ཀྲུང་གོ་བོད་ཀྱི་དྲ་བ།

ཨ་ཕ་ལགས།

ཡོང་ཁུངས། : དཀོན་མཆོག་རྒྱལ་པོ།     སྤེལ་དུས། : 2020-05-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1

ཨ་ཕའི་རྒྱུན་ལྡན་གྱི་འཚོ་བའི་གོམས་གཤིས་ཀྱིས་བསྒོས་པའི་ཤུགས་རྐྱེན་འོག ང་རང་ཆུང་དུས་ནས་དཔེ་ཀློག་ཐན་ཐུན་རེ་བྱེད་པར་དགའ་བ་དང་། ལྷག་པར་དུ་ཚོར་བ་ཤུགས་དྲགས་པོ་རྒྱས་དུས་སམ་ཡང་ན་བརྗོད་བྱ་འགའ་རེ་རྙེད་འོངས་ཚེ་མྱུར་དུ་འབྲི་དེབ་དང་སྨྱུ་གུ་བཙལ་ནས་སྙན་རྩོམ་རྩོམ་ཁུལ་གྱི་ལྟ་བ་བྱེད་པར་ལྷག་ཏུ་དགའ། ད་ནི་དགའ་ཕྱོགས་དེ་གོམས་གཤིས་སུ་གྱུར་ཚར་ཡོད་ཅེས་བཤད་ནའང་མི་ཆོག་རྒྱུ་མེད། ཡིན་ནའང་དུས་ད་ལྟའི་བར་དུ། རང་ལོ་བཞི་བཅུར་སོན་རག་བར་དུ་ཨ་ཕ་ལགས་བརྗོད་བྱ་བྱས་པའི་སྙན་རྩོམ་ཤོ་ལོ་ཀ་གཅིག་ཀྱང་བྲིས་མ་མྱོང་ཞིང་། ཐ་ན་ཨ་ཕའི་མདུན་ནས་ཨ་ཕ་ཁོང་ལ་བསྟོད་ར་ཚིག་གཅིག་ཀྱང་འཐེན་མ་མྱོང་། འདི་ནི་ཕལ་ཆེར་འཇིག་རྟེན་གྱི་ཨ་ཕ་ཚང་མ་སོ་སོའི་བུ་ཕྲུག་ལ་དྲིན་ཆེ་བ་འདྲ་འདྲ་ཡིན་པའི་གཏན་ཚིགས་ཀྱིས་བྱས་སོང་བ་ཡིན་ནམ་སྙམ། གང་ལྟར་ལོ་ངོ་འདི་འདྲའི་མང་པོ་ཞིག་གི་རིང་ལ་ཨ་ཕའི་ལྟ་སྤྱོད་ལ་བསམ་གཟས་ནས་ཚིག་ལོག་བརྒྱབ་ནས་འོང་བ་མ་གཏོགས། དོན་དངོས་སུ་རང་ཉིད་ལ་ཚུགས་ཐུབ་ཀྱི་ལྟ་སྤྱོད་ཅི་ཡང་མེད་པར་ཁོང་གི་རྗེས་སུ་གྲིབ་མ་བཞིན་དུ་འདེད་རྐྱང་བྱས་ནས་འོངས་པ་ཡིན། དེ་རིང་གློ་བུར་མ་ཡིན་པའི་ཕྱིར་འདང་ཞིག་ནན་ཏན་གྱིས་བརྒྱབ་ན། བྱིས་དུས་ནི་བྱིས་དུས་ཙམ་དུ་ཟད་ཀྱང་། རང་གིས་བསམ་བློ་ཅུང་ཟད་གཏོང་ཤེས་པ་ནས་བཟུང་སྟེ་དེ་རིང་གི་བར་དང་། ནང་སྒོས་སུ་རང་ཉིད་ཀྱང་བོད་ཡིག་གི་དགེ་རྒན་དཀྱུས་མ་ཞིག་བྱས་ནས་མི་ལོ་ཉི་ཤུ་ལྷག་འདས་པའི་རིང་ལ། ཨ་ཕ་ལགས་ཀྱི་འགྱུར་མེད་ཚུགས་ཐུབ་ཀྱི་འགྲོ་འདུག་སྤྱོད་གསུམ་དང་ཡང་ན་ཕྱི་རྐྱེན་སྣ་ཚོགས་ཀྱིས་བསྒུལ་ཏེ་ཁོང་གི་ལྟ་སྤྱོད་དག་དབང་མེད་དུ་སེམས་ངོར་ཤར་ཐེངས་རེར། ཨ་ཕ་ལགས་ནི་ང་གཅིག་པུའི་ཨ་ཕ་མ་ཡིན་པར། ངེད་མིང་སྲིང་གསུམ་གྱི་ཨ་ཕ་ཙམ་ཡང་མ་ཡིན་པར། སྤྱོད་ལམ་ལ་འགྱུར་བ་མེད་ཅིང་། ཤེས་རབ་ཀྱི་བྱམས་སེམས་ལྡན་པ། དམིགས་མེད་ཀྱི་སྙིང་རྗེ་ཆེ་བའི་ཨ་ཕ་ཞིག་ཡིན་པའི་སྣང་བ་བྱིན་པ་ཐེངས་གཅིག་གཉིས་ཙམ་གྱིས་ག་ལ་ཚད། ལན་གྲངས་མང་པོར་ཡིད་སྨོན་སྐྱེས་པའི་རྒྱུ་མཚན་གྱིས་འདི་ནི་བུ་ཞིག་གིས་རང་བསྟོད་གཞན་སྨད་ཀྱི་ཉོན་མོངས་དབང་དུ་སོང་ནས་རང་གི་ཨ་ཕ་གླེང་བ་མ་ཡིན་པར། འདི་ནི་ཟས་གོས་བསྟབས་པ་དང་འགྲོ་འདུག་བསླབས་པ། མི་གྲལ་དུ་བཅུག་པའི་གོ་རིམ་ལ་དྲིན་དྲན་དང་དྲིན་ལན་གྱི་དོད་དུ་རང་གི་ཨ་ཕ་གླེང་བའང་མ་ཡིན་ཏེ། འདི་ནི་མི་བུ་དཀྱུས་མ་ཞིག་གིས་རང་ལ་འབྲེལ་འདྲིས་ཟབ་པའི་བུ་རྒོད་ཅིག་མ་གླེང་ཐུ་མེད་དུ་གྱུར་པ་དེ་ཡིན་ནོ། །

2

ཨ་ཕ་ལགས་ད་ལོ་དགུང་གྲངས་རེ་ལྔ་ཡིན། མི་ལོ་བཞི་བཅུར་རེབ་གོང་ལུང་པ་ནས་མི་རིགས་སྐད་ཡིག་དགེ་རྒན་གྱི་ལས་ཀ་གཉེར་ནས་འོངས། ལས་འཁྱུར་ངལ་གསོ་བྱས་རྗེས་ཀྱི་ཏག་ཏག་མི་ལོ་ལྔ་ཡི་རིང་ལ་ཞིང་ལས་གཉེར་བའི་ཨ་མ་ལགས་དང་ལྷན་དུ་རྡོ་ཡི་ཁང་མིག་དེ་ན་སྣང་བ་ནམ་མཁའ་བཞིན་དུ་འཆར་ཅན་གྱིས་དཔེ་གཟིགས་གནང་བ་དང་། བསགས་སྦྱང་ལ་འབད་པ། སྤྱི་ཕན་གྱི་ལས་ཀ་ཆེ་ཆུང་ལ་ཞུགས་ཞོར་སྤྱིར་བཏང་གི་འཚོ་བ་ཞིག་སྐྱེལ་བཞིན་ཡོད་པ་ལས། ཁེ་བའི་གྲལ་ལ་མི་འཚང་། མཁས་པའི་གདན་ལ་མི་བཞུགས། སྙན་པའི་གྲགས་པར་མི་རེ། རྩོད་པའི་སྒོ་ལ་མི་ཞུགས། བོས་པའི་མགྲོན་ལ་མི་འགྲོ། སྐྱིད་པའི་ཁྲི་ལ་མི་འགོ། གཞན་སེམས་དཀྲུགས་པར་མི་སྤྲོ། འདོད་པའི་ཡོན་ལ་མི་ལྟ། རྒྱས་པའི་ཟས་ལ་མི་རྔམ། འཇམ་པའི་གོས་ལ་མི་བརྩོན། དུས་ཀྱི་རྗེས་ལ་མི་ཤོར། ཆེན་པོའི་ངོ་ཐང་མི་འཛིན། ཉམ་ཆུང་མཐའ་ལ་མི་འདེད་པར། རེ་དོགས་ཀྱི་སྡུག་བསྔལ་ཤིན་ཏུ་ཆུང་ཞིང་སྐྱིད་སྣང་དང་སྤྲོ་སེམས་ཆེན་པོས། རྣ་བས་རང་ལ་ཉན་ཞིང་མིག་གིས་སེམས་ལ་ལྟ་བཞིན་བརྩོན་འགྲུས་དང་ཁ་མ་བྲལ་བར་བཞུགས་ཡོད། དྲང་མོར་བཤད་ན། འཇིག་རྟེན་ཕ་བུ་ཡི་འབྲེལ་བའི་སྟེང་ནས། ངས་ཁོང་གི་ཆོག་ཤེས་བཏང་སྙོམས་ཀྱི་འཚོ་བའི་གོམས་གཤིས་ལ་ལེ་བདའ་བྱས་པར་གྲངས་མེད་ནའང་། ཁོང་ནི་དེ་ལས་ལྡོག་སྟེ་ངའི་ཚིག་མཚོན་དང་རྣམ་འགྱུར་སོགས་ལ་ཅི་མི་སྙམ་པར། ད་དུང་ང་ལ“གཞན་ལ་བྱིན་པ་ནི་རང་གིའོ། །རང་གིས་བཟུང་བ་ནི་གཞན་གྱིས་སོ། །”ཞེས་པ་དང་། ངེད་གཉིས་ནི་ཚེ་འདིའི་ཕ་བུ་ཙམ་ཡིན་པ་མ་གཏོགས་གཏན་གྱི་ཕ་བུ་མ་ཡིན་པས་རང་མགོ་ཐོན་པར་བྱེད་དགོས་ཞེས་སློབ་གསོ་གཏོང་རྐྱང་བྱེད་པས། ལན་རེར་ངས་མ་རངས་པའི་ཚིག་གིས། དེ་འདྲ་དཔེ་ཆའི་ནང་དུ་མང་པོ་འདུག ཡིག་ངོ་ཆོད་པ་ཡན་ཆད་ཀྱིས་ཁ་ནས་མ་ཎི་ཟློ་ཟློ་བྱེད་པ་དང་གཅིག་མཚུངས་རང་རེད་ཅེས་ཚིག་ལོག་མང་པོ་བརྒྱབ་མྱོང་། ལོ་ཟླ་རིམ་གྱིས་འདས་པ་ན། ཨ་ཕས་རང་ཕལ་བར་འཛིན་ཞིང་གཞན་གཙོ་བོར་འཇོག་པའི་འཇིག་རྟེན་མི་ཆོས་ཀྱི་ཁ་བཤད་དང་ལག་ལེན། ལྟ་བ་རྟེན་འབྱུང་དང་སྤྱོད་པ་འཚེ་བ་མེད་པའི་དམ་པའི་ལྷ་ཆོས་ཀྱི་བསམ་པ་དང་སྦྱོར་བ་སོགས་ཀྱིས། མཚམས་མཚམས་སུ། འདོད་ཡོན་རླུང་ལྟར་འཚུབ་པའི་དེ་རིང་གི་འཁོར་བའི་ཐང་ཆེན་འདི་ནས་ཀྱང་ངས་ཁོ་རང་རང་གི་ཨ་ཕ་ཡིན་པ་བརྗེད་དེ་ང་ལའང་ཁྱེད་ལྟ་བུའི་སྒམ་བརླིང་དང་ཚུགས་ཐུབ། ལྷག་བསམ་དང་སྤྲོ་སེམས་ཤིག་ཡོད་ན་ཅི་མ་རུང་སྙམ་པའང་ཐེངས་གཅིག་ག་ལ་ཡིན།

3

ཨ་ཕས་ཞིང་བཏབ་མྱོང་ལ་སྡོང་བོ་ཡང་ཁུར་མྱོང་། ཨ་ཕ་ནི་ཞིང་པ་དཀྱུས་མ་ཞིག་ཡིན། འཇིག་རྟེན་གྱི་ཨ་ཕ་གཞན་དག་ནང་བཞིན། འཇིག་རྟེན་གྱི་རྒྱུ་འབྲས་མིག་ལྟར་སྲུང་ཞིང་གཞན་ལ་མི་འདོད་པའི་ཚིག་རྩུབ་ཙམ་ཡང་མི་སྨྲ་བར་རྔུལ་ཆུ་ཁྲོམ་ཁྲོམ་གྱིས་རང་གི་ཁྱིམ་གཞིས་བསྐྲུན། ཨ་ཕས་སློབ་ཁྲིད་བྱས་མྱོང་ལ་དཔེ་ཆ་ཡང་བྲིས་མྱོང་། ཨ་ཕ་ནི་དགེ་རྒན་དཀྱུས་མ་ཞིག་ཡིན། མི་ལོ་བཞི་བཅུའི་ཉིན་མཚན་དུས་དྲུག་ཏུ། འགན་འཁྲི་དང་ལྷག་བསམ་གྱི་བརྩེ་བ་སྐད་ཅིག་ཙམ་ལའང་མ་བོར་བར་རང་རིགས་ན་གཞོན་སྟོང་ཕྲག་མང་པོར་ཤེས་རིག་གི་ལམ་རྒྱགས་བསྩལ་ཅིང་མདུན་སྐྱོད་ཀྱི་ལམ་བུ་བསྟན། ཨ་ཕས་ལམ་ལས་མྱོང་ལ་རྩོད་པའང་བསྡུམས་མྱོང་། ཨ་ཕ་ནི་སྡེ་མི་དཀྱུས་མ་ཞིག་ཡིན། ཐུན་མོང་གི་ཆེད་དུ་མིག་མདུན་གྱི་རང་དོན་ཅམ་གྱིས་བཞག་སྟེ། མདོ་མེད་ཀྱི་སྤྲང་པོ་ཇི་བཞིན་གོང་མགོ་ཁྲིད་མང་པོར་ཞུ་བ་བྱས། བར་འབྲེལ་ཡོད་ཀུན་ལ་དངུལ་བུན་གཡར་ནས་རི་མཐོན་པོའི་སྒང་ལ་ལམ་ལས། ནང་སྤུན་ཟླར་ཕན་པའི་གྲོས་བཏབ། གཞན་ཡང་རུ་སྡེ་ཕན་ཚུན་བར་ལ་རྩོད་ཉོག་བྱུང་ཚེ། འཇིག་རྟེན་འཇིག་པ་ལྟ་བུའི་བྲེལ་འཚུབ་ཀྱིས་མ་སྐུལ་དང་བླངས་སྒོས་ཡ་གིའི་བླ་མ་གདན་དྲངས། མ་གིའི་དམངས་ལ་ཕྱག་འཚལ་ནས་རིགས་མཐུན་ནང་དམེ་ཡི་དམག་སྣ་བཟློགས། མཛའ་མཐུན་ཞི་བདེ་ཡི་ཟམ་པ་བཙུགས། ཨ་ཕས་དགེ་བ་བསྒྲུབས་མྱོང་ལ་བསྟན་བཅོས་ཀྱང་བརྩམས་མྱོང་། ཨ་ཕ་ནི་ཆོས་པ་དཀྱུས་མ་ཞིག་ཡིན། རྟོགས་པ་དང་ལྟ་བ་མཐོན་པོའི་ལད་མོ་སྣ་གཅིག་ཀྱང་ཕྱི་ཚུལ་ན་མངོན་དུ་མེད་པར། ཉམ་ཆུང་ཞི་དུལ་གྱི་སྤྱོད་པས་རང་གི་ནུས་ཚོད་ཀྱིས་ཆོས་སྲིད་གཙུག་ལག་རྟེན་དང་བརྟེན་པ་བཞེངས། རྒྱལ་བའི་གསུང་རབ་ལས་ཡི་གེ་ན་གཅིག་ཀྱང་རིན་ཆེན་གསེར་དུ་མཐོང་། ཐུད་ཞིམ་པོ་མར་གྱི་དྲིན་དང་སྔགས་ཟབ་པ་མདོ་ཡི་དྲིན་ཞེས་བརྟག་དཔྱད་ཉི་ཚེ་བས་སྡོམ་ཚིག་མི་འགོད། རིགས་པ་གློ་བུར་བས་དགག་སྒྲུབ་མི་མཛད། ཕྱོགས་རིས་འཐེན་འཁྱེར་གྱི་བཟང་ངན་མི་སྨྲ། ཤེས་རབ་ཀྱི་དད་པ་བརྟན་པོ་རང་རྒྱུད་ལ་ཅི་ནུས་ཀྱིས་སྦྱོར། གཞན་ཕན་གྱི་ལྷག་བསམ་དཀར་པོས་ཁུངས་ཐུབ་ཀྱི་ཡང་འགྲེལ་རྩོམ། ཨ་ཕས་བདེན་དོན་གྱི་ཆེད་དུ་ལག་ངར་བསྒྲེངས་མྱོང་། རང་དབང་གི་ཆེད་དུ་མགོ་བོ་དགྱེ་མྱོང་། སྐད་ཡིག་གི་ཆེད་དུ་ཀི་རིང་བཏབ་མྱོང……

4

མི་ལོ་བཅུ་ཕྲག་གསུམ་གྱི་འཚོ་བའི་ཉིན་སྲིབ་ཀུན་ཏུ། ང་རང་ཨ་ཕ་ལྟ་བུའི་མི་མང་པོར་འཕྲད། ཨ་ཕ་ལས་ལྷག་པའི་མི་མང་པོར་འཕྲད་པ་དང་ཐོས་པ། དེ་བས་ཀྱང་ཐུན་མོང་མ་ཡིན་པའི་སྐྱེས་ཆེན་མང་པོའི་མཛད་པ་འཕྲིན་ལས་ལ་རྣམ་ཀུན་རྗེས་སུ་ཡི་རང་དང་སེམས་འགུལ་ཚད་མེད་ཐེབས་བཞིན་ཡོད། ཡིན་ན་འང་། ཨ་ཕ་ལགས་དང་འགྲོགས་གཤིབ་རིང་བའི་རྐྱེན་གྱིས། དངོས་ཡོད་འཚོ་བའི་ཁྲོད་ཀྱི་ཁོ་རང་དང་འགྲོགས་ཡུན་ཇི་ལྟར་རིང་ན་དེ་ཙམ་གྱིས་གུས་པ་ངའི་སྐྱོན་གྱི་རི་མོ་སྣ་ཚོགས་ནི་ཇེ་གསལ་ནས་ཇེ་གསལ་ཡིན་པས། ཨ་ཕ་ནི་རང་ཁྱིམ་དུ་བཀལ་བའི་རང་ཉིད་འཆར་བའི་མེ་ལོང་ཡིན། ཨ་ཕ་ནི་འཇིག་རྟེན་སྣ་ཚོགས་ལ་ལྟ་བྱེད་ཀྱི་བདག་གི་མིག་ཟུང་ཡང་ཡིན། གལ་ཏེ་ཁྱེད་རང་བདག་གི་མེ་ལོང་ངམ་ཨ་ཕ་ལགས་ལ་བཅར་ཚེ། ཁོའི་བབ་ཆགས་ཀྱི་འཚོ་བའི་འཁོས་ཀ་དང་ཅི་ཡང་མི་འདོད་པའི་སྒྱིད་ལུག་ལྟ་བུའི་གཤིས་ཀ་ཡིས་ཁྱེད་ལ་ཡིད་ཕམ་གྱི་ཚོར་བ་སྟེར་སྲིད་ནའང་། ཁོའི་སྤྲོ་སེམས་དང་དཀྱེལ་ཡངས་ཀྱི་རྣམ་འགྱུར་གྱིས་ཁྱེད་ལ་བདེ་སྣང་སྟེར་ཡང་སྲིད། ཁོའི་གཞན་དོན་གླེང་བའི་ངར་ཤུགས་དང་རང་དོན་འཆོར་བའི་བཟོ་ལྟ་ཡིས་ཁྱེད་རང་དགོད་ཁ་འཆོར་སྲིད་ནའང་། ཁོའི་བཅོས་མིན་གྱི་འཛུམ་མདངས་དང་དངོས་ཡོད་ཀྱི་ལག་ལེན་ལ་ཁྱེད་རང་མོས་པ་སྐྱེ་ཡང་སྲིད། ཁོའི་བརྟན་ཚིགས་ཀྱི་དད་པ་དང་རང་སྐད་ལ་དུངས་པའི་ཨུ་ཚུགས་ཀྱིས་ཁྱེད་རང་སུན་པོ་བཟོ་སྲིད་ནའང་། ཁོའི་རྒྱ་ཆེ་བའི་བསམ་བློ་དང་གཏིང་ཟབ་པའི་གནས་ལུགས་ཀྱིས་ཁྱེད་ནི་མི་འགྱངས་པར་སྤྲོ་བ་འཕེལ་ཡང་སྲིད། ངས་རང་གི་ཨ་ཕ་ལ་འདི་ལྟར་ཆེ་བསྟོད་དང་གདེང་འཇོག་བྱས་ན་ཁྱེད་རང་ཡི་ག་མི་འཆུ་བའི་ངེས་པ་ཡང་མེད་མོད། གལ་སྲིད་ཁྱེད་ནི་ང་རང་ཡིན་ཚེ་ཁྱེད་ལའང་འདི་ལྟ་བུའི་འགོག་མེད་ཀྱི་ཚོར་བ་ཞིག་སྐྱེ་ཡང་སྲིད། གང་ལྟར་ཨ་ཕ་ལགས་ནི་ང་ལ་དབང་བའི་ནམ་མཁའ་དང་ས་གཞིའི་ཁྱོན་ན། མི་འཇིགས་པའི་ཤེད་མོང་མངའ་བའི་དོན་མཐུན་གྱི་བུ་རྒོད་ཅིག་ཡིན། 

5

ད་ནི་ཨ་ཕ་ལགས་ཅུང་ཟད་རྒས་འདུག ཁོའི་ཚ་བོ་སྟེ་ངའི་བུ་ཆུང་ལོ་ན་བདུན་ལ་སོན་པ་དེས་བཤད་ན། ངས་ཨ་མྱེས་ལ་སེམས་ཅན་གྱི་ཁང་པ་ཆེན་པོ་ཆེན་པོ་དང་ཡག་པ་ཡག་པ་རེད། ཨ་མ་ཆེ་བོ(ཨ་མ་ལགས)དང་ཁྱོད་གཉིས་སྡོད་སའི་ཁང་པ་འདི་མོ་ཆུང་ཆུང་ཞིག་ཡིན་པ་ཅི་རེད་ཅེས་དྲིས་ན། ལན་ཅི་ཡང་མི་འདེབས་པར་འཛུམ་དམུལ་ལེར་འདུག་ཟེར། ཡང་ཁྱོད་ཀྱིས་དཔེ་ཆ་ལ་ལྟ་བ་དང་མ་ཎི་འདོན་པ་མ་གཏོགས་ཁ་པར་རྩེད་མི་ཤེས་སམ་ཞེས་དྲིས་ན་ཡང་སྔར་བཞིན་ལན་མི་འདེབས་ཟེར། ད་དུང་ཁྱོད་སྒོ་ཕྱི་ལ་སོང་ནས་རྒད་པོ་ཚོ་དང་མཉམ་དུ་འགྱིག་མི་འདེབས་པར་རྒྱུན་དུ་ཡུལ་ནས་ཙོག་ཙོག་ལ་འདུག་དོན་ཅི་ཡིན་ཞེས་ཀྱང་དྲིས་མྱོང་ཟེར། (“མཚམས་འདིར་ལོ་ངོ་ལྔའི་སྔོན་ལ་ནུ་མོ་དང་ཁ་བརྡ་ཐེངས་ཤིག་བྱས་པའི་ནང་དོན་དེ་ཡང་ཡིད་ལ་དྲན་བྱུང་སྟེ། ཉིན་དེར་མོས་ངོ་མཚར་དང་བཅས་ང་ལ་བཤད་རྒྱུར། ཨ་ཕས་ཁོང་གི་ཟླ་ཕོགས་ཀྱི་བྱང་བུ་ང་ལ་བཅོལ་ཡོད་མོད། འོན་ཀྱང་ཟླ་རེའི་ཟླ་མཇུག་ཐོན་ཚེ་ཟླ་ཕོགས་ཡོད་ཚད་མི་གཞན་ཞིག་ཡོང་ནས་ཁྱེར་འགྲོ་ཟེར། ང་ཡང་ཡ་མཚན་ནས་རྒྱུ་མཚན་དྲིས་པ་ན། ཨ་ཕས་མོ་ལ་སྔར་ནས་བཀོད་སྒྲིག་བྱས་ཚར་འདུག་པ་ཞིག་ཡིན་ཏེ། དེ་ནི་སྡེ་ཚོ་ཞིག་གི་ལམ་ཇེ་ཆེར་གཏོང་སྤྱད་དང་འགལ་བ་འདུམ་བྱེད་དུ་བྱིན་ཚར་འདུག ནུ་མོས་དེ་ལྟར་འཁང་ར་དང་བཅས་ཏེ་བཤད་པ་ལའང་ཁག་ཅི་ཡོད། རྒྱུ་མཚན་ནི་ཨ་ཕའི་བབ་ཆགས་ཀྱི་འཚོ་བ་ལ་ང་ཚོར་ཁ་ལག་བསྲིངས་པའི་གོ་སྐབས་ནམ་ཡང་མེད་པའོ། །”) དེ་ནས་ངས་བུ་ཆུང་ལ། ཨ་མྱེས་ནི་མི་གཞན་དང་ཅུང་ཟད་འདྲ་བོ་མི་འདུག ཨ་ཕའི་ཁ་ལའང་མི་ཉན་གི། ཡིན་ནའང་ཁོང་ནི་ཨ་ཕའི་སེམས་ཁོང་གི་བུ་རྒོད་ཡིན། འུ་ཚང་གི་རིན་བྲལ་གྱི་ནོར་བུ་ཡིན། ཨ་ཕ་དང་ཨ་ཕ་ལྟ་བུའི་དེང་གི་རེ་དོགས་ཀྱིས་ཁེངས་པའི་མི་ཆུང་ཞིག་གཏན་ནས་མ་རེད་ཅེས་ལན་བཏབ་པ་ཡིན། ཁོས་ཧ་མི་གོ་ཟེར་བཞིན་འབོལ་ཁྲིའི་སྟེང་ན་གནམ་ལྡིང་ས་ལྡིང་བྱེད་བཞིན་འདུག

6

གལ་ཏེ་ཨ་ཕ་ལགས་ཀྱིས་རྩོམ་ཡིག་འདི་རིག་ཚེ་ང་ལ་ཅི་ཟེར་རམ། ཕལ་ཆེར་སྣང་དོགས་ཅི་ཡང་ཡོད་རྒྱུ་མ་རེད། ཡོད་རྒྱུ་མ་རེད། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།