ཀྲུང་གོ་བོད་ཀྱི་དྲ་བ།

སྒྲ་གཅན་གྱིས་བཟུང་བའི་ཟླ་བ།

    སྤེལ་དུས། : 2020-02-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

                          སྒྲ་གཅན་གྱིས་བཟུང་བའི་ཟླ་བ།

                                         ཁྲི་གོང་ཨོ་རྒྱན་ཚེ་རིང་།

                                       གཅིག

      སྤྱི་ལོ་༡༩༨༥ལོའི་དགུན་ཟླའི་གནམ་གཤིས་དེ་བོད་ཁམས་ཡོངས་དང་།ཁྱད་པར་དུ་གསར་སྐྱེས་ཀྱི་གཞོན་ཤ་དར་བའི་སྐྱེ་ཕོ་མོ་རྣམས་ལ་གྲང་རེག་གི་ཚ་རླབས་དྲག་ཅིང་།རླུང་འཚུབ་ཀྱིས་གཙེས་པ་ཆེ་བའི་དུས་ཤིག་ཡིན་པར་མ་ཟད།བསྐལ་བའི་བར་འཕངས་སེམས་ཀྱིས་རྡེག་པའི་དགུན་ཟླ་ཞིག་ཀྱང་ཡིན་པ་སུ་ལའང་འཕགས་པའི་སྤྱན་མི་དགོས་པར་སོ་སོའི་འདུ་ཤེས་ཀྱིས་གཟུང་ཐུབ། སྤྱིར་རླབས་ཆེ་བའི་མི་སྣ་ཞིག་མ་བྱུང་བའི་མི་རིགས་ནི་འཛམ་གླིང་སྟེང་ཆེས་སྙིང་རྗེ་འོས་པའི་མི་རིགས་ཤིག་ཡིན་ལ། གལ་སྲིད་རླབས་ཆེ་བའི་མི་སྣས་ཟིན་ཅིང་དེ་ལ་རྒྱབ་སྐྱོར་དང་གཅེས་སྤྲས། གོང་བཀུར་མི་བྱེད་པའི་མི་རིགས་ནི་རེ་ཐག་ཆད་པའི་བྲན་གཡོག་ཕྱོགས་ཁག་ཅིག་ཡིན་པ་འདིར་མ་བྲིས་ཀྱང་། ཀློག་པ་པོ་རྣམས་ཀྱི་བསམ་གཞིགས་ཀྱི་སྤྱིལ་བུར་གསལ་གྱི་ལེར་འབར་བཞིན་ཡོད་པས། སུས་ཀྱང་ཐེ་ཚོམ་གྱི་སྦུབས་སུ་ལག་མྱང་བྱས་ཏེ་བདེན་དོན་གྱི་ཟེའུ་འབྲུ་སྨིན་མིན་ལ་ཚོད་བགམ་བྱ་མི་དགོས། དེ་བས་ཁྱེད་ཚོ་ནམ་མཁས་གར་ཁྱབ་ཀྱི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་ཁམས་གང་དུ་ཕྱིན་རུང་། ཐོག་མར་མི་ཚེའི་བཤུལ་ལམ་ལ་རྒྱང་ལྟ་བྱེད་པ་ཇི་བཞིན། སྐབས་དེའི་གནམ་གཤིས་ཀྱི་འགྱུར་བག་ལ་གདེང་ཚོད་བྱེད་པའི་དུས་དེར། མཐོན་མཐིང་གི་མཁའ་དབྱིངས་སུ་ལང་ལོང་དུ་འཁྲིགས་པའི་སྤྲིན་དཀར་གྱི་ཚོམ་བུ་རེ་མཐོང་ཚེ། སྟེས་དབང་དུ་རྒྱ་གར་གྱི་སྙན་ངག་པ་ཆེན་པོ། མཚན་ཙམ་གྱིས་ཀྱང་གློ་སྙིང་གི་གུར་ཁྱིམ་ལ་དབྱངས་ཅན་བདེ་བར་དྲངས་པ་ལྟ་བུའི་ཚོར་ཤེས་བླ་མེད་འབྱིན་པའི་སློབ་དཔོན་ནག་མོ་ཁོལ་གྱི་《སྤྲིན་གྱི་ཕོ་ཉ》དྲན་པའམ། ཡང་ན། མཚམས་མཚམས་ལ་སྔགས་མཁན་གྱི་བེར་ནག་གྱོན་པ་དང་། སྐབས་སྐབས་སུ་གླང་ཆེན་གྱི་འདུ་འགོད་ཡངས་པའི་ཆུ་འཛིན་གྱི་ཕོན་པོ་ལྷོ་ནས་བྱང་དུ་བགྲོད་པའམ། ཤར་ནས་ནུབ་ཏུ་སྐྱོད་པའི་ཚུལ་མིག་དབང་ལ་རེག་ཚེ། དེ་ཉིད་དུ་ཁྱེད་ཀྱང་ཁོ་བོ་དང་འདྲ་བར་ཡིད་སེམས་ཀྱི་མཚོ་མོའི་ཀློང་དུ་《སྤྲིན་དཀར་གྱི་འདབ་མ》ལྷུང་འོངས་པ་ལའང་རྒྱུ་མཚན་ཡོད་དེ། ཁོང་ནི་ཤེས་རིག་འགད་པའི་དུས་རབས་ཉི་ཤུའི་ལོ་རབས་བརྒྱད་ཅུའི་ནང་སྐུ་གཤེགས་པ་དང་། མིའི་ཆེས་གཅེས་སུ་འོས་པའི་ཚེ་སྲོག་གིས་རྙིང་ཞེན་དང་བག་འཁུམས་ཀྱིས་བསྐུམས་པའི་མི་རིགས་འདིའི་ཤེས་རྟོག་མཐོར་འདེགས་བྱེད་པ་ལ་ཐ་ཚིག་བསྒྲགས་པར་མ་ཟད། ཕྲག་དོག་དང་རྨོངས་མུན་གྱི་ཤ་ཁྲག་གིས་གྲུབ་པའི་བོད་མི་རིགས་འདི་ཉིད་ལ་ཉམས་སད་ཀྱི་རྣམ་ཤེས་གསར་པ་ཞིག་སྦྲུམ་པའི་སླད་དུ། ཚེ་སྲོག་གིས་འབོད་སྐུལ་བཏང་བ་ཡིན་ལ། ལོ་རྒྱུས་ལ་རྗེས་དྲན་ཞུས་པའང་ཡིན། སྤྲིན་དཀར་གྱི་འདབ་མ་ནི་ངའི་རེ་བ་ཡིན་ལ། ཆུ་འཛིན་གྱི་ཕོན་པོ་ནི་ངའི་སྙིང་གི་དགའ་མ། སེམས་ཀྱི་མ་མ། འཚོ་བའི་གཟི་བརྗིད། འདུན་མའི་རྟེན་གཞི། ལ་རྒྱའི་བདག་པོ་ཡིན། ཞེས་པས་ཀྱང་ངོ་།།

                                   གཉིས།

     ཟླ་བདུན་པའི་ཚེས་བཅོ་ལྔའི་དགོང་མོར་ཉི་འོད་གྲོང་ཁྱེར་ནས་ཡོང་བའི་གྲོགས་པོ་ཞིག་དང་ངེད་གཉིས་ཀྱིས་ལབ་གླེང་བྱེད་དུས། ངས་ཁོ་ལ་དོན་གྲུབ་རྒྱལ་གྱི་བརྩམས་སྒྲུང་ཕྱོགས་བསྒྲིགས་ཞེས་པའི་དཔེ་དེབ་དེ་བསྟན་པས། ཁོས་དཔེ་ཆ་དེའི་མགོ་མཇུག་བར་གསུམ་ལ་ཞིབ་ལྟ་ཞིག་བྱས་ཏེ། མགོ་བོ་ཡར་དགྱེས་ནས་སྐྱོ་ཤས་ཀྱི་འོད་མདངས་བཀྲ་བའི་མིག་ཟུང་གིས་ཐད་ཀར་ཁང་པའི་བར་སྣང་གི་གློག་སྒྲོན་ལ་ལྟ་བཞིན། གཟབ་ནན་གྱི་སྒོ་ནས་བཤད་རྒྱུར།
       སྐུ་ཞབས་ཁོང་སྐུ་གཤེགས་ནས་ལོ་དྲུག་འཁོར་ལ་ཉེ་བའི་སྐབས་འདིར། ང་ཚོས་ཁོང་ལ་རྗེས་དྲན་ཞུ་བའི་རྩོམ་རིག་ཚོགས་འདུའམ། ཡང་ན་ཁོང་གི་བརྩམས་ཆོས་ཀྱི་དཔྱད་གླེང་བྱེད་སྒོ་ཞིག་སྤེ ལ་ཐུབ་ན་ཧ་ཅང་ལེགས་མོད། འོན་ཀྱང་། ད་ལྟ་སྐལ་བ་མི་འདུག་པས་ཁྱེད་ཀྱིས་རྩོམ་རེ་བྲིས་ན་ཅི་འདྲ་རེད་ཟེར།
         སྤྱིར་ང་ལ་ཡང་དེ་འདྲའི་བསམ་བློ་ཡོད་མོད། ཇི་བཞིན་དུ་བརྗོད་པ་ལ་ཅུང་དོགས་ནས་ད་ལྟའི་བར་དུ་ལུས་སོང་ཞེས་ལན་བཏབ་པ་ཡིན།
        ངོ་མ། ང་ཚོས་མ་མཐའ་ཡང་རྩོམ་རེ་བྲིས་ཏེ་ཁོང་གི་རླབས་ཆེ་བའི་མཛད་རྗེས་དང་། ཞུམ་པ་མེད་པའི་སྙིང་སྟོབས་ལ་རྗེས་དྲན་ཙམ་ཞུས་ན་ཆོག་ཀྱང་། ད་བར་ཁ་བཤད་ཆུ་ཡི་ཝུ་བ་ཙམ་ལས་ལག་ལེན་གསེར་གྱི་ཐིགས་པར་བསྒྱུར་ཐུབ་མ་སོང་།
      མི་རིགས་ཤིག་གི་ཁ་ངོ་བརྗེ་བ་ལ་ཁག་པོ་ཡོད་ཀྱང་། དེ་ལས་ཀྱང་དཀའ་སྡུག་ཆེ་བ་ནི་དེར་ཁ་ལོ་བསྒྱུར་རྒྱུ་དེ་ཡིན།  ཁོང་བཞུགས་པའི་དུས་སུ་མི་རིགས་དང་རྒྱལ་ཁབ་ཀྱི་དོན་དུ་གང་ས་གང་དུ་ཕྱིན་རུང་ཁྲག་དྲོན་ལ་མེ་ལྕེ་མཆེད་ཉེན་ཡོད་པས། ང་ཚོས་ཀྱང་ངེས་པར་དུ་ཉམས་སད་ལ་དཔེ་གཞིའི་སྣང་བརྙན་དང་། དངོས་དོན་ལ་དག་ཐེར་བྱེད་པར་བརྩོན་པ་བྱ་དགོས།
        འོན་ཀྱང་། འཚོ་ཞིང་གཞེས་པ་ལ་འདི་ལས་གཞན་ཅི།

                                    གསུམ།

       ཟག་བཅས་ཐམས་ཅད་སྡུག་བསྔལ་གྱི་མེ་འོབས་ལ་ངོས་འཛིན་བྱེད་བཞིན་དུ། དེར་ཁ་ཐུག་གདོང་ཐུག་གིས་གཡུལ་ངོ་ལེན་པ་དེ་ཅི་འདྲའི་རླབས་ཆེ་ཞིང་མཛེས་སྡུག་ལྡན་པ་ཞིག་ཡིན་ན་ཡང་། ཕྱི་སྣོད་ཀྱི་འཇིག་རྟེན་འདུལ་བ་དང་། ནང་བཅུད་ཀྱི་སེམས་ཅན་ལ་བཀོད་འདོམས་བྱེད་མཁན་ཕལ་ཆེར་བདག་འཛིན་གྱི་ཞགས་པས་དམ་དུ་བཅིངས་ཤིང་། ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོས་འདས་རྙིང་དུ་གྱུར་བའི་དྲི་མ་འཁྲུད་པའི་མོད་ལ། ཕྱི་མིག་གི་རེ་བཞག་ད་རུང་ཕྲག་དོག་གི་དུག་རླངས་དང་། བག་འཁུམས་ཀྱི་མནལ་ལ་རིངས་པའི་རྩྭ་ཐང་གི་བང་རིམ་དང་བསྡེབས་པའི་གྲོང་རྡལ་ལམ། གྲོང་ཁྱེར་གྱི་འཚོ་བ་འདི་དུས་བཞིར་འགྱུར་བག་མེད་པའི་ཇོ་མོ་བླ་རིའི་རྩེ་མོ་བཞིན་གཏན་དུ་སྡོད་ན། གངས་རྒྱན་པདྨའི་བཀྲག་མདངས་ལ་ཡང་འཕེལ་འགྲིབ་མཆིས་པའི་དུས་ཤིག་ནམ་ཡང་ཆ་མི་འཚལ།
      དེའི་ཕྱིར། ལྗང་མདོག་གི་ལོ་འདབ་སྟོན་རླུང་གིས་བསྡུས་ཏེ་གྲང་རེག་གི་རུམ་ལ་འཇུག་ཉེན་ཆེ་བས། འཇིག་རྟེན་བདོག་པ་ཙམ་ལས་འཚོ་གཞེས་ལའང་ཉིང་བཅུད་ཡོད་རེ་སྐན།

                                  བཞི།

ཁོང་སྤྱི་ལོ་༡༩༨༤ལོར་ཆབ་སྲིད་དང་རིག་གནས། དཔལ་འབྱོར་གྱི་ལྟེ་གནས་ཏེ། རྒྱལ་ས་པེ་ཅིན་ནས་ཁ་བྲལ་ཏེ་བྱ་བའི་དགོས་མཁོར་དམིགས་ནས་རང་གི་ཕ་ཡུལ་ལ་བསྙེགས་ཤིང་། འདུན་པ་གསར་པ་དང་རྒྱང་རིང་གི་ཕུགས་བསམ་ཞིག་ལ་འཁྱུད་དེ། མཚོ་ལྷོ་མི་རིགས་དགེ་ཐོན་སློབ་གྲྭའི་ཁྲིད་སྟེགས་ལ་བཞུགས་པ་དང་། ཁོང་གིས་དགེ་རྒན་དང་སློབ་མ་སྐོར་ཞིག་ལ་ལོ་རྒྱུས་དང་སྙན་ངག་སོགས་འཁྲིད་དུས། མིང་དང་ཡི་གེ་རེ་རེ་ཐང་མ་བརྡལ་བ་ལྟར་གཅིག་གཅིག་གཉིས་གཉིས་བྱས་ནས་བཀྲལ་བས། ཚིག་གི་གོ་བ་ནམ་མཁའི་མཐོངས་ལྟར་ཡངས་ཤིང་། དོན་གྱི་ཞིབ་ཆ་ཀུ་ཤུའི་རྩེ་ལྟར་ཕྲ་བའི་མཚན་སྙན་གྱི་བ་དན་ཡང་བསྐྱར་སྲིད་གསུམ་གྱི་རྩེ་མོར་བསྐྱོན་པ་དང་། མུ་མུར་སྦྲང་ཆེར་ལ་སོགས་རྩོམ་རིག་དུས་དེབ་ཀྱི་གཤིན་ས་ཆེན་མོར་བརྩམས་ཆོས་ཀྱི་སྦྲང་ཆར་ཟམ་ཟིམ་དུ་འཇོ་བས་བདེན་དོན་གྱི་ལོ་འདབ་རྒྱས་ཤིང་། ལོ་རྒྱུས་ཀྱི་དཀྱོགས་མཚམས་ཕྱེས་པས། བོད་ཀྱི་དེང་རབས་རྩོམ་རིག་གི་དེད་དཔོན་ཆེན་མོ་དང་། རང་མོས་སྙན་ངག་གི་ཤིང་རྟ་ཆེན་མོར་དྲངས་པས་ངེས་དོན་ལ་ཡང་བརྩི་གཞི་འཇོག་རྒྱུ་ཡོད་པ་མཐོང་། དེ་བཞིན་རྗེ་བཙུན་ཤེས་རབ་རྒྱ་མཚོས། འཆད་ན་བློ་ཡི་རྦ་རླབས་དགུང་དུ་འཕྱུར།།རྩོད་ན་དུས་མཐའི་མེ་དཔུང་འབར་བའི་ལྕེ།།རྩོམ་ན་བདུད་རྩིའི་གྲུ་ཆར་འཇོ་བའི་སྤྲིན།།དཔྱོད་ལྡན་ཡིད་དབང་འགུགས་པའི་ལྕགས་ཀྱུ་ཡིན།།ཞེས་གསུངས་པ་དེའང་ཁྱེད་ལས་གཞན་ཅི།
      འོན་ཀྱང་། དུས་ཡུན་རིང་པོ་མ་འགྱངས་པར་གངས་རིའི་མུ་ཁྱུད་ཀྱིས་བརྒྱན་ཅིང་ས་འཛིན་ཕྲེང་བས་བརྗིད་པའི་རབ་འབྱམས་ཀུན་བཟོད་མས། ད་དུང་སྔར་བཟུང་གི་འདུ་ཤེས་སྐྱ་རེངས་སྔོན་མོར་བཅོལ་ནས། གཅེས་རིགས་འདུན་པའི་ཟབ་ལམ་གྱི་མལ་ཁྲི་ལ་ཏིང་འཛིན་བརྟུལ་ཞུགས་ཀྱིས་མནལ་ཏེ། རྣལ་འབྱོར་གྱི་ཉམས་སྦྱོར་བྱེད་པའི་སྐབས་དེར། ཁྱེད་ཉིད་དུས་ནམ་ཡང་འཚོ་གཞེས་ཀྱི་སྟེགས་བུ་ལས་བབས་ཏེ། སྐད་ཅིག་དེ་ཉིད་ལ་གངས་རི་དཀར་པོའི་འཇིངས་ལ་འཐིམ་འགྲོ་བ་སུ་ཡིན་རུང་བློ་ཡུལ་ལས་འདས་ཤིང་བརྗོད་ཀྱང་ག་ལ་ཐུབ།
     ང་ཚོས་དེང་རབས་ཚན་རྩལ་ཉམས་སུ་ལེན་པའི་ཚོད་ཙམ་ལ། ཉིན་བྱེད་ཟེར་མས་འཛིན་མའི་ལྟ་སྒོམ་དམ་དུ་བཏགས་ཤིང་། ཀུན་ལ་འཚོ་བའི་རེ་སྙེག་ཙམ་མམ་མིག་རྒྱང་གཏོད་ས་ཙམ་ཞིག་འབྱེད་མོད། འོན་ཀྱང་། བཀྲག་མདངས་མཆེད་པའི་གཞུང་ལམ་རེ་ཞིག་མུན་པས་བཏུམས་བྱུང་བ་ངོ་མས་བློ་ཡིད་ལ་ཡང་འཆར་དཀའ་བ་ཞིག་རེད།
   ཁོ་བོ་ཅག་ལ་ཡེ་ཤེས་ཀྱི་སྤྱན་དང་མངོན་ཤེས་ཀྱི་འཕྲུལ་སོགས་གང་ཡང་མེད་ཀྱང་། ཁྱེད་རང་ད་ལྟ་ཡར་ཀླུང་གཙང་པོའི་ངོགས་ན་འགྲེང་འདུག་པའམ། ཡང་ན། མཚོ་སྔོན་པོའི་མཚོ་འགྲམ་དུ། སྔར་བྱིན་གྱིས་བརླབས་པའི་མི་སྲིན་གྱི་ཡུལ་འདིར་རྒྱང་ལྟ་བྱེད་བཞིན་ཡོད་པ་རྟོགས་ཐུབ།
     སྔོན་གྱི་ཚེ་ན། ཁྱེད་ཀྱི་སྙུག་རྩེའི་རྦ་རླབས་དེ་ཡང་ཚིག་སྦྱོར་གྱི་རྒྱུན་ཐག་ལ་བརྒྱུས་པས། དྲན་པའི་སྒོ་ཞིང་སྟེང་དུ་བཏབ་པའི་འབྲེལ་འདྲིས་ཀྱི་བག་ཆགས་ཟབ་མོ་དེས། ཁྱེད་ཀྱི་ཞལ་གཟུགས་དང་གསུང་དབྱངས། ཐ་ན་གོམ་པའི་འདེགས་འཇོག་རེ་རེ་ཡང་མིག་ཤེས་ཀྱི་ཐིག་ལེར་ཆགས་ཤིང་། ལབ་གླེང་གི་རི་མོ་ལོ་ཟླའི་ཡུན་ལ་བཀོད་པ་དབྱར་གསུམ་རླུང་གི་རྒྱབ་རིས་སུ་བསྣོལ་ཅིང་། ལྷོ་ཕྱོགས་སོག་ཁར་ཉལ་བའི་བརྟེན་པ་འཇིག་རྟེན་གྱི་སྨོན་གནར་བསམ་གཞིགས་ཀྱི་བང་ཁ་སྒྱུར་པའི་སྐབས་ལ། ང་ཚོས་སྒྲོ་འདོགས་དང་སྐུར་འདེབས་ཀྱི་སྲབ་ལོང་དོར་ནས། སྙན་ངག་གི་རྟ་མཆོག་ཆེན་མོ་པད་ལོན་དང་། ཞོ་ལད། ཡེ་སད་ཉིན། ལད་མིན་ཐོ་ཧྥུའུ། ཕུའུ་ཞི་ཅིན་བཅས་ཀྱི་བསོད་ནམས་ཀྱི་ཕུགས་གཞི་ཟད་པའི་རྒྱུ་མཚན་བཟླས་པ་དང་། ད་དུང་གསར་བརྗེའི་ཞབས་རིས་ཟབ་པའི་མ་ཡ་ཁུ་ཧྥུའུ་སི་ཇིའི་ཚེ་མཇུག་གི་གཉེར་མ་དཀྲུམ་མདས་བྲིས་པ་སོགས་གླེང་མྱོང་ལ། དེ་དུས་ཁྱེད་ཀྱིས་ཞལ་འཛུམ་བཞིན། ཁ་བ་ཅན་གྱི་སྙན་ངག་པ་ཚོའི་སྐུ་ཚེ་བརྟན་ཚུལ་སོགས་གླེང་མོད། འོན་ཀྱང་། ཁྱེད་ལ་ལོ་འཁོར་སུམ་ཅུའི་ཐེམ་སྐས་ལས་བསྒྲིག་རྒྱུ་མེད་པ་ཅི་ཞིག

                                    ལྔ།

      གལ་ཏེ། ཁྱེད་ཀྱི་ལོ་འཁོར་སུམ་ཅུ་གྲངས་ལྷགས་འཚུབ་པའི་རྨ་ཆེན་གངས་ཀྱིས་ཁྱེར་སོང་བ་མིན་ན། ཁྱེད་ཉིད་འཁྱགས་རླུང་ངར་མོའི་མཐོངས་ཁར་འགྲེང་བའི་ལྷ་གཡག་ཇི་བཞིན་མི་རིགས་ཀྱི་རྡོག་ཁྲེས་ཕྲག་པར་འཁུར་ཐུབ་ལ། ལོ་རྒྱུས་ཀྱི་རི་སུལ་ལས་རྙིང་ཞེན་གྱི་འཕྲང་འགག་གཏོར་བའི་ང་རོ་ཡང་ཆེ་ཆེར་བསྒྲག་ཐུབ།
གལ་ཏེ། ལོ་རྒྱུས་ཀྱི་བརྒྱུད་རིམ་ནང་དུ་སྔོན་བསགས་ཀྱི་དམིགས་བྱ་མེད་ན། ཁྱེད་ཀྱིས་ས་འཛིན་གྱི་ཝུ་དཀར་འཕྱོ་བའི་ཆུ་སྐྱོབ་ཀྱི་སྟེང་དུ། ཐོས་འཛིན་གྱི་བུ་ག་བརྟོལ་བའི་《འབོལ་རྩོམ་ཞོགས་པའི་སྐྱ་རེངས》ཀྱིས་ཁ་བའི་འདབ་མ་འཁྲིགས་པའི་གངས་ལྗོངས་ལ། རྩོམ་རིག་གི་ཉིན་བྱེད་གསར་པ་དེ་འདྲེན་མི་དགོས་ལ། དུས་རྒྱུན་ཁྱེད་ཀྱི་དྲན་པའི་རྩིག་ལྡེབས་ངོས་སུ་ལྷམ་མེར་བཀྲ་བའི་དྲན་འཛིན་གྱི་རི་མོ་སྟེ། གནག་སྣུམ་འོད་ཀྱིས་བྱུགས་པའི་《རྐང་ལམ་ཕྲ་མོར》ཞུགས་ནས་ལོ་རྒྱུས་ཀྱི་དཀྱོགས་མཚམས་འབྱེད་མི་དགོས་ཤིང་། ལོ་རབས་ནས་ལོ་རབས་ལ་འབབ་པའི་ཡིད་སེམས་ཀྱི་འགྱུར་བ་《ལང་ཚོའི་རྦབ་ཆུ》དེ་ཡང་ཁོ་བོ་ཅག་གི་མིག་གི་དགའ་སྟོན་དང་རྣ་བའི་བུ་རམ། རྨོངས་མུན་སེལ་བའི་རལ་གྲི་བྱེད་མི་དགོས་ལ། དེ་བས་ཀྱང་ལྟ་བ་མཁྲེགས་འཛིན་གྱི་བླ་མ་དང་། སྤྱོད་པ་ཟང་ཟིང་ཅན་གྱི་《སྤྲུལ་སྐུའི》གདོང་ལ་བུད་དེ། རྒྱུ་འབྲས་བརྩི་འཇོག་གི་གསེར་ཁྲི་སོགས་ལ་དཔྱད་པ་དང་། སྤྱི་ཚོགས་ཀྱི་རྣམ་པ་དང་《ཚུལ་ཁྲིམས་རྒྱ་མཚོ》ལྟ་བུའི་མི་སྣའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་ལ་གསང་གྲོས་གནང་སྟེ། འདས་པའི་དུས་ཚིགས་སམ། མ་འོངས་པའི་ལོ་ཟླའི་གྲིབ་གཟུགས་ལ་དག་གཙང་དང་། སྣང་སྟོང་སྒྱུ་མའི་ཆུ་རིས་ཙམ་མིན་པར་རིག་འཛིན་དགྱེས་པའི་མཐོང་ཡུལ་ལ་སྙེག་པར་སྔོན་སོང་བག་ཆགས་ཀྱི་རྗེས་ལ་བརྟགས་ཤིང་། ད་ལྟ་ལེ་ལོ་རྣམ་གཡེང་གིས་ཁྱེར་བ། འབྱུང་འགྱུར་རྟོག་བཟོའི་ཕྲུ་གུ་ལ་རིངས་པའི་བདག་ཉིད་ཅན་གང་གི་དོན་སྣོད་ཀྱི་མཚང་བྲུས་ནས། ཟག་མེད་བདེ་ལེགས་ཀྱི་མངའ་གནས་སུ་གཟས་པར་རླབས་ཆེ་བའི་ཀུན་སློང་བསླངས་ཏེ། མཐར་ཐུག་ཡིད་བཞིན་གྱི་ནོར་བུ་གང་ཞིག་གཞོལ་བ་ལ་དེ་བས་ཀྱང་སྨྲ་བརྗོད་ཀྱི་ངལ་བ་འཛིན་མི་དགོས་སོ།།

                                    དྲུག

     གང་ལྟར་ཀྱང་། ཁྱེད་ཀྱི་ཕྱག་རྗེས་ཀྱི་དྲི་ངད་བསྐལ་བའི་ཡུན་དུ་ལྡང་བས། ཁོ་བོའི་བློ་གྲོས་ཀྱི་རྒྱ་ཁབ་ཕྲ་མོའི་མིག་ལ་ཉེ་བར་འདྲོངས་རྒྱུར་ཧ་ཅང་དཀའ་མོད། ཁྱེད་ཀྱི་རྣམ་དཔྱོད་ཀྱི་སྤོབས་པ་སེངྒེའི་རྩལ་དང་། རིགས་ལམ་གྱི་རྣམ་གཞག་ཀུ་ཤུའི་རྩེ། ལྗགས་རྩོམ་གྱི་འཁྱུག་འགྲོས་ནམ་མཁའི་གློག་བཞིན་འགྱུ་བ་ཀུན་གྱི་མགྲིན་པའི་ལམ་ནས་གྱེར་ཞིང་། སྟབས་ལེགས་པ་ལ་ཁྲག་དྲོན་གྱི་མེ་ལྕེ་མཆེད་པའི་མཁའ་དབྱིངས་སུ་ད་དུང་《སྤྲིན་དཀར་གྱི་འདབ་མས》གནས་བརྟན་གྱི་ཡུལ་ལ་སྐྱབས་འཇུག་གི་རེ་བཞག་སླད་མར་འཇོ་ཞིང་། གསར་སྐྱེས་ལྗང་བུས་དགུན་གསུམ་གྲང་ངར་འཁྱམས་པའི་ས་གཞི་ཕྱི་ཕྱིར་གཡོག་པར། ཆེས་གཅེས་སུ་འོས་པའི་ཚེ་སྲོག་གིས་མནོ་བསམ་སྣུམ་པོ་འདེབས་པར་དྲན་སྐུལ་གྱི་གདམས་པ་བཞག་ཡོད་ལ། གཤེགས་ཟིན་པའི་ལོ་ཟླས་ཀྱང་འགྱོད་གདུང་གི་ངེས་འབྱིན་དྲག་ཏུ་སྣོན་བཞིན་ཡོད། འདས་པ་ལོ་རྒྱུས་སུ་ཟད་མོད། མཐོ་འཚམ་དང་སྡུག་ཡུས་ཁྲོད་དུ་དྲན་སྐུལ་དང་ཉམས་སད་ཀྱི་དྲིལ་བུར་ནམ་ཡང་འཇགས་མཐའ་མེད།
མི་ལ་ལ་གསོན་པོར་གནས་ཀྱང། ཁོ་སྔ་མོ་ནས་འདས་ཟིན་ལ། མི་ལ་ལ་འདས་ཟིན་མོད། ཁོང་ད་དུང་གསོན་པོར་གནས་ཡོད།

                      ༡༩༨༨ལོའི་ཟླ་༦ཚེས་༡༨ལ་ལན་གྲུ་ནས་བྲིས།
                      ༡༩༩༡ལོའི་ཟླ་༨ཚེས་༡ལ་གཏེར་ལན་ཁ་ནས་དག་བཅོས་བྱས།

                      རྩོམ་འདི་༡༩༩༡ལོའི་གངས་རྒྱན་མེ་ཏོག་དེབ་གསུམ་པ་ལས་བཤུས།

རྩོམ་སྒྲིག་པ། : རིག་འཛིན་ཚེ་རིང་།