ཀྲུང་གོ་བོད་ཀྱི་དྲ་བ།

ཨེ་ཐ་ལོ·ཁལ་ཝེ་ནོ་ཡི་འཐུས་ཚབ་བརྩམས་ཆོས་འོས་སྦྱོར།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : འབྲོང་ཕྲུག་ལྷ་ཆེན་རྒྱལ།   སྤེལ་དུས། : 2020-04-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

རྩོམ་པ་པོ་ངོ་སྤྲོད་མདོར་བསྡུས།

ཨེ་ཐ་ལོ·ཁལ་ཝེ་ནོ་ནི(ItaloCalvino1923.10.15—1985.9.19)དབྱི་ཐ་ལིའི་དེང་རབས་རྩོམ་པ་པོ་གྲགས་ཅན་ཞིག་ཡིན། ཁོ་ནི་ཁུ་པའི་ཧ་ཝ་ན་ཞེས་པའི་གྲོང་རྡལ་ཞིག་ཏུ་སྐྱེས་པ་དང་ལོ་གཉིས་ལ་བུད་པ་ན་ཕ་མ་གཉིས་དང་མཉམ་དུ་དབྱི་ཐ་ལིར་གནས་སྤོས། ཏུའུ་ལིང་སློབ་ཆེན་གྱི་རྩོམ་རིག་ཚན་ཁག་ནས་སློབ་མཐར་ཕྱིན་པ་དང་། འཛམ་གླིང་འཁྲུག་ཆེན་ཐེངས་གཉིས་པའི་སྐབས་སུ་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་འཐབ་རྩོད་དུ་ཞུགས་མྱོང་། དམག་འཁྲུག་མཇུག་བསྒྲིལ་རྗེས་རྩོམ་རིག་གསར་རྩོམ་བྱེད་མགོ་བརྩམས། 1947ལོར《སྡོམ་ཚང་དུ་འཐེན་པའི་ལམ་ཕྲན》ཞེས་པའི་སྒྲུང་རིང་ཐོག་མ་སྤེལ། དུས་རབས20པའི་ལོ་རབས50པ་ནས་བཟུང་འཕྲུལ་སྣང་དང་ཁྱད་མཚར་གྱི་བྱེད་ཐབས་སྤྱད་དེ་སྒྲུང་གཏམ་བྲིས་པ་སྟེ། 《ཕྱེད་གཉིས་སུ་གྱེས་པའི་ཙི་རིམ་པ》(1952ལོ)ཞེས་པ་ནི་ཁོང་གི་ཚབ་མཚོན་བརྩམས་ཆོས་ཡིན་ཞིང་། སྒྲུང་གཏམ་དེ་དང་ཕྱིས་སུ་བརྩམས་པའི《སྡོང་མགོར་འཚོ་བའི་ནན་རིམ་པ》(1957ལོ)དང《གཟུགས་མེད་ཀྱི་ཆིབས་དམག》(1959ལོ)གསུམ་མཉམ་དུ་བསྒྲིགས་པར《ང་ཚོའི་མེས་པོ》ཁག་གསུམ་དུ་འབོད། དུས་རབས20པའི་ལོ་རབས60པ་དང70པར《མཐོང་མི་ཐུབ་པའི་གྲོང་ཁྱེར》(1972ལོ)དང《འཇིག་རྟེན་གྱི་སྤྲོ་གར》(1965ལོ)སོགས་གསར་རྩོམ་བྱས། ཁོས་ད་དུང《དབྱི་ཐ་ལིའི་བྱིས་སྒྲུང》འཚོལ་བསྡུ་ལེགས་སྒྲིག་བྱས། 1985ལོའི་ཟླ9པར་གློ་བུར་དུ་ཀླད་ཁྲག་ཤོར་ནས་དབྱི་ཐ་ལིའི་ཕེ་སི་ཁ་ལ་རུ་སྐུ་གཤེགས།

res01_attpic_brief.jpg

བརྩམས་ཆོས་ངོ་སྤྲོད་མདོར་བསྡུས།

ཁལ་ཝེ་ནོ་ནི་ནི་བྱིས་སྒྲུང་གསར་རྩོམ་གྱི་སྒྱུ་རྩལ་རྣམ་པ་དེར་ཧ་ཅང་དགའ་པོ་ཡོད་པ་དང་། བྱིས་སྒྲུང་གི་ཁྱད་ཆོས་དང་མཚོན་ཐབས་ལ་རྒྱུས་མངའ་ཆེན་པོ་ཡོད་པས། ཁོ་ནི་བརྩམས་ཆོས་སུ་བྱིས་སྒྲུང་འབྲི་ཐབས་སྤྱད་དེ་དངོས་ཡོད་ཀྱི་མི་དང་བྱ་བ་འབྲི་རྒྱུར་དགའ་པོ་ཡོད་པ་སྨོས་མེད་རེད། 《ང་ཚོའི་མེས་པོ》ཞེས་པར་སྒྱུ་རྩལ་གྱི་ཐབས་ལམ་དེས་གཙོ་ཁྲིད་ཀྱི་གོ་གནས་གལ་ཆེན་བཟུང་བའི་མཚོན་རྟགས་མངོན་པར་གསལ་བ་ནི། ཁག་གསུམ་པོར་ཐུན་མོང་གི་མི་སྣའམ་ཐུན་མོང་གི་བྱ་བའི་བྱུང་རིམ་གཅིག་ཀྱང་མེད་མོད། ཐུན་མོང་གི་བསམ་བློའི་ནང་དོན་དང་ཐུན་མོང་གི་སྒྱུ་རྩལ་འཚོལ་ཞིབ། དེ་དག་ཕན་ཚུན་འབྲལ་ཐབས་མེད་པར་གོང་བུ་གཅིག་ཏུ་གྲུབ་པ་སྟེ། སྒྲུང་གཏམ་འདི་གསུམ་པོས་བྱིས་སྒྲུང་གི་ཐབས་ལམ་བེད་སྤྱད་དེ། དེང་རབས་སྤྱི་ཚོགས་ནང་གི་མི་རྣམས་ལ་ཐེབས་པའི་མནར་གཅོད་སྣ་ཚོགས་དང་། མནར་གཅོད་ལས་ཐར་ཏེ་རང་ཉིད་ཀྱི་འཐུས་ཚང་རང་བཞིན་བརྩོན་ལེན་བྱེད་བཞིན་པ་མཚོན་ཡོད།

དེ་ལ《ཕྱེད་གཉིས་སུ་གྱེས་པའི་ཙི་རིམ་པ》ཞེས་པ་ཁལ་ཝེ་ནོ་ཡིས་གསར་རྩོམ་བྱས་པའི་སྒྲུང་གཏམ་འབྲིང་གྲས་ཤིག་ཡིན། དེ་ནི་དེང་རབས་སྤྱི་ཚོགས་ཁྲོད་མ་རྩ་རིང་ལུགས་དཔལ་འབྱོར་འཕེལ་རྒྱས་ཀྱི་སྒྱོགས་ཆེན་གྱིས་དེང་རབས་མི་ཕྱེད་གཉིས་སུ་གྱེས་པའི་དངོས་བྲིས་ལྟ་བུ་ཞིག་སྟེ། སྒྲུང་གཏམ་དེའི་ནང་བུ་རིམ་པའི་མཚན་ཐོབ་པ་མའེ་ཏར་ཏུའོ་དམག་འཁྲུག་ནང་མེ་སྒྱོགས་ཀྱིས་ཕྱེད་གཉིས་སུ་བཤགས་པས། ཕྱེད་ཀ་དགེ་བ་དང་ཕྱེད་ཀ་སྡིག་པའི་རྣམ་པར་གྲུབ། སྡིག་པའི་ཕྱེད་ཀ་དེས་གང་སར་སྡིག་པ་བསགས་པ་དང་། དགེ་བའི་ཕྱེད་ཀ་དེས་བུ་རིམ་པའི་མཚན་ཐོབ་ཀྱི་གོ་ཐོབ་རྙེད། དགེ་སྡིག་གི་རྣམ་པ་དེ་གཉིས་སྡུག་བསྔལ་གྱི་འགལ་ཟླ་དང་གདོང་གཏུག་ཁྲོད་གནས་པ་དང་། རྗེས་སུ་མཉམ་གཅིག་ཏུ་གཞོན་ནུ་མ་ཕ་མེ་ལཱ་བློར་བབས་པས། ཤི་འཛིང་ཁྲོད་རྨས་སྐྱོན་ཕོག་ནས་སླར་ཡང་མི་ལུས་ཆ་ཚང་ཞིག་ཐོབ་པའི་གཏམ་རྒྱུད་གླེང་ཡོད། མི་གཤིས་ལ་དགེ་སྡིག་གཉིས་ཀ་ཡོད་པ་དང་། དགེ་སྡིག་གཉིས་ཀ་གཞི་གཅིག་ཏུ་འདྲེས་ཡོད་ཅིང་། མི་གཤིས་ལ་འཇིགས་སུ་རུང་བའི་ཁ་བྲལ་གྱི་སྐབས་དང་ལྷག་པར་དུ་དགེ་སྡིག་གཉིས་འགལ་ཟླའི་སྣེ་གཉིས་སུ་གྱུར་པའི་སྐབས་སུ། ང་ཚོས་དགེ་ཕྱོགས་ལ་བསམ་གཞིག་བྱེད་པ་དེ་སྡིག་ཉེས་ལ་བསམ་གཞིག་བྱེད་པ་ལས་མང་དགོས། གང་ལགས་ཤེ་ན། དགེ་བའི་ནང་དུ་འདུས་པའི་ནང་དོན་ནི་སྡིག་ཉེས་ལ་འདུས་པའི་ནང་དོན་ལས་རྙོག་འཛིང་ཆེ་བས་རེད། དེར་བརྟེན། དགེ་བའི་མཐའ་དཔྱོད་རང་བཞིན་གྱི་བསམ་གཞིག་ནི་ཆ་ཚང་བའི་ལམ་དུ་སྐྱོད་པའི་གནད་འགག་ཅིག་ཡིན། དེ་ནི་ཁལ་ཝེ་ནོ་ཡིས་མི་རྣམས་ལ་མཁོ་འདོན་བྱས་པའི་མི་གཤིས་ཆ་ཚང་རང་བཞིན་གྱི་བློ་སྒོ་འབྱེད་པའི་དོན་སྙིང་ཆེན་པོ་ལྡན་པའི་བསམ་གཞིག་གི་ཟུར་ཞིག་རེད་ལ། དེས་ནི་ཀློག་པ་པོ་རྣམས་ལ་མི་གཤིས་ཁ་ཕྲལ་དང་དགེ་སྡིག་གདོང་ཐུག་གི་བརྗོད་དོན་གཙོ་བོའི་བསམ་བློ་མཚོན་པར་བྱས་ཡོད།

《སྡོང་མགོར་འཚོ་བའི་ནན་རིམ་པ》ཞེས་པའི་མི་སྣ་གཙོ་བོ་ནི་དུས་རབས18པ་ནས19བར་གྱི་སྐུ་དྲག་གི་མི་རབས་རྗེས་མ་ཞིག་སྟེ། ཁོས་ཤིང་སྡོང་སྟེང་འཚོ་བ་རོལ་པ་ལས་མི་ཡུལ་གྱི་འཚོ་བ་དང་ལེན་མ་བྱས། དེའི་ནང་སྲོལ་རྒྱུན་གྱི་དོན་བརྗོད་བྱེད་ཐབས་ལ་བརྟེན་ནས་དེང་རབས་སྤྱི་ཚོགས་ནང་མིས་རང་ཉིད་བརླགས་པ་དང་། འཐུས་ཚང་བའི་རང་བཞིན་ཉམས་པ། སེམས་ཁྲལ་ཆེན་པོ་ཡོད་པ་བཅས་ཀྱི་འཚོ་གནས་རྣམ་པ་མཚོན་ཡོད་ལ། དེང་རབས་སྤྱི་ཚོགས་ཁྲོད་འཚོ་གནས་དཀའ་བའི་གནས་སུ་གྱར་བའི་མིའི་རིགས་ཀྱི་ཁེར་རྐྱང་གིས་རང་ཉིད་གནས་པའི་བར་སྟོང་དང་རིན་ཐང་དོན་གཉེར་བྱེད་པའི་བརྒྱུད་རིམ་ཡང་མངོན་ཡོད། དུས་མཚུངས་སུ་དུས་ཚོད་ཀྱི་སྲོག་ཤིང་ཐོག་ནས། མི་སྒེར་གྱིས་རང་ཉིད་གདམ་གསེས་བྱེད་པར་བློ་བརྟན་འགྱུར་མེད་ཀྱིས་འབད་བརྩོན་བྱས་པ་བརྒྱུད་དེ་རང་དོན་རིང་ལུགས་མ་ཡིན་པའི་འགྲོ་ལམ་ཆ་ཚང་ཞིག་ཏུ་སླེབས་པར་བྱེད་པའི་བརྗོད་བྱ་གཙོ་བོ་མཚོན་ཡོད།སྒྲུང་གཏམ་དེའི་བསམ་གཞིག་འཁྲུག་ཆ་དོད་པ་དང་བསམ་བློ་གཏིང་ཟབ་པ་དེས་དངོས་ཡོད་ཀྱི་སྐྱོན་ཆ་སྣ་ཚོགས་མཚོན་པར་བྱས་པ་དང་། མི་རྣམས་ཀྱིས་མིའི་རིགས་ཀྱི་ལས་དབང་དང་དངོས་ཡོད་ཀྱི་སྤྱི་ཚོགས་ལ་བསམ་གཞིག་གཏིང་ཟབ་བྱ་རྒྱུའི་བློ་སྒོ་ཕྱེ་ཡོད།

《གཟུགས་མེད་ཀྱི་ཆིབས་དམག》ནི《ང་ཚོའི་མེས་པོ》ཁག་གསུམ་ནང་གི་མཐའ་མའི་སྒྲུང་གཏམ་ཡིན། བསྟན་དོན་ནི་ཧྥ་རན་སེ་རྒྱལ་པོའི་རྒྱལ་ཁབ་ཀྱི་རྒྱལ་པོ་ཅ་ལོ་ལིན་རྒྱལ་རབས་ཀྱི་གོང་མ་ཁྲ་ལི(སྤྱི་ལོ768ནས800བར)ཡི་དབང་སྒྱུར་དུས་སྐབས་སུ་བྱུང་བའི་བྱུང་རིམ་ཡ་མཚན་ཅན་ཞིག་སྟེ། ཉིན་ཞིག་གོང་མ་ཁྲ་ལི་ཡིས་དམག་གཟིགས་གནང་སྐབས། ཧ་ལས་པའི་ངང་ནས་དཔུང་སྡེའི་ནང་དུ་ལུས་པོ་མེད་ཀྱང་ལུས་ཡོངས་ཀྱི་གྱོན་ཆས་དཀར་ཞིང་གྲལ་འགྲིག་པའི་སྐྱ་མི་ཞིག་ཡོད་པ་མཐོང་། ཁོས་རང་ཉིད་ནི“གཟུགས་མེད་པའི་སྐྱ་མི”ཞིག་ཡིན་ཟེར། སྐྱ་མི་རྣམས་ལ་ལུས་རྟེན་མེད་ལ་རྣམ་ཤེས་ཀྱང་མེད་ཅིང་། ཉིན་རེར་འགྱུར་མེད་ཀྱི་སྒོ་ནས་འགུལ་སྟངས་སྣ་ཚོགས་བསྐྱར་ཟློས་བྱེད་ཀྱིན་ཡོད་པས། སྐྱ་མིས་ལོ་རྒྱུས་ཐོག་རང་ཉིད་ཀྱི་རྐང་རྗེས་འཇོག་ཐུབ་པ་བྱུང་མོད་འབྱུང་འགྱུར་ལ་དོགས་པ་དང་དངངས་སྐྲག་གིས་ཁེངས་ཡོད། ཁལ་ཝེ་ནོ་ཡིས་སྒྲུང་གཏམ་དེའི་ནང“གཟུགས་མེད་ཀྱི་སྐྱ་མིའི”གཟུགས་བརྙན་དེ་བཞེངས་དོན་ནི་དེང་རབས་ཀྱི་མི་རང་ཉིད་གནས་པའི་དོན་སྙིང་ལ་འུད་སྒྲོག་བྱེད་པ་དང་། དེང་རབས་ཀྱི་མིའི་སེམས་འཚབ་ཅིང་བློ་མི་བདེ་བའི་སེམས་ཁམས་དང་དེ་བཞིན་གཟུགས་མེད་ཀྱི་སྤྱི་ཚོགས་གནས་བབ་ལྐོག་ཏུ་མཚོན་ཆེད་རེད།

མདོར་ན། ཨེ་ཐ་ལོ·ཁལ་ཝེ་ནོ་ཡི་བརྩམས་ཆོས་ཀྱིས་ཐུན་མོང་མ་ཡིན་པ་དང་གཏིང་ཟབ་པའི་བསམ་གཞིག་བྱེད་སྟངས་ལ་བརྟེན་ནས་དེང་རབས་ཀྱི་སྒྲུང་གཏམ་སྒྱུ་རྩལ་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད། ཁོང་གིས་མི་ཚེ་གང་པོར་སྒྲུང་གཏམ་གསར་རྩོམ་ཐད་རྒྱུན་ཆད་མེད་པར་རང་ཉིད་ལས་བརྒལ་ཏེ་ཚེ་སྲོག་གི་མཇུག་བསྐྱངས། ཁོང་གློ་བུར་དུ་གྲོངས་པའི་རྐྱེན་གྱིས་སྐབས་དེ་དུས་ཀྱི་ནོ་པེར་རྩོམ་རིག་བྱ་དགའི་གོ་སྐབས་ཤོར་མོད། འོན་ཀྱང་། ཁོང་དང་བྷོར་གྷེ་སིས་མཉམ་གཅིག་ཏུ“རྩོམ་པ་པོ་ཡི་རྩོམ་པ་པོ”ཞེས་པའི་མཚན་སྙན་ལོངས་སུ་སྤྱོད་བཞིན་ཡོད། ཁོང་ལ་འཛམ་གླིང་རྩོམ་རིག་ལོ་རྒྱུས་ཐོག་གདོང་ལེན་གྱི་དོན་སྙིང་ལྡན་པར་མ་ཟད། དེ་བས་གལ་འགངས་ཆེ་བ་ཞིག་ནི་ཁོང་གི་བརྩམས་ཆོས་ཀྱིས་དེང་སྐབས་འཛམ་གླིང་གི་སྒྲུང་གཏམ་གསར་རྩོམ་ལ་ཤུགས་རྐྱེན་གཏིང་ཟབ་ཐེབས་ཡོད་པ་དེའོ། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།