ཀྲུང་གོ་བོད་ཀྱི་དྲ་བ།

དོ་ནུབ་ངས་ཕ་ཡུལ་ལྷག་ཏུ་དྲན།

ཡོང་ཁུངས། : ཞིན་ཧྭ་དྲ་བ།     སྤེལ་དུས། : 2020-03-31
ཡིག་གཟུགས། :ཆུང་། འབྲིང་། ཆེ།

——《ངམ་རིང་གི་སྣང་བ》ཞེས་པ་བཀླགས་རྗེས།

    དོ་ནུབ། ངས་གྲོང་ཁྱེར་དུ་འབོད་པའི་གྲོང་སྡེ་ཆེ་མོ་འདིའི་ནང་ནས། ཕ་ཡུལ་གྱི་སྣང་བ་རི་མོར་ཕབ་པའི་རྩོམ་ཡིག་ཅིག་ལ་མྱོང་རོལ་བྱེད་ཀྱིན། སེམས་ཀྱི་མིག་ཟུང་རི་ཚོགས་ཀྱིས་བཀག་པའི་རྒྱང་རིང་གི་ཕ་ཡུལ་ལ་ཅེར་ཡོད། སེམས་ཀྱི་མིག་ཟུང་ཁྱེད་ལ་ཅེར་བཞིན་ངས་ཁྱེད་ཉིད་ལྷག་ཏུ་དྲན།

    ངའི་ཕ་ཡུལ། རྒྱང་རིང་དུ་བཞུགས་ཡོད། ལྷ་མོ་ཡི་འབྱུང་ཁུངས་རུ་འབོད་པའི་ཕ་ཡུལ། རི་ཚོགས་དང་ཆུ་བོ་དེ་དག་གི་ཕ་རོལ་ན། རྒས་གཉེར་གྱིས་ཁེངས་པའི་ངོ་མདོག་སྐྱ་བོ་དེ་བསྣམས་ནས།ཁུ་སིམ་མེར་བཞུགས་ཡོད།

    དོ་ནུབ། ངས་ཕ་ཡུལ་ལྷག་ཏུ་དྲན། རྒྱང་རིང་གི་རྒྱང་རིང་དུ་བཞུགས་པའི་ཕ་ཡུལ་ལྷག་ཏུ་དྲན། ཕ་ཡུལ་དྲན་གྱིན་སེམས་པ་ཡུལ་ལ་འཁོར་དགོས།སུ་དང་གང་གིས་ཀྱང་མི་རྟོགས་པའི་སེམས་པ་དམར་པོ། ཕ་ཡུལ་གྱི་པང་ལ་ལོག་དགོས།

    ཕ་ཡུལ་ལགས། ཁྱེད་ཀྱི་མཁའ་དབྱིངས་ན་འཕྱོ་བའི་སྤྲིན་པའི་ཚོགས་རྣམས། སྔར་བཞིན་དཀར་བོང་བོང་ཡིན་ནམ། ཁྱེད་ཀྱི་ལུས་ཕུང་ན་རྒྱུ་བའི་ཆུ་བོའི་ཚོགས་རྣམས། སྔར་བཞིན་དྭངས་གསིང་གསིང་ཨེ་ཡིན། དེ་བས། ཁྱེད་ཀྱི་པང་བ་ན་འཚོ་བའི་ཕ་ཡུལ་གྱི་ཡུལ་མི་རྣམས། སྔར་བཞིན་བདེ་བདེ་ཐང་ཐང་ཡིན་ནམ།

    ཕ་ཡུལ་ལགས། དོ་ནུབ་ངས་ཁྱེད་ཉིད་ལྷག་ཏུ་དྲན། ཁྱེད་ཉིད་དྲན་དྲགས་པས། ངས་གཞན་ཡུལ་གྱི་ཕང་བ་ནས། ཕ་ཡུལ་ཁྱེད་ཀྱི་མཛེས་པ་སེམས་ཀྱིས་བཀླག་གིན་ཡོད། ཕ་ཡུལ་ཁྱེད་ཀྱི་དྲོད་སྣང་སེམས་ཀྱིས་མྱོང་གིན་ཡོད། ཕ་ཡུལ་ཁྱེད་ཀྱི་ཕང་བར་འཁྱིལ་བའི། སྐྱེམས་མཚོའི་རླབས་སྒྲ་སེམས་དབུས་ནས་ཉན་གྱིན། སྐྱེམས་མཚོའི་མཐའ་ན་འཕྱོ་བའི། ངང་སེར་དང་ཆུ་བྱ་ཡི་ཁྱུ་ཚོགས་དྲན་པས་བགྲང་གིན་ཡོད།

    དོ་ནུབ། ངས་རྒས་བཞིན་པའི་ཕ་ཡུལ་དང་། རྒས་བཞིན་པའི་སྐྱེམས་མཚོ། རྒས་བཞིན་པའི་ཡུལ་མི། ད་དུང་། རྒས་བཞིན་པའི་ཕ་ཡུལ་གྱི་ཡོད་ཚད་ལྷག་ཏུ་དྲན། ཕ་ཡུལ་དྲན་པའི་སེམས་པ། ལྦུ་ཆང་གིས་བཟི་ན་བསམ་བཞིན། ཕ་ཡུལ་དྲན་པའི་གདུང་བས། ངའི་རྒས་བཞིན་པའི་ངོ་གདོང་དེ་མིག་ཆུས་བརླན་ན་སྙམ། ཕ་ཡུལ་ལགས། ངམ་གྲོག་རིང་མོ། ངའི་དྲན་པའི་སྙིང་ཁ་ན་འཕྱོ་བའི་ཕ་ཡུལ་ངམ་རིང་ལགས། དོ་ནུབ། ངས་ཁྱེད་ཉིད་ལྷག་ཏུ་དྲན། ལྷག་ཏུ་དྲན།  །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།