ཀྲུང་གོ་བོད་ཀྱི་དྲ་བ།

འདི་ནའང་བོད་ཀྱི་རྩོམ་བྱུང་ལོ་རྒྱུས་ཤིག

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : སྐར་འོད།   སྤེལ་དུས། : 2020-03-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

—《ཟིང་ལོང་ལྡེའུ་འགྲེམས》བཀླགས་པའི་མྱོང་ཚོར།

1

དེ་ཡང་ལོ་སྔོན་མའི་ལོ་མཇུག་ཏུ་དེབ་འདི་ཉིད་ཐོག་མར་དྲ་ལམ་གྱི་རྟེན་འབྲེལ་ཞུ་བའི་ཚ་རླབས་དང་བསྡོངས་ནས་མངོན་ཞིང་། གཙོ་ཆེར་རང་སློབ་གྲྭའི་རྒན་ཡོན་ཏན་ལགས་ཀྱི་དེབ་འདིའི་སྐོར་གྱི་བཅར་འདྲི་དེར་མཉན་རྗེས་ད་གཟོད་འདི་ནི་བོད་ཀྱི་དེང་རབས་རྩོམ་རིག་དང་དེའི་བྱུང་འཕེལ་ལ་འབྲེལ་བའི་དེབ་ཅིག་ཡིན་པ་ཤེས་རྟོགས་བྱུང་ཞིང་། རང་ཉིད་ཀྱང་དེང་རབས་རྩོམ་རིག་ལ་དོ་སྣང་དང་དགའ་མོས་ཆེ་བའི་མི་ཞིག་གི་ངོས་ནས་འདི་དང་མཇལ་འདོད་ཀྱི་འདུན་པ་འགོག་མེད་ཅིག་འཕྱུར།

2

ཐོག་མར་ཤོག་ངོས་ལྔ་བརྒྱ་ལ་ཉེ་བ་ཙམ་ཡོད་པའི་དེབ་རྒན་འདི་ལག་ལ་སོན་དུས། འདིའི་ཁ་བྱང་འདོགས་ལུགས་ཅུང་ཟད་མ་འདྲ་བར་མངོན་ཏེ། དུས་སྐབས་གསར་པའི་བོད་ཀྱི་རྩོམ་དཔྱད་བརྩམས་ཆོས་ཁྲོད་དུ་འདི་འདྲའི་རང་ཁྱད་མངའ་བའི་ཁ་བྱང་ཤིན་ཏུ་ཉུང་བར་བསམས། དེ་ཡང་དཔྱད་པ་དང་གླེང་བ། ཞིབ་འཇུག་སོགས་ཀྱིས་གཙོ་ཆེར་བཟུང་བ་ཀུན་གྱིས་ཤེས་གསལ་ལྟར་ལ། རིམ་གྱིས་དེབ་ཀྱི་གླེང་གཞིའི་ཁ་བྱང་གི་ལྷན་ཐབས་སོགས་ལ་མ་མཇལ་ན་མིང་འདིའི་འདོགས་ལུགས་ལ་གོ་བའང་ཅུང་རྙེད་དཀའ་བར་འགྱུར་ལ། ཇི་སྐད་དུ། གསུངས་རབ་ཏུ་རྟོགས་པ་རྣམས་ཀྱི་མིང་ནི་རྣམ་པ་བཞི་ལས་འགྱུར་ཏེ། ཡུལ་དང་དཔེ་དང་གང་ཟག་དང་དོན་ལས་སོ། །ཞེས་གསུངས་པ་ལྟར་སྔོན་དཔེའི་སྒོ་ནས་འདོགས་པ་འདི་བོད་ན་དར་ཆེ་ཞིང་མི་རིགས་གཞན་ལའང་དེ་བཞིན་ཡིན་མོད། དེང་སྐབས་འདི་འདྲ་ཉུང་དུ་སོང་བར་རྩོམ་པ་པོས་ཤེས་བཞིན་བསྟེན་པའི་སྒོ་ནས་འདི་ལྟར་བཏགས་པར་ཡང་བོད་རང་གི་རྩོམ་རིག་དང་རིག་གནས་ཀྱི་ཆར་དགོངས་གཞི་ངེས་ཅན་ཞིག་དང་དོན་སྙིང་ངེས་ཅན་ཞིག་མཆིས་པར་སྙམ་ལ། གཞན་ཡང་གླེང་སློང་བ་དང་ལེའུ་རེ་རེར་ཡང་། ཉམས་མྱོང་གིས་ཁྱད་ཕྱེ་བ་དང་ཐབས་ཤེས་ཀྱིས་གནད་བཀྲོལ་བ། རིགས་ལམ་གྱིས་ཁུངས་བརྒྱན་པ་སོགས་ལའང་ཁྱད་ཆོས་གང་འཚམ་རེ་ཡོད་པར་འདོད་དོ། །

3

དེབ་འདིའི་བརྗོད་བྱའི་སྤྱི་ཁོག་ལ་ཁྱད་ཆོས་ཆེན་པོ་མངའ་བར་འདོད་དེ། འདིར་ཐོག་མར་གླེང་སློང་གི་སྐབས་ནས་ཉིས་སྟོང་ལོ་ནས་ཉིས་སྟོང་བཅུའི་བར་ཏེ། ལོ་ངོ་བཅུའི་རིང་གི་བོད་ཀྱི་རྩོམ་རིག་གི་རྩ་བའི་འཕེལ་ཕྱོགས་སྡོམ་གྱི་ཚུལ་དུ་བཀོད་ཅིང་། དེ་ནས་ལེའུ་གཉིས་པ་ནས་བཟུང་རྩོམ་གྱི་རིགས་སོ་སོར་བཀར་ཏེ། སྙན་ངག ལྷུག་རྩོམ། སྒྲུང་གཏམ། དཔྱད་བརྗོད་བཅས་ཀྱི་གནས་ཚུལ་ཞིབ་པར་བཤད་ཅིང་། དེའི་སྐབས་ནའང་དེ་དག་རེ་རེའི་སྤྱིའི་གནས་སྟངས་དང་། འཕེལ་འགྱུར་སོགས་སྡོང་པོའི་རྩ་བ་ལྟར་སྔོན་ལ་བཀོད་རྗེས་རིམ་གྱིས་སྡོང་པོའི་ཡལ་འདབ་ཀྱི་ཚུལ་དུ་དུས་སྐབས་དེའི་འཐུས་ཚབ་ཏུ་རུང་བའི་བརྩམས་ཆོས་དང་རྩོམ་པ་པོ་དག་དམིགས་བསལ་གྱིས་རེ་རེ་བཞིན་བགྲངས་ཤིང་། བརྩམས་ཆོས་རེ་རེའི་ལེགས་ཉེས་དང་རྩོམ་པ་པོ་རེ་རེའི་གསར་རྩོམ་གྱི་ཁྱད་ཆོས་སོགས་ཀུ་ཤྭའི་རྩེ་མོ་ལྟར་མ་འདྲེས་མ་ནོར་བར་ཞིབ་པར་བཀྲལ་བ་འདིས་དེབ་འདིའི་བརྗོད་དོན་རྒྱ་ཆེ་བ་མཚོན་ཞིང་ཁོང་གིས་རྡེའུ་འགྲེམས་ཞེས་པ་ཁ་བྱང་གི་དཔེར་བཀོད་པའང་དོན་དང་མཐུན་པར་སྙམ་མོ། །གཞན་ཡང་དེབ་འདིར་གཞན་དང་མི་འདྲ་བའི་འཇུག་བདེ་བའི་ཁྱད་ཆོས་ཤིག་མངའ་བར་སྙམ་སྟེ། དེ་ཡང་རྩོམ་རིག་གཞུང་ལུགས་ཀྱི་ཤེས་རྒྱ་ངོམ་པའི་ང་རྒྱལ་དང་ལྟ་བ་དང་བསམ་བློ་སྒྲོག་འདོད་ཀྱི་སྤྲོས་ཤོམ་རིང་དུ་དོར་དེ། ཁྱོད་ལ་རྩོམ་རིག་གཞུང་ལུགས་ཀྱི་ཤེས་བྱའི་རྨང་མཐུག་པའི་རྒན་པོ་ཉམས་མྱོང་ཅན་ཞིག་དང་ལྷན་དུ། ཕལ་བའི་གཏམ་དང་འཇམ་པོའི་ངག་གིས་བསམ་བློ་བརྗེ་རེས་ཀྱི་བྲོ་བས་ཡོངས་སུ་ཕྱུག་འདུག་པས་ན། ཁྱོད་ལ་རྔམ་མཐུག་པའི་གཞུང་ལུགས་ཀྱི་བསྟན་བཅོས་ཤིག་ལ་མཇལ་བའི་གནོན་ཤུགས་ཡོད་མི་དགོས་པར་བག་ལྷོད་ངང་དེབ་འདིའི་གཞུང་དོན་ལ་འཇུག་ཆོག་པར་མ་ཟད། བསམ་བཞིན་དང་བསམ་བཞིན་མ་ཡིན་པའི་ངང་ཁྱོད་ལ་རྩོམ་རིག་དང་འབྲེལ་བའི་ཤེས་བྱའི་རྒྱགས་ཕྱེ་གྱ་ནོམ་པ་རེའང་སྤྱིན་པར་བྱེད་ཅིང་། གལ་ཏེ་ཁྱོད་རང་བོད་ཀྱི་རྩོམ་རིག་ལ་ཐོག་མར་འཇུག་མཁན་ཞིག་ཡིན་ཚེ་དེབ་འདི་བཀླགས་པ་དང་བསྟུན་ནས་དུས་སྐབས་གསར་པའི་བོད་ཀྱི་རྩོམ་རིག་གི་སྤྱི་ཁོག་ལ་ངེས་པར་རམ་འདེགས་གང་འཚམ་རེ་ཐུབ་ངེས་ཤིང་། ཁྱོད་ལ་བོད་ཀྱི་དུས་སྐབས་གསར་པའི་རྩོམ་རིག་གི་རྨང་གཞི་ངེས་ཅན་ཡོད་མཁན་ཞིག་ཡིན་ནའང་དེབ་འདི་བཀླགས་པ་ལས་དུས་སྐབས་གསར་པའི་རྩོམ་རིག་བརྩམས་ཆོས་དག་གི་གོ་བ་ལ་སྔར་དང་མི་འདྲ་བའམ་ཡང་ན་སྔར་དོ་སྣང་མ་བྱུང་བའི་བློ་སྐྱེད་གསར་པ་རེ་རྙེད་པར་ཁོ་བོ་ཡིད་ཆེས་ཡོད། དེ་བས་རྩོམ་རིག་ལ་དོན་གཉེར་བྱེད་མཁན་ཞིག་གམ། ལྷག་དོན་བོད་ཀྱི་རྩོམ་རིག་ལ་དོ་སྣང་བྱེད་མཁན་ཞིག ཡང་ན་བོད་ཀྱི་དེང་རབས་རྩོམ་རིག་ལ་དགའ་མོས་ཡོད་མཁན་ཞིག་ཡིན་ཚེ། རང་གི་བསམ་ཚོད་ལ་དེབ་འདི་ལྟ་བུ་ནི་མ་བཀླགས་ཐབས་མེད་ཆགས་ཡོད་པར་སྙམ་མོ། །

4

དེ་ཡང་གོང་དུ་བསྟན་པ་བཞིན་དེབ་འདིར《སྦྲང་ཆར》དང་འབྲེལ་ཏེ། ལོ་ངོ་བཅུའི་རིང་གི་བོད་ཀྱི་སྙན་ངག་དང་སྒྲུང་གཏམ། ལྷུག་རྩོམ། རྩོམ་རིག་དཔྱད་བརྗོད་བཅས་ཀྱི་འཕེལ་འགྱུར་ཅུང་ཟད་གསལ་པོར་བསྟན་ཡོད་པས། འདིར་མཇལ་བ་དང་བསྟུན་ནས་བོད་ཀྱི་དུས་སྐབས་གསར་པའི་རྩོམ་རིག་གི་གནས་བབ་ཕལ་ཆེར་ཟུར་བལྟས་ལེབ་མཐོང་གི་ཚུལ་དུ་རྟོགས་ནུས་པར་འདོད་ཅིང་། མ་ཟད་དེབ་འདི་གཅིག་ནས་རྩོམ་རིག་བྱུང་འཕེལ་ལོ་རྒྱུས་ཀྱི་གཞུང་ངོས་ནས་བཀླགས་ཆོག་ལ། གཞན་དུ་རྩོམ་རིག་དཔྱད་བརྗོད་ཀྱི་ངོས་ནས་ཀྱང་བཀླགས་ཆོག་སྟེ། དེའང་དེབ་འདི་ལས་ལོ་ངོ་བཅུའི་རིང་ལ《སྦྲང་ཆར》སྟེང་བཀོད་པའི་བརྩམས་ཆོས་དག་ལས་ཀློག་པ་པོའི་དགའ་བསུ་ཐོབ་པའི་ཆེས་བཟང་ཤོས་དག་ལ་དཔྱད་བརྗོད་སྤེལ་ཡོད་པས། ལོ་འདི་འགའི་རིང་ལ་བོད་ཀྱི་རྩོམ་སྟེགས་སུ་བྱུང་བའམ་ཡང་ན《སྦྲང་ཆར》སྟེང་ཐོན་པའི་བརྩམས་ཆོས་ཕུལ་བྱུང་དག་གི་བྱུང་བ་ཤེས་ནུས་པར་མ་ཟད། དེ་དག་གི་བརྗོད་བྱ་དོན་གྱི་ཟབ་ཚད་དང་རྗོད་བྱེད་ཚིག་གི་ཁྱད་ཆོས་ལའང་རྩོམ་པ་པོའི་དཔྱད་བརྗོད་དང་བསྟུན་ནས་མ་ཤེས་པ་ནས་ཤེས་པ་དང་ཤེས་པར་ཡང་བློ་སྐྱེད་གསར་པ་འབྱུང་བར་ངེས་པས། འདི་ནི་རྩོམ་རིག་གཞུང་ལུགས་རྐྱང་བའི་དེབ་ཅིག་མིན་ལ། ཡང་དཔྱད་བརྗོད་ཁོ་ནའི་དེབ་ཅིག་ཀྱང་མ་ཡིན་པར། གཞུང་ལུགས་དང་ལག་ལེན་གཉིས་རྐྱ་གཅིག་དང་འགྲོས་གཅིག་ཏུ་བཀོད་ཡོད་པས་མུ་ཏིག་བསྟར་ལ་བརྒྱུས་འདྲའི་ཁྱད་ཆོས་དང་དགེ་མཚན་མངའ་བའོ། །འོ་ན། དེབ་འདིར་གོང་དུ་བགྲངས་པའི་ཁྱད་ཆོས་འདི་དག་ལས་གཞན་པའི་ཡོན་ཏན་དང་སྐྱོན་ཆ་སོགས་མེད་དམ་ཟེར་ན། དེའང་མ་ཡིན་ཏེ། གཅིག་ན་ཁོ་བོའི་བློ་རྒྱ་ཁབ་མིག་ལྟ་བུར་མ་ཤོང་བར་ལུས་སྲིད་ལ། གཞན་དུ་ན་ང་ཚོས་སྐྱོན་དང་ཡོན་ཏན་གཉིས་ཀའི་ཡོན་ཏན་དང་དགག་བྱ་དང་དགོས་པ་གཉིས་ཀའི་དགོས་པ་ཆེ་ན། ང་ཚོས་སྐྱོན་ཕྲན་བུ་ཙམ་ལ་བློ་མིག་གཡར་མི་དགོས་པར། དགོས་པ་དང་ཡོན་ཏན་ལེན་པར་བྱ་དགོས་སྙམ་ནས། ཆེད་དུ་རྩོམ་ཡིག་ཐུང་ངུ་འདི་བྲིས་ཏེ་ཁྱེད་ཅག་ལ་འོས་སུ་སྦྱར་བ་ལགས་སོ། །


རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།