང་ལྷག་ཕྱོ་བ། འདི་དག་སེམས་ཀྱིས་མ་བཟོད་པར་ཀུན་པོར་ཁ་ཏ་སློབ་གསོ་རེ་གཏོང་ཁུལ་བྱས་ཀྱང་། དེ་ལས་ལྡོག་སྟེ་ཁ་ལོག་རྒྱག་མཁན་དང་འཁོན་སེམས་འཛིན་མཁན་ཏག་ཏག་རེད། ཡོང་སྒོ་མི་བཟང་པའི་ལོ་དེར། རྒ་རྒས་ལོ་ལོན་འགའ་ཤས་ལས། དད་པའི་རྟེན་ལ་བསྐོར་བ་རྒྱག་མཁན་སོགས་ཀྱང་ཇེ་ཉུང་ལ་བུད་འགྲོ་བར་བསམ་ན། ཡོང་སྒོ་ལེགས་དུས་ལྷ་ལ་མཆོད་དགོས་པ་དང་སྐྱབས་་འཇུག་ཞུ་དགོས་སྙམ་ལ། མི་ལེགས་དུས་མི་དགོས་པའི་ཚད་ལ་ལྷུང་འདུག  དུས་ནི་མི་འགྱུར་མི་རྣམས་འགྱུར་བ་ཡིན་ཞེས་པ་ཅི་མ་བདེན། མི་རྣམས་ཀྱི་བསམ་པ་ནི་གློ་བུར་དུ་སྒོར་མོས་བསྒྱུར་བ་རེད་ཟེར།གལ་ཏེ་བོད་ཡུལ་དུ་དབྱར་རྩྭ་དགུན་འབུ་མེད་པར་གྱུར་སོང་ཚེ་ཅི་ལྟར་བྱ། ཁོར་ཡུག་སྲུང་སྐྱོབ་དང་རྩྭ་་ས་སྲུང་སྐྱོབ་ཀྱི་བཅའ་ཁྲིམས་གཏན་འཁེལ་བྱས་ཏེ་བརྐོ་རུ་མ་བཞག་ཚེ་ཡང་ཅི་ལྟར་བྱ། དེ་ལྟར་མི་འགྲོ་བའི་ངེས་པའང་མེད་པས། དེ་ལས་གཞན་པའི་སྒོར་མོ་བཙལ་ཐབས་གང་མང་ཅིག་ཡོད་སྲིད། སྲིད་པའི་གཏམ་ལ་ཡང་། མི་ལ་བློ་དགོས། ཕག་ལ་སྣ་དགོས་ཟེར་བ་ལྟར་རེད།  འུ་ཅག་མི་ནི་མཐོ་རིམ་་སྲོག་ཆགས་ཡིན་པས།དབྱར་རྩྭ་བརྐོ་བ་ཁོ་ནར་རེ་བ་ཆེན་པོ་མི་བཅངས་པར་རང་ཡུལ་ན་ཡོད་པའི་ཐོན་རྫས་ལྷད་མ་འདྲེས་ཤིང་སྐྱོན་མ་ཞུགས་པའི་མར་ཆུར་རྩམ་གསུམ། ཞོ་དང་འོ་མ། གྲོ་ཞུན་ཐུད་གསུམ། བལ་ཁལ་རྩིད་གསུམ་ལ་སོགས་རྒྱུད་འཛིན་དང་དར་སྤེལ་བྱེད་ཞོར། ཕྱིའི་ཚོང་ལས་དཔལ་འབྱོར་གྱི་བར་གསེང་མྱུལ་བཞིན་པ་ནི་ཆེས་ལེགས་པའི་ཐབས་མཆོག་ཅིག་ཅི་ལ་མིན། 

          སྲིད་ཇུས་བཟང་བོའི་ཉི་ཟེར་རིས་མེད་གང་སར་ཁྱབ་པའི་གནམ་འོག་འདིར་ང་ཚོས་རྐུ་་འཕྲོག་བཅོམ་གསུམ་མ་བྱས་པ་དང་ཁྲིམས་འགལ་ནག་ཉེས་མ་སྒྲུབ་པའི་ཕན་ཆད། འཁོར་བའི་འཚོ་ཚིས་ཅི་ལྟར་བསྒྲུབ་དགོས་རུང་ཆོག་ཆོག་རེད། དེ་བས་དབྱར་རྩྭའི་ཡོང་འབབ་ཁོ་ནར་རེ་བ་མི་བཅིངས་པར་སྤྱི་ཚོགས་དང་དུས་རབས་ཀྱི་དགོས་མཁོར་དམིགས་ཏེ་ལས་རིགས་གང་རུང་ཅིག་གཉེར་བར་བློ་ཁ་ཕྱོགས་ན་ལེགས་པོ་རེད། 

        ཞིང་འབྲོག་མང་ཚོགས་ཀྱི་འཚོ་བའི་ཆ་རྐྱེན་ཇེ་བཟང་ལ་སོང་བ་དང་བསྟུན་ཕ་ཡུལ་ནས་ཁང་བ་སྟོབས་པོ་ལས་མཁན་དང་གྲོང་ཁྱེར་གྱི་གཞིས་ཁུལ་ཁང་བ་ཉོ་མཁན་སོགས་ཀྱང་མང་པོ་ཅིག་ཡོད་པར་གྱུར། ངེད་སྡེ་བའི་གསར་བུ་ཉི་མ་དང་དཔའ་མཛངས་བུ་གཉིས་ཀྱིས་ཀྱང་སྐབས་གླེགས་དེའི་དུས་ཚོད་དམ་འཛིན་སྒོས་འཕྲོ་བརླག་ཏུ་མ་བཏང་བར་རང་ཉིད་ཀྱི་ལག་རྩལ་ལ་བརྟེན་ཏེ་ཁང་པ་རྒྱན་སྤྲས་བྱེད་པའི་ཕྱོགས་སུ་བསྐྱོད་མགོ་བརྩམས། ཁང་བདག་གི་དགོས་མཁོའམ་འདོད་མོས་ལྟར་མི་རིགས་ཀྱི་ཁྱད་་ཆོས་དང་དེང་རབས་ཀྱི་ཁྱད་ཆོས་ཟུང་འབྲེལ་སྒོས་གང་ལ་གང་འཚམ་ངང་རྒྱན་སྤྲས་བྱས་སྟབས། ཡུལ་མི་ཀུན་གྱིས་བསྟོད་པའི་མཐེ་བོང་མི་སྒྲེང་མཁན་གཅིག་ཀྱང་མེད། ལག་རྩལ་གྱི་ཉམས་མྱོང་དང་བྱང་ཆ་ཇེ་བཟང་ལ་སོང་བ་དང་གཞིར་བྱས་རང་ས་གནས་ཀྱི་རོང་འབྲོག་གང་སར་ཁང་བ་མཛེས་སྤྲས་བྱེད་པར་འགྲོ་བཞིན་ཡོད་པ་འདིས་ཁྱོད་དགའ་ང་སྐྱིད་ཀྱི་འཚོ་བ་གསར་བ་ཅིག་གི་ལམ་ཁ་དང་པོ་འདི་་ལྟར་སྙེག་པར་རྟོགས་ངེས། 

           ཆོས་ལུགས་དད་མོས་རང་དབང་གི་ཁ་ཕྱོགས་རྒྱུན་སྐྱོང་དང་ཆོས་ལུགས་མི་སྣའི་འདོད་མོས་སྐོང་སྒྲུབ། སྲོལ་རྒྱུན་རིག་གནས་ཉམས་པ་སོར་ཆུད་དང་མ་ཉམས་གོང་སྤེལ་ཆེད། ལྷ་རིས་སྒྱུ་རྩལ་པ་གཟི་མིག་དང་འབག་བཟོ་སྒྱུ་རྩལ་པ་ལེགས་བྲིས་བུ་གཉིས་ཀྱིས་ཀྱང་རང་རང་གི་སྒྱུ་རྩལ་ཁྱད་ཆོས་གཙོ་རུ་བཟུང་ནས། དད་ལྡན་མང་ཚོགས་དང་དགོན་གཞུང་གང་མང་ཅིག་ལ་ལྷ་སྐུ་དང་འབག་སྐུ་གསར་བཞེངས་བྱས་སྟབས། སྐྱ་སེར་ཕོ་མོ་ཡོངས་ཀྱིས་བྲིས་སྐུ་དང་འབག་སྐུ་དག་ལྷ་གསོན་པོ་རེད་ཅེས་བསྔགས་བརྗོད་ལན་མང་གནང་བ་་འདིའང་བདག་གཞན་དབྱེར་མེད་ཐར་བའི་ལམ་ལ་བགྲོད་པའི་ཐེམ་སྐས་སམ། དག་སྣང་སེམས་ལ་སྒོམ་སའི་རྟེན་བཞེངས་ཤིག་ཡོད་པས་མིན་ནམ། མི་རིགས་རིག་གནས་རྒྱུན་འཛིན་དར་སྤེལ། ཁྱབ་བརྡལ་གཏོང་ཆེད་བོད་ཁུལ་གྱི་གནས་གང་མང་ཅིག་མྱུལ་བཞིན་སྒྱུ་རྩལ་གྱི་ཐོན་རྫས་མང་དག་ཅིག་མ་འོངས་གཞོན་རབས་རྣམས་ཀྱི་སྐྱེས་སུ་ཕུལ་བ་ནི་འཚོ་གནས་གསར་བ་ཅིག་གི་ལམ་ཁ་གཉིས་པ་བཏོད་པའི་མན་ངག་ལྟ་བུ་རེད། 

          གཞིས་རྒན་རྔམས་ཁ་ཅན་པོ་མ་བཤིག་གོང་ལ། སྦྲ་རྒན་དུད་པ་ཅན་པོ་མ་ཚིགས་གོང་དེར། ཕ་ཨ་ཁུ་གོང་ན་ལྷོད་གེར་བཞུགས་དུས་འདིར།  མ་ཨ་ནེ་ཞོལ་ན་ལྡེམ་གྱི་ལེར་འཁོད་དུས་འདིར། གདོད་མའི་སྲོལ་རྒྱུན་བཟང་བོ་མ་ཉམས་པའི་སྐབས་འདིར། ཡབ་ཆེན་ཅིག་གི་བློ་གྲོས་དྭངས་མ་སེམས་ལ་སྒོམ་བཞིན། ཡུམ་ཆེན་ཅིག་གི་ཟོལ་མེད་ལག་རྩལ་རྒྱུད་ལ་ཉར་བཞིན། སྦྲ་ནག་སྲས་མོ་དང་ཞིང་ཁྱིམ་བདག་མོ་གཉིས་ནས་རང་འགུལ་གྱིས་བལ་རྩིད་འཁེལ་ཞོར། ཐགས་འཐག་ཞོར་རྒྱུ་སྤུན་བལ་རྩིད་ཀྱིས་བཟོས་པའི་ཁུག་མ་སྣ་ཚོགས་ཏེ། དཔེ་ཁུག  འཁུར་ཁུག   སྒོར་ཁུག    འདྲུད་ཁུག་ལ་སོགས་ཆེ་ཆུང་གང་མང་ཅིག་ཚོང་རར་བཀྲམས་པས་རྒྱ་ཆེ་འཛད་སྤྱོདཔ་དག་གིས་རེ་བ་མངོན་་སུམ་དུ་ཁེངས་པ་འདི་ནི་འཇིག་རྟེན་འཚོ་ཚིས་སྒྲུབ་པའི་ལམ་ཁ་གསུམ་པའི་གསང་སྒོ་འབྱེད་པའི་ལྡེ་མིག་བསྩལ་པ་རེད། ་

       དུས་རབས་ཀྱི་འཕེལ་ཁ་མགྱོགས་ཤིང་ཚན་རིག་གི་བརྡ་འཕྲིན་མྱུར་བའི་ཁ་སང་དེ་རིང་གི་དཀྱོགས་མཚམས་འདི་ནས་ཀྱང་སྲོལ་རྒྱུན་བཟང་བོའི་དྲི་མ་ཉམས་ཤིང་བཟའ་བཅའ་མངར་མོའི་བྲོ་མ་ཡལ་བར་མི་ཡུལ་ཁམས་ལ་ལེགས་སྐྱེས་ཀྱི་ཚུལ་དུ་ཚང་མའི་དགོས་མཁོ་བསྐང་ཅི་ཐུབ་་དང་། ཁྱད་པར་མེས་རྒྱལ་གྱི་བདག་པོ། མི་རིགས་ཀྱི་བདག་པོ།  རིག་གནས་ཀྱི་བདག་པོ། སྲོལ་རྒྱུན་གྱི་བདག་པོ། མ་འོངས་པའི་བདག་པོ་་དག་ལ་སྤྱི་ཚོགས་སྟེང་རང་ཉིད་འཚོ་སྡོད་བརྟན་འཇགས་ཡོང་བའི་ལམ་སྣེ་ཅིག་བསྟན་ཟིན་པས། བྱ་ལས་སྣ་རྐྱང་ལ་ཤི་འཐམ་རོ་འཐམ་མི་བྱེད་པར་དུས་རབས་དང་འཚམས་ཤིང་འཛད་སྤྱོད་པར་འཚམས་པའི་དངོས་ཟོག་ལྷད་མེད་པ། ཀོ་ཁུག་སྐྱི་ཁུག་ལྟ་བུ། ས་ཐགས་ཁུག་མ་དང་རས་ཁུག་ལྟ་བུ། ཟ་འཐུང་གི་ཕྱོགས་ནས་ཀྱང་རྫས་ངན་མ་འདྲེས་པའི་ཞོ་་འོ་མ་དར་བ་ལྟ་བུ། གྲོ་མ། ཆུར་བ། མར། ད་དུང་ཞུན་དང་ཐུད་ལྟ་བུ། འདི་དག་སྤྱད་ན་འབྱུང་གཞི་བདེ་ཞིང་། དེང་རབས་ཀྱི་ཚན་རིག་དང་འཕྲོད་བསྟེན་དང་ཡང་མཐུན་པའི་ལྗང་མདོག་ཅན་གྱི་ཟ་འཐུང་གི་སྤྱད་བྱ་དངོས་མ་ད་ེ་ཡིན་སྟབས། རྒྱུ་འབྲས་དང་མི་སྣོག་ལ། སྦགས་བཙོག་ཐེབས་པའི་དུག་རྫས་ལ་སོགས་ཀྱིས་ལས་སྣོན་མི་བྱེད་པར་རྒྱ་ཆེ་འཛད་སྤྱོད་པ་ཡིད་ཆེས་དང་དགའ་བསུ་ཐོབ་པའི་ཕྱོགས་ལ་མུ་མཐུད་ཤུགས་རྒྱག་བཞིན་པ་དེ་མཐོང་མ་ཐག་ཁོ་བོས་རང་དབང་མེད་པར་ངག་ལས། མ་གྱུར་སེམས་ཅན་ཐམས་ཅད་ཀྱིས་བདེ་བ་འདོད་པ་འདྲ་འདྲ་དང་སྡུག་བསྔལ་མི་འདོད་པའང་འདྲ་འདྲ་ཡིན་པས། ཞི་བདེ་དང་མཛའ་མཐུན་མཉམ་གནས་ནི་འདི་ལྟར་མ་ཡོང་ན་ཅི་ལྟར་ཡོང་ཞེས་དབང་མེད་དུ་ཤོར་སོང།

རྩོམ་སྒྲིག་པ། : རིག་འཛིན་ཚེ་རིང་།