ཀྲུང་གོ་བོད་ཀྱི་དྲ་བ།

ལས་དབང་སྒྲོལ་མའམ་ཟླ་བ་སྒྲོལ་མ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : གསེར་དུང་སྙུགདཀར་མཛེས།   སྤེལ་དུས། : 2019-12-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཟླ་བརྒྱད་པའི་དབྱར་གཞུང་ཞིག་ལ་ང་རང་གུང་གསེང་བཏང་ནས་ཁྱིམ་དུ་ཡོད་པ་དང་ཟླ་གོང་མར་ང་ཚོ་དམའ་འབྲིང་ནས་མཐར་ཕྱིན་པས་དབྱར་གནང་གི་སྐབས་དེར་སློབ་གྲྭས་བཀོད་བསྒྲིག་བྱས་པའི་ལས་བྱ་སྣ་གཅིག་ཀྱང་འབྲི་རྒྱུ་དང་ཀློག་རྒྱུ་མེད། དེ་ནས་ང་ཚོ་བཅིངས་གྲོལ་ཐོབ་པའི་བཏགས་ཁྱི་བཞིན་གང་སར་འཁྱམས་པ་དང་དབྱར་གཞུང་ཡིན་པས་རྣམ་གཡེང་གི་རླུང་བུ་འཇམ་པོ་ཞིག་ལ་ཞོན་ཏེ་རི་ཆུ་ནགས་ཀླུང་ཐམས་ཅད་ལ་རྩེད་དགོད་དང་ཀུ་རེ་གཡུག་བཞིན་སློབ་གྲོགས་ཚོ་དང་མཉམ་དུ་ལྗོངས་རྒྱུ་ལ་ཆས་པ་ཡིན།
སྐབས་རེར་ང་ཚོའི་སེམས་ཁམས་ཧ་ཅང་དྭངས་བས་གླུ་དབྱངས་ལེན་པ་དང་མེ་ཏོག་ཆུང་ཆུང་རེ་དང་ཆུ་ཕྲན་དྭངས་མོ་རེ། བྱ་དངོས་ཡོད་ཚད་ཀྱི་རྣམ་པ་མི་འདྲ་བ་རེ་མཐོང་དུས། སྒྱུ་རྩལ་སྣ་ཚོགས་ཀྱི་ཉམས་དང་བཅས། པར་ལ་ལེན་པ་དང་བརྙན་ལ་ཕབ་ནས་འགྲོ་བ་ཡིན། ལན་རེར་སློབ་གྲོགས་ཅིག་ཤོས་ཞིག་གིས་གློ་བར་དུ་ངའི་རྒྱུག་འཕྲོད་མེད་ཡ་ཞེས་དབུགས་རིང་ཞིག་དང་ལྷན་དུ་སྐད་ཆ་གློད་སྐབས། སློབ་གྲོགས་གཞན་པ་ཚོས་མ་བགྲོས་རང་མཐུན་གྱིས། ཟུར་ཟ་དང་ཁེངས་སྐྱོང་གང་ཡིན་མི་ཤེས་པའི་སྐད་ཆ་ཞིག་སྟེ་ཁྱོས་ད་མི་ཤེས་ད་ངའི་རྒྱུགས་འཕྲོད་མེད་ཤག་ཤག་ཡིན་ཞེས་ཐག་ཆོད་རང་བཞིན་དང་ཨུ་ཚུགས་ཀྱི་བསམ་བློ་མཁྲེགས་དུ་ཚ་བ་རེ་བཟུང་ནས་སོང་བ་ཡིན། དེ་ལྟར་ཉིན་རྒྱུན་མཚམས་མི་ཆད་པའི་སྐད་ཆ་དེ་རྒྱུན་ལྡན་ཞིག་ཏུ་གྱུར་སོང་།       

ཉིན་ཞིག་གི་ཞོགས་པར། ང་ལ་ཕུ་བོ་དྲག་བཙན་གྱིས་ཁ་པར་ཞིག་སླེབས་འདུག ངས་བྲེལ་ཚུབ་གྱིས་ངང་ནས་ཉན་རྟགས་མདའ་མགོ་དེད་དེ་ཉན་པ་ཡིན། ཕུ་བོས་ཝེ་་་ཝེ་་་་་ཞི་ལུ་ཁྱོ་གང་ན་ཡོད་ཞེས་དྲིས། ངས་ང་ཁྱིམ་ན་ཡོད་ཞེས་ལན་བཏབ། དེ་ནས་ཁོ་བོས་སང་ཉིན་ཁྱོད་གར་བུད་མ་འགྲོ། སང་ཉིན་ནི་ཉིན་བཟང་སྐར་ཡག་ཞིག་ཡིན་པས་ངེད་སྤུན་གཉིས་ཀ་བླ་རུང་ཆོས་སྡེ་ཆེན་པོ་ལ་སྐོར་བ་དང་སྒྱུ་འཕྲུལ་ལྷ་ཁང་ལ་རྐྱང་ཕྱག་འཇོག་ཏུ་འགྲོ་ཟེར། ད་དུང་དེའི་སྐོར་ནས་ང་ལ་སྐད་ཆ་མང་པོ་ཞིག་བཤད་སོང་། ངས་འོ་ཡ་དགུང་མོ་ང་ཁྱེད་ལ་ཐོན་ཡོང་ཞེས་བཤད་དེ་ཕུ་བོ་ངེད་གཉིས་ཀྱི་བདེ་མོ་དང་མཉམ་དུ་ཁ་པར་མར་བཞག ང་རང་ཉིན་གང་བོར་རང་ཁྱིམ་ནས་སོས་དལ་ངང་ཨ་མ་དང་མཉམ་དུ་ཁ་བརྡ་བཤད་ནས་བསྡད་པ་ཡིན། ངས་དཔེ་ཆ་མཐུག་པོ་ཞིག་ལག་དུ་བཟུང་ནས་དེབ་གྲངས་འགའ་བལྟས་རྗེས། ཨ་མ་ལ་ཁྱིམ་ལས་ལས་རོགས་བྱས་པ་ཡིན། ཨ་མ་ཚེ་རིང་དབྱངས་སྐྱིད་ཀྱིས་མ་ལོ་ཁྱོ་རང་གི་དཔེ་ཀློག་བྱོས་དང་།འདི་ག་ཚང་མ་ང་རང་གི་ལས་ཐུབ་ཟེར་བཞིན།གཞོང་པ་ཆེན་པོ་ཞིག་གི་ནང་དུ་ཆུ་མང་ཙམ་བླུགས་ནས་དྲུད་ཕྱིས་ཤིག་ཕུར་ཙམ་བྱས་ཏེ་ཁྱིམ་བཀྲུ་མགོ་བརྩམ། ང་རང་ཨ་མའི་ཉེ་གམ་དུ་བཅར་ནས་ཨ་མ་ལགས་ཁྱིམ་ངས་བཀྲུ། ཨ་མ་ཁྱོ་སྡོད་དང་ཞེས་སྨྲས་པ་དང་ལྷན། ཨ་མ་ཚེ་རིང་དབྱངས་སྐྱིད་ཀྱི་ལག་ནས་དྲུད་ཕྱིས་ཚུར་ལེན་སྐབས། ཧ་ཅང་བཟོད་ཐབ་བྲལ་བའི་ཚོར་སྣང་སྙིང་ཚ་བ་ཞིག་སྐྱེས་བྱུང་། ང་རང་ནི་ཏག་ཏག་ཨ་མ་དང་མཉམ་དུ་མི་ལོ་བཅུ་དགུ་ལ་འཇིག་རྟེན་གྱི་དགའ་སྐྱོ་ཆགས་སྡང་གི་བཙན་ཁ་ནས་སོས་ཏེ་ང་རང་མི་ཡུལ་གྱི་ཚེ་འབར་བཞིན་གསོས་པ་རེད། 

དེ་རིང་ཨ་མའི་ལག་པ་འཁོབ་ནས་གཉེར་མའི་ལྷུ་ཚིག་ནག་ལྡབ་ལྡབ་ཞིག་ཏུ་གྱུར་ཅིང་། ཨ་མ་ལོ་ཚོད་མཐོ་བའི་སྐྲ་ལོའི་འདབ་མ་སེ་ཆོབ་ཆོབ་ཞིག་ཏུ་གྱུར་འདུག ངའི་རང་ཉིད་ཀྱི་སེམས་སུ་ཁྱེད་རང་བཅུ་དྲུག་གཞོན་པའི་ལང་ཚོ་སྨིན་དུས་གསར་རུ་མང་པོ་ཞིག་གི་མིག་ནང་གི་མེ་ཏོག་དང་སྙིང་ནང་ལ་ན་ཟིག་སློང་མཁན་ཞིག་ཡིན་ལ། བཟང་ལས་ཀའང་ང་ཚོའི་སྡེ་བས་ཡར་ཤོར་ཞིག་ཡིན་པ་ངའི་སྔོན་ནས་གོ་ཡོད། ཨ་མ་ཁྱོ་གློ་བར་དུ་འདི་ལྟར་འགྱུར་བ་ཅི་ཡིན་སྙམ་བཞིན། ཡིད་ཁོང་སྐམ་པོ་མཆི་མས་བརླན་ཞིང་མགོ་བོ་རྡོག་རྡོག་གཟེར་གྱི་གང་།ཤིན་ཏུ་འཇམ་ཞིང་དམར་མདངས་བཀྲ་བའི་ངོ་གདོང་ཏེ། ད་ལྟ་བལྟས་ན་སྐྱ་ལ་སྔོ་མདོག་དོད་པའི་སྐྱི་མོ་ལྷབ་ལྷབ་ཞིག་ལས་གང་ཡང་མི་འདུག མདའ་བཞིན་དྲང་བའི་ལུས་པོ་དེའང་རྒྱུན་ལྡན་དུ་སྒུར་ནས་འགྲོ་དགོས་པ་ཞིག་ཏུ་གྱུར་ཞིང་། ཨ་མ་ལགས་སྟོན་མཇུག་གི་སྡོང་རྒན་བཞིན་རྒས་འདུག ཨ་མས་བསླབ་བྱ་འཇམ་པོས་ཉིན་བཞིན་སློབ་གྲྭར་འགྲོ་སྐབས་དཀོན་མཆོག་གསུམ་ལ་གསོལ་འདེབས་དང་དགེ་རྒན་གྱི་བཀའ་གསུང་དང་ལེན་བྱེད་པ། སློབ་སྤྱོང་ལ་འབད་པ་བྱེད་དགོས་པ་སོགས་ཚིག་གསུམ་གནད་དུ་བཟུང་ནས་བཤད་པ་ཡིན། དེ་འདྲ་མང་པོ་ཞིག་ཕྱིར་མིག་གི་སེམས་གཞུང་ནས་ཡང་ཡང་དྲན་བཞིན་ཨ་མ་དང་མཉམ་དུ་ཉི་མ་འདའ་སོང་།

ཕྱིར་ཉིན་ཞོགས་པ་འཇམ་པོའི་ཉི་ཟེར་རྩྭ་ཐང་ལ་བཀྲམ་ཞིང་། གནམ་གཤིས་དྭངས་མོའི་མཁའ་དབུགས་རི་གཞུང་ལ་ཤར་ནས་སྣང་བ་སྐྱིད་པོའི་ཚོར་བ་ཞིག་སྤྱིན་འོང་། ཨ་མས་ང་ལ་ངེད་ཚང་གི་ཨ་ཅེ་ཆུང་བ་སྒྲོན་དཀར་ལ་ཅིག་ན་བཞིན་ཡོད་ཟེར་ཀི། ཨ་ཅེ་སྒྲོན་དཀར་ནི་གནས་ལ་སོང་ནས་ལོ་གཅིག་ཙམ་ཞིག་ནས་འདས་མེད་པ་དང་གནས་ལ་འགྲོ་ས་ཚང་ནི་འབྲོག་པ་ཞིག་ཀྱང་ཡིན། མོ་ལ་རྒྱུན་དུ་ཅིག་ན་བཞིན་ཡོད་པས། དེ་སྔ་ཁོང་ཚང་གིས་འདོན་བྱ་གང་ལེགས་དང་མོ་རྩིས་མང་པོ་བྱས། རྫོང་སྨན་ཁང་དང་བོད་སྨན་མང་པོ་ལ་བསྟན་ཡང་ནད་ལ་ཅི་ཙམ་ཡང་མ་ཕན་པ་རེད།ད་བར་ཡང་ཁོང་ཚང་གིས་སྨན་ཁང་ཆེ་ས་ཞིག་ལ་འགྲོ་འདོད་པས། ཕར་ཆེལ་ཁྱོས་རོགས་བྱས་ནས་འགྲོ་དགོས་ས་རེད་ཟེར་ཀི། དེ་ཙ་ན་ཁོང་ཚང་གི་ང་ལ་ཁ་པར་འབྱོར་འདུག་ཡར་འཕེལ་ཁྱོས་རོགས་འེ་ཁོམ་ཟེར་ནས་རྒྱུ་མཚན་མང་པོ་བཤད་སོང་། ངས་ཨོ་ཡ་ཟེར་བཞིན་ཁྱིམ་མི་རྣམས་ལ་བཤད་པ་ཡིན། ཁྱིམ་མི་ཚོས་ཡང་མགྱོགས་པ་སོང་ན་དགའ་ས་རེད་ཟེར་ནས་སྐད་ཆ་བཤད་བཞིན་ཡར་འཕེལ་མགྱོགས་ཅེས་ཟེར། དེ་ནས་ང་ཚོ་འཕྲུལ་རྟ་ལ་ཞོན་ནས་ཧོར་ཁོག་རུ་སོང་བ་ཡིན། བྲག་ཁོག་ལ་སླེབས་དུས། དུས་ཚོད་ཏག་ཏག་གཉིས་པ་ལ་སླེབས་འདུག ཡང་གླ་གཏོང་ཞིག་བཙལ་ནས་བྲེལ་ཚབ་ངང་ཁུ་ནུ་ཁུལ་ལ་ཆས། དགོང་མོར་དེར་སྨན་ཁང་ནང་དུ་འགྲོ་ས་མ་ཆུད་པས། མགྲོན་ཁང་ཞིག་གླ་ནས་བསྡད་པ་ཡིན། 

ཕྱིར་ཉིན་སྔ་ཅི་ཐུབ་བྱས་ནས་སྨན་ཁང་ཕྱོགས་སུ་བསྐྱོང་པ་དང་། དེ་ནས་ནད་ལ་བརྟག་དཔྱད་གང་མང་བྱས་ནས་མཇུག་འབྲས་ཧ་ཅང་ཡག་པོ་ཞིག་བླངས། ནད་གཞི་ཆེན་པོ་ཞིག་མེད་པ་དང་མོ་ལ་བྱིས་པ་ཆགས་ཚར་བ་རེད་ཟེར། དེ་ནས་ང་ཚོ་དགའ་སྤྲོའི་ངང་ནས་ཕྱིར་ཕ་ཡུལ་ལ་ལོག ཕ་ཡུལ་གྱི་ཉེ་མི་རྣམས་ལ་གནས་ཚུལ་དེ་ཞུས་པས་ཁོ་ཚོ་ཡང་ཧ་ཅང་དགའ་འདུག ཨ་ཅེ་སྒྲོན་དཀར་གྱིས་ཡར་འཕེལ་སང་ཉིན་ང་ཚོ་ཧོར་ཁོག་ནས་ཞགས་སྡོད་བྱས་ནས་འགྲོ་ང་ཡང་ཅུང་ཙམ་འཁྱར་ན་འདོད་ཀི  སང་ཉིན་དེ་ནས་འདུག་ཨེ་རེད་ཞེས་དྲིས་བྱུང་། ངས་ཨ་ཅེ་ལ་ག་ལ་ཁོམ་སང་ཉིན་ང་ངེས་པར་དུ་ཁྱིམ་ལ་ཐོན་དགོས་ནི་རེད། སློབ་གྲྭ་སོ་སོའི་བརྡ་ཐོ་ཐོན་ཡོད་པས་སློབ་མ་ཚོ་ལ་གནངས་ཉིན་ཡུལ་ཚོའི་ལས་བྱེད་པ་ཚོས་ལྷགས་བསམ་དཀར་བོའི་སློབ་མ་ཚོ་ལ་རོགས་སྐྱོར་བྱེད་རྒྱུ་རེད་ཟེར་ཀི། གལ་ཏེ་མ་ཐོན་ན་ཉིན་དེ་ལས་གོ་སྐབས་ཡོད་ནི་མ་རེད་ཟེར་ཀི་ཞེས་ངས་ཨ་ཅེ་ལ་དེ་ལྟར་བཤད་པ་ཡིན། དེ་ནས་ང་ཚོ་ཕ་ཡུལ་ལ་ཅི་མགྱོགས་གང་མགྱོགས་བྱས་ནས་ཡོང་བ་ཡིན། མཚན་དཀྱིལ་ཞིག་ལས་ཁྱིམ་ལ་མ་ཐོན་པས་ཕྱིར་ཉིན་གཉིད་ལ་ཤོར་སོང་ཞིག དེ་ནས་ཡར་ལངས་ཏེ་ཁ་ལག་ཞིག་བཀྲུས་ནས་ཁ་པར་སྒོ་ཕྱེས་པ་ཡིན། སློབ་གྲོགས་མང་པོས་འཕྲིན་ཐུང་བསྐུར་འདུག ང་མགྱོགས་མྱུར་ངང་ཡུལ་ཚོའི་ཕྱོགས་སུ་རྐང་ཐང་ལ་བརྒྱུགས་པ་དང་། ངེད་ཚང་དང་ཡུལ་ཚོའི་བར་ལ་ལེ་བར་གསུམ་བཞི་ཙམ་ཡོད་ལ། ང་རང་རྐང་ཐང་ཡིན་པས་ཅུང་ཙམ་ཐག་རིང་པོ་ཞིག་འདུག ངས་རྩལ་སྤྱངས་བྱེད་ཞོར་ཤར་མར་བརྒྱུགས་པ་ཡིན། ཡུལ་ཚོའི་རྒྱ་སྒོ་ནས་བུད་དེ་ནང་དུ་འགྲོ་སྐབས་ང་རང་ཅུང་ཙམ་ཕྱི་འདུག དེ་ནས་ངས་གོམ་པ་དལ་དུ་བཅུག་ནས་སོང་བ་ཡིན་ལ། ལས་བྱེད་པ་དང་དགེ་རྒན། སློབ་མ་ངོ་ཤེས་ཚོས་ཡར་འཕེལ་ཁྱོ་དཀའ་ཨེ་ཐ་ཞེས་ང་ལ་མཚམས་འདྲི་མང་པོ་བྱས།   ཉིན་དེར་ང་རང་ཅི་ཡིན་མེད་པར་སྟར་ཕྲེང་གི་མཇུག་ཏུ་འདུག་སྐབས་ངའི་ཕྲེང་ན་བུ་གཅིག་ཀྱང་མེད་པ་དང་བུད་མེད་ཤ་སྟག་རེད། ཏག་ཏག་ངའི་སྔོན་གྱི་བུད་མེད་དེ་ཡང་ངོ་མི་ཤེས་པ་ཞིག་རེད་འདུག གློ་བར་དུ་བུད་མེད་ཞིག་འོང་ནས་ངའི་སྔོན་ཏུ་ཕྲེང་བསྒྲིགས་སོང་། ངས་ཁོ་མོའི་ལུས་ཀྱི་ཆ་སྤྱད་ལ་བལྟས། སྤྱིར་བཏང་གི་ནུབ་ཆས་བྱས་འདུག ང་རང་ཧ་ཅང་ལྟ་དགའ་ཆེ་བས་བྱེ་བྲག་ཏུ་བལྟས། གཙོ་བོ་ངོ་གདོང་དང་སྤྱོད་ལུགས་ལ་བལྟས། ཡིན་ཡང་ཁ་ཤུབས་ནག་པོ་ཞིག་དང་ཞྭ་མགོ་དཀར་བོ་ཞིག་གྱོན་ཡོད་པས་དེ་འདྲ་གསལ་ཁ་དོད་པ་ཞིག་ཤེས་མ་སོང་། དེ་ནས་སློབ་མ་ཚོ་རེ་རེ་བཞིན་ཚོགས་ཁང་ནང་དུ་བུད་སོང་། ང་ཡང་ཁོ་ཚོའི་རྗེས་བསྙེག་ནས་སོང་ལ། ངས་ལས་བྱེད་པའི་སྐད་ཆ་རྣམས་རེ་རེ་བཞིན་ཟིན་བྲིས་ལ་ཕབ་པ་ཡིན། ཁོ་མོ་ངའི་གཡས་ཕྱོགས་སུ་བསྡད་ཡོད་ཅིང་ཁ་པར་ཞིག་ལ་ལག་ལས་བྱེད་བཞིན་གདའ། སྟབས་མ་ལེགས་པར་ང་རང་ཁོ་མོའི་གདོང་ལ་ཅེར་ནས་ཅུང་ཙམ་ཧད་སོང་། ཁོ་མོས་ཡང་ང་ལ་བལྟས་འདུག ད་གཟོད་ཁོ་མོ་ནི་ངས་སུ་ཡིན་པ་གསལ་བོ་ཤེས་སོང་། མོ་ནི་ངས་སྔོན་ཞིག་ནས་སེམས་སུ་བཟུང་མྱོང་བའི་ལས་དབང་སྒྲོལ་མ་རེད་འདུག དེ་ནས་ངེད་གཉིས་ཀྱི་སྐད་ཆ་ཐར་ཐོར་རེ་བཤད་པ་ཡིན། ངའི་སེམས་ཀྱི་འདུ་ཤེས་ངོ་མ་ཤ་གསེང་ཅིག་ནས་ཤབ་དེ་བུད་སོང་བ་འདྲ། དགའ་ཞེས་པའི་ཐ་སྙད་དེ་ཡང་གློ་བར་དུ་སྐྱེས་སོང་། ངའི་སེམས་སུ་ཁ་པར་ཨང་གྲངས་ཞིག་དང་ཡང་ན་འཕྲིན་ཕྲན་ཨང་གྲངས་ཞིག་དེ་གཉིས་ཀྱི་གཅིག་ངེས་པར་ན་ཁོ་མོ་ལ་སློང་དགོས་བསམ་བཞིན་སེམས་ཀྱི་བྲེལ་བ་ཧ་ཅང་ཆེ། དེ་ལྟར་བསམ་ནས་ཅུང་ཙམ་ཞིག་ལས་འདས་མེད་རུང་། ང་ལ་མཚོན་ན་དུས་དེ་ནི་ཧ་ཅང་ཡུན་རིང་ཞིག་རེད་སོང་། དེ་ནས་ངས་སྐད་གསང་དམའ་མོའི་ངེད་གཉིས་ཀྱི་འཕྲིན་ཕྲན་ཞིག་འབྲེལ་ན་ཨེ་ཆོག་ཞེས་འོ་དོད་ཡང་ཡང་བོས། ཁོ་མོའི་ཚོར་གྱིན་མི་འདུག ཡང་ངས་སྐད་གསང་མཐོ་ཙམ་བྱས་ནས། ངེད་གཉིས་ཀྱི་འཕྲིན་ཕྲན་ཞིག་འབྲེལ་ན་ཆོག་གམ་ཞེས་དྲིས་ཚེ། ཁོ་མོས་མགོ་བོ་མཐོ་ཙམ་བྱས་ནས་ཨིན་ཨིན་ཞེས་རྣམ་འགྱུར་ཞིག་བསྟན་བྱུང་། ངས་སྐོམ་པས་ཆུ་འདོད་པ་ལྟར་ཁ་པར་ཁོ་མོའི་ལག་ཏུ་བཞག་པ་ཡིན། དེ་ཙམ་དེ་ཙམ་གྱི་ཚོགས་འདུ་གྲོལ་སོང་། ཁོ་མོ་ཡང་ཡར་ལངས་ནས་ཕྱི་ལ་བུད་སོང་། ང་ངོ་ཤེས་སློབ་གྲོགས་ཚོ་དང་ལྷན་ཏུ་ཁ་བརྡ་ཅུང་ཙམ་ལབ་ནས་དེ་རུ་ལྷག ཡིན་ཡང་ངས་མིག་གི་ཁོ་མོ་འཚོས་པ་ཡིན་ཕྱིར།ཁོ་མོ་སློབ་གྲྭའི་སྒོ་འགྲམ་བརྒྱུད་ནས་ཁྱིམ་ལ་འགྲོ་བཞིན་ཡོད་པ་གསར་བོ་མཐོང་སོང་།
དེ་ནས་ང་ལ་རོགས་པ་བུད་མེད་སློབ་གྲྭ་པ་ཞིག་ཡོད། མོ་ནི་ངའི་དམའ་འབྲིང་སྐབས་ཀྱི་སློབ་གྲོགས་བཟང་ཤོས་ཤིག་ཡིན་ཞིང་ངེད་གཉིས་ཀྱི་སྐད་ཆ་བཤད་ཞོར་ཚོང་ཁང་ཞིག་གི་ནང་དུ་སོང་ནས་འཁྱགས་དར་ཞིག་ཉོས། རིན་པ་ཁོ་མོས་སྤྲད་པ་ཡིན། ངས་ཨུ་ཚུགས་ཀྱི་སྒོར་མོ་སྦྱིན་ཡང་མོས་རྣམ་འགྱུར་མི་བཟང་བ་ཞིག་དང་ལྷན་ཏུ་དེ་འདྲ་མ་བྱེད་ཟེར་ཞོར་ཕྱི་རུ་བུད་སོང་། ང་ལ་བྱ་ཐབས་ཟད་དེ་ང་ཡང་ཕྱི་རུ་འོང་ནས་ངེད་གཉིས་ཉམས་དུ་ལམ་འགྲམ་བརྒྱུད་ནས་ཁྱིམ་ལ་ཡོང་བ་ཡིན། མོས་ང་ལ་སློབ་གྲོགས་ཡར་འཕེལ། ངེད་གཉིས་སློབ་གྲོགས་སུ་འགྱུར་ནས་མི་ལོ་དགུ་ལྷག་ཙམ་ཞིག་འདས་ཟིན་པ་རེད། ངས་ཁྱེད་ལ་དགའ་རོགས་ཞིག་ཡོད་པ་ཡེ་ནས་མ་གོ་དོན་ངོ་མ་ཁྱེད་ལ་དགའ་རོགས་འེ་ཡོད་ཞེས་དྲིས་བྱུང་། ངས་ལན་ཇི་ལྟར་འདེབས་ཀྱིན་མི་ཤེས་པས་ཡ་ཆུང་སེམས་ཁོངས་སུ་སྤྲིན་ནག་པོའི་ཡོལ་བས་བསྒྲུབ་པ་བཞིན། སྨྲ་མི་ཤེས་པའི་ཚོར་སྣང་ཏེ་ཧ་ཅང་གསལ་ལ་མི་གསལ་བའི་མུན་ནག་གི་སྐར་འོད་ལྟ་བུ་ཞིག་ཏུ་གྱུར། ཡིན་ཡང་ཁོ་མོས་ཡང་ནས་ཡང་དུ་དྲིས་བྱུང་། དེ་ནས་ངའི་སེམས་ལ་ཤར་བའི་སྐད་ཆ་དེ་ཁ་སྒོ་ནས་རང་དབང་མེད་པར་ཤོར་སོང་། ང་ལ་དགའ་གྲོགས་ཞིག་ཡོད་མ་མྱོང་། རྒྱུ་མཚན་བུད་མེད་ཚོ་ལ་འབྲེལ་འདྲེས་བྱེད་རྒྱུར་ང་ཧ་ཅང་སྐྲག་མཁན་ཞིག་ཡིན། དེ་ལས་ང་རང་འཚར་ལོངས་བྱུང་བའི་ཁོར་ཡུག་ནས་ཕ་མ་དང་དགེ་རྒན་ཚོས་སློབ་གསོ་དང་ཐབས་ལམ་སྣ་ཚོགས་བེད་སྤྱད་བྱས་ནས་དེའི་སྐོར་ནས་ཁ་ཏ་མང་པོ་བྱས་རྐྱེན་དགའ་རོགས་ཞེས་པ་ཞིག་མེད་པ་ཡིན། དེ་སྔ་མེད་མོད། དེ་རིང་མ་བསམ་ས་ནས་ང་རང་བུད་མེད་ཞིག་ལ་དངོས་སུ་དགའ་སོང་ཞེས་སྐད་ཆ་དྲང་མོ་བཤད་པ་ཡིན། མོ་ཅུང་ཙམ་དགོད་ཞོར་སྔོན་ཆད་ཁྱེད་ལ་བུད་མེད་དགའ་ས་ཞིག་ཡེ་ནས་མེད་པ་ཨེ་ཡིན་ཞེས་དྲིས་ཏེ་ང་ལ་དྲང་མོ་ཤོད་ད་ཟེར་བཞིན་བཙན་པོ་འདྲ་བྱས་སོང་། ཡིན་ཡང་། ངེད་གཉིས་ཀྱི་སྐད་ཆ་མགོ་རྔ་ཚང་བ་ཞིག་བཤད་མ་ཐུབ་པར་སོ་སོའི་ས་རུ་གྱེས་སོང་བ་ཡིན། 

ང་རང་མགྱོགས་མྱུར་གྱིས་ཁྱིམ་དུ་སོང་།  སེམས་སུ་ཧ་ཅང་གནོན་ཤུགས་ཆེ་བའི་བྱ་བ་གལ་ཆེན་ཞིག་ལུས་ཡོད་པ་འདྲ། ཇ་འཐུང་མི་དགོས་ལ་བྱ་བ་གཞན་པ་ཅི་ཡང་དྲན་རྒྱུ་མེད་པར་གྱུར། ཁ་པར་ཏེ་ལག་ཏུ་བཟུང་ནས་ལས་དབང་སྒྲོལ་མ་ལ་འཕྲིན་ཡིག་བཏང་། སྐར་ཆ་གཅིག་ཙམ་ཡང་མ་འགོར་བར་ང་ལ་འཕྲིན་ཡིག་འབྱོར། དེ་ནས་ཕན་ཚུན་ལ་འཕྲིན་ཡིག་མང་པོ་བསྐུར་བ་ཡིན། ཉིན་འགའ་སོང་རྗེས་ངས་མོ་ལ་འཕྲིན་ཡིག་ཁག་གཉིས་འདྲ་ཞིག་བསྐུར་བ་ཡིན།   ཁག་དང་པོ།
ལྡོགས་མེད་ལས་ཀྱི་བསྐོས་ཐེངས་ཞིག་གིས།
སེམས་ཀྱི་གཤོག་ཡ་ཁྱེད་ལ་ཐོག
ཁ་ཐག་ཇི་རིང་ལོ་ཚོད་མི་བརྩི།མཛའ་བརྩེའི་རྣལ་མའི་དར་སྐུད་དེ།
སྐྱིད་སྡུག་ཇི་ཡིན་མཉམ་གཤིབ་བྱེད་ལ།
ང་ཁྱོད་མེད་པའི་དུང་བ་བསམ།
མི་རིང་མི་ཐུང་ཨ་མཚར་བསམ་ནས།
དཀྱིས་མ་ཞིག་གི་ལས་ཀ་མིན།
མགོ་འཕྲུལ་རིག་བདེའི་ཁ་ཙམ་མ་ཡིན།
ཡུན་རིང་བསྙལ་བའི་ཁ་དོག་ཡིན།
ཤོག་དཀར་སྨྱུག་ནག་ལག་ལ་ཐོག་དུས།
འབྲི་རྒྱུ་ཁྱོད་ཀྱི་གཉུག་གཤེས་ཡིན།
བལྟས་ན་ངོ་དགས་འཛུམ་མདངས་མིན་ལ།
དོན་དུ་ཁྱེད་ཀྱིས་མྱོང་ན་ཤེས།
སྤྱིར་ན་མཛེས་མ་བརྒྱ་རིག་སྟོང་རིག
བློ་ཐུབ་གཏན་གྲོགས་ཁྱེད་ལ་ཁེད།
ཡིན་ཡང་བསམ་བློའི་རྣར་ཆ་ཞིག་གིས།
བདག་མེད་དྭ་ཕྲུག་སྙན་ངག་ངུས།
ལོ་ཟླ་ཞགས་བཅུའི་ནས་ཆང་མངར་མོ།
མི་ཁུག་གསེར་དང་སྒོར་གྱི་མི་ཁུག
མི་གཡར་ཚོང་ལས་བུ་མོར་མི་གཡར།
མི་དབང་སྐྱག་རྫུན་མཁན་ལ་མི་དབང་།
དེ་དང་དེ་བཞིན་དེ་ཚོ་སྐོར་གཅིག
བྱ་ཚིག་ཕྱི་ནང་གཏན་ནས་མི་གླེང་།
ཡིན་མིན་སྣ་ཚོགས་ཡེ་ནས་མི་བཤད།
རང་གི་བློ་ལ་ཤར་བའི་མི་དེ།
ཁྱེད་ཉིད་གཅིག་པུ་ཡིན་པ་ལོས་ཤེས།
གལ་ཏེ་ལས་ཀྱིས་བཀོད་པ་ཞིག་དང་།
ཡིད་འོང་ཁྱེད་ཉིད་འཐད་པ་བྱུང་ན།
བདག་གི་ཐོག་མའི་བརྩེ་བ་འདང་ཆེན།
དུང་བ་ཁྱེད་ཀྱི་རུམ་ལ་བཅུག་རོགས།  ཁག་གཉིས་པ།    དྲན་པས་གཅིར་ན་ཤུཊ་ཀྱི་བསྲན་ཡང་ཇེ་གཟེར་རེད།།
དུང་བས་སྡུག་ན་སྙན་ངག་བྲིས་ཡང་སྐྱོ་གཞས་རེད།།
དགའ་བ་ཐ་སྙད་དམར་བོ་དོད་པའི་ངོ་གདོང་ནས།།
བཅོས་མིན་འཛུམ་གྱི་སོ་རྩེ་ཕྲེང་བའི་གེ་སར་ངོམས།།   སྙིང་ལ་ཟུག་ན་ཉིན་བཞིན་དྲན་ནས་མི་བ་ཀི།།
ཡིད་ལ་འཐད་ན་རྨི་ལམ་དེ་ཡང་ཁྱེད་ཉིད་རྨིས།།
བརྩེ་བ་དྭངས་གཙང་ལྷོད་ཡང་ཆགས་པའི་རུམ་ཁ་ནས།།
བསམ་བློ་གཙང་མའི་མིག་འབྲས་དེ་ཡང་ཁྱེད་ལ་འཁོར།།   ངོ་མ་དགའ་ན་ངོ་ཚ་མེད་པ་ང་ཡི་ལས།།
དྲང་མོ་བཤད་ན་མི་སེམས་མི་དགའ་གནའ་ཡི་དཔེ།།
ཡིད་ཆེས་བྱས་ན་ཆོག་ཆོག་ཕྲན་གྱི་སྙིང་གཏམ་ལ།།
དང་ལེན་བྱེད་མིན་དགའ་མ་ཁྱེད་ཀྱི་ཐུགས་སུ་འཚལ།།   ཞེས་ཉིན་དེའི་ཞོགས་པའི་དཔེ་ཀློག་ཁྲོད་ནས་ཁོ་མོ་ལ་འཕྲིན་འདི་གཉིས་བསྐུར་ནས་ཁ་པར་སྒོ་ཉིན་གཅིག་ལྷག་ཙམ་ལ་གཏན་བཞག་པ་ཡིན།
ཉིན་གཉིས་པའི་དགོང་མོ་ངས་ཁ་པར་སྒོ་ཕྱེས་པ་ཡིན། ལས་དབང་སྒྲོལ་མས་འཕྲིན་ཡིག་མང་པོ་ཞིག་བསྐུར་འདུག ངའི་རེ་སྒུག་བྱས་པས་འཕྲིན་ལན་དེ་ཡང་འབྱོར་འདུག་ལ་ཁོ་མོས་འཕྲིན་ཡང་འདི་ལྟར་བྲིས་འདུག ཝེ། ཁྱོད་འཕྲིན་ལམ་ན་འེ་ཡོད། ཡོད་ན་སྐད་ཆ་ཞིག་སྐུར་དང་། ངས་ཁྱེད་ལ་སྐད་ཆ་མང་པོ་ཞིག་བཤད་རྒྱུ་ཡོད་ཟེར་ནས་འཕྲིན་ཡིག་མང་པོ་ཐོན་ཡོད། ང་ཧ་ཅང་བྲེལ་ཚུབ་ཆེ་བས་ངང་ཅི་ཡིན་འདི་ཡིན་མེད་པར་ཅུང་ཙམ་ཧད་དེ་ལུས། ད་དུང་མོའི་ཁ་པར་ཨང་གྲངས་ཡིན་ཟེར་བའི་ཨང་གྲངས་ཞིག་ཡང་བསྐུར་འདུག ང་ཧ་ཅང་དགའ་སོང་བ་ཡིན་ནམ་སྐྲག་སོང་བ་གང་ཡིན་མི་ཤེས་པར་སྙིང་གི་འཕར་ལྡིང་ཡང་རྒྱུན་ལྡན་མིན་པ་ཞིག་ཏུ་འགྱུར་སོང་། དེ་ཙམ་ཀྱི་ངས་མོ་ལ་ཁ་པར་བཏང་བ་ཡིན། དུས་ཚོད་གཅིག་ཙམ་ལ་ངེད་གཉིས་ཀྱི་སྐད་ཆ་བཤད་པ་ཡིན།  ལས་དབང་སྒྲོལ་མའི་ངའི་བརྩེ་བ་དང་ལེན་བྱས་པ་དང་། མོས་ང་ལ་ཅུང་རེ་ནས་མོ་ཁྱེད་ལ་ཧ་ཅང་དགའ་སོང་། ཁྱོད་ནམ་ཡང་འགྱུར་ན་མི་ཆོག་ཞེས་སྐད་ཆ་དེ་ཡང་ནས་ཡང་དུ་བཤད། དེ་ནས་ངེད་གཉིས་ཀྱི་དུང་བ་ཉིན་རེ་ནས་ཉིན་རེ་བཞིན་ཇེ་ཟབ་ནས་ཇེ་ཟབ་དུ་བུད་སོང་། ཉིན་ཞིག་ང་ལ་དོན་དག་ཞིག་ཡོད་པས་རྫོང་ཐོག་ཏུ་སོང་བ་ཡིན། མོ་ཡང་རྫོང་ཐོག་ན་ཡོད་ཞེས་ང་ལ་འཕྲིན་ཡིག་འབྱོར་འདུག ཡིན་ཡང་ཉིན་དེར་ང་སློབ་གྲྭར་འགྲོ་རན་པའི་ཆེས་ཐ་མའི་ཉིན་མོ་ཡིན་པ་དང་སློབ་གསོ་ཅུས་ལ་ཡང་ཡིག་ཆ་མང་པོ་ཞིག་སྤྲད་དགོས་པས་ཉིན་མོ་དེ་ཧ་ཅང་ཁོམ་མ་སོང་བ་ཡིན། ཕྱི་དྲོའི་ཉི་འོད་ཀྱི་དམར་ཐགས་ཆད་ལ་ཉེ་བའི་དུས་སུ་ངས་མོ་ལ་ཁ་པར་ཞིག་བཏང་བ་ཡིན། ལས་དབང་སྒྲོལ་མ་ཁྱོད་གང་ན་ཡོད་ཕ་ཡུལ་ལ་སོང་ཨེ་ཚར། མ་ཚར་ན་ཉམས་དུ་འགྲོ་ཨེ་རེད་ཞེས་དྲིས་པ་ཡིན། ཁོ་མོས་ང་སོང་མ་ཚར་ཉིན་གང་བོར་ཁྱོ་བསྒུག་པ་ཡིན་རླངས་འཁོར་ཡང་གྲ་སྒྲིག་བྱས་བཞག་ཡོད། ད་འགྲོ་ཨེ་རེད་ཞེས་བཤད། དེ་ནས་ང་ཁོ་མོའི་ཕྱོགས་སུ་གོམ་ཁ་བསྐྱོད་དེ་སོང་། མོས་རླངས་འཁོར་ས་ཚུགས་སུ་ང་རང་བསྒུག་ནས་བསྡད་འདུག ཁོ་མོའི་མིག་ཟུང་གཉིས་ནི་ཧ་ཅང་ཆེ་ལ་ནག་པ་ཞིག་ཀྱང་ཡིན། སྐྱེས་གཟུགས་མཛེས་པོས་སྔར་ལས་ལྷག་པའི་དགའ་བ་ཞིག་ཀྱང་འཕྲོག་སོང་། མོ་ཅུང་ཙམ་ངོ་ཚ་ཀི་ཡོད་པ་འདྲ། ཡར་འཕེལ་དེ་རིང་ཉིན་གང་བོར་ཁྱོ་བསྒུག་པ་ཡིན་ཟེར་བཞིན་མགོ་བོ་སྒུར་ནས་སྔོན་ལ་བལྟས་ནས་འདུག་པ་དང་། ཡར་འཕེལ་ཁྱོས་ཟ་མ་འེ་ཟོས་མ་ཟོས་ན་ངེད་གཉིས་ཟ་མ་བཟའ་རུ་འགྲོ་ཟེར། ངས་ཁྱོད་ལ་བཀའ་དྲིན་ཆེ་ཞུ། ངས་ཟ་མ་ཟ་མི་དགོས་ཀི་ངེད་གཉིས་རླངས་འཁོར་ནང་དུ་འགྲོ་ཨེ་རེད་ཞེས་སྨྲས། དེ་ནས་ངེད་གཉིས་རླངས་འཁོར་གི་ཆེས་རྒྱབ་ཕྱོགས་དུ་སོང་ནས་བསྡད་པ་ཡིན། མོས་ངའི་ལག་པ་དམ་པོར་འཇུས་ནས་ཡར་འཕེལ་ཁྱེད་ང་ལ་ཨེ་དགའ་ཟེར་ནས་མང་པོ་འདྲི་བཞིན་འདུག ངས་ང་ཁྱོད་ལ་ལོས་དགའ་ང་ཚེ་གང་བོར་ཁྱེད་ལ་དགའ་ཞེས་བཤད་པ་ཡིན། དེ་ནས་མགོ་བོ་གཉིས་མཉམ་དུ་གཏུག་ནས་འབྱུང་འགྱུར་གྱི་བྱ་བ་ལ་བཀོད་སྒྲིག་དང་ལས་དབང་ཟེར་བ་ལ་བཀའ་དྲིན་ཞུས་པ་ཡིན། ངས་སྒེའུ་ཁུང་གི་ཕྱི་རོལ་ཏུ་བལྟས་པ་ན་ཕ་ཡུལ་གྱི་ཉེ་འདབས་སུ་སླེབས་འདུག ལས་དབང་སྒྲོལ་མ་ད་ཁྱེད་ཀྱི་ཁྱིམ་ལ་འ་དོ་ཐོན་ནི་རེད། ང་ཁྱེད་དང་བྲལ་ན་མི་འདོད་ཀི། རེད་དེ། ལས་དབང་ཟེར་ན་ངོ་མ་ཞེ་ནག་ཞིག་རེད་ཅེས་བཤད་ནས་མོ་པང་དུ་འཁྱུད་པ་ཡིན། དེ་ཙམ་གྱི་ཁ་ལོས་པས་ད་ཐོན་ཐ་ཟེར་ཞོར་རླངས་འཁོར་དལ་མོ་བྱས་ནས་བསྡད་སོང་། མོས་ང་ལ་ཁུགས་མ་ཞིག་དང་རྣ་གཞུག་ཞིག་བླངས་ནས་འདི་ཁྱེད་ལ་སྟེར་ད་ལྟ་བལྟས་ན་མི་ཆོག་ཟེར་ཞོར་བྲལ་མི་འདོད་པའི་སྐྱོ་ཉམས་ཞིག་དང་ལྷན་ཏུ་རླངས་འཁོར་ལས་བབས་སོང་། 

དེ་ནས་ང་ཡང་རླངས་འཁོར་དུ་བསྡད་ནས་ཁྱིམ་དུ་ལོགས། རླངས་འཁོར་གྱི་གླ་རིན་ཚང་མ་མོས་སྤྲད་ནས་ང་ལ་ཧ་ཅང་སེམས་འགུལ་ཐེབས་དུ་བཅུག་སོང་།  ནུབ་མོ་དེར་ངེད་གཉིས་ཀྱི་ཁ་པར་སྟེང་ནས་མཚན་གཅིག་ལ་སྐད་ཆ་བཤད་པ་ཡིན་ཞིང་ནངས་མོར་ངེད་གཉིས་སོ་སོར་བྲལ་རན་སོང་བ་རེད། ང་སློབ་གྲྭ་ལ་འགྲོ་དགོས་པ་དང་མོ་ཡང་རྒྱ་ནག་གི་སློབ་གྲྭ་ཆེན་མོ་ཞིག་རུ་སློབ་སྤྱོང་ལ་འགྲོ་དགོས་པ་རེད། ངས་ཁ་པར་ཡང་སློབ་གྲྭ་ནང་དུ་བཟུང་ནས་མི་འགྲོ་བ་ཡིན་པས་སེམས་པ་ཧ་ཅང་སྡུག ཁོ་མོ་ཡང་ཁ་པར་གྱི་ལམ་ནས་ངུ་བཞིན་འདུག་ལ་ང་ཡང་མི་བདེ་བའི་ཚད་ཅིག་ལ་བརྒྱབ་སོང་། དེ་ནས་ངས་ཤར་མར་འཕྲིན་ཅིག་བྲིས་ཏེ་བསྐུར།
           

 སྙིང་ཉེ་ལས་དབང་སྒྲོལ་མ་ལགས། ཁྱེད་ལ་བར་ཆད་དང་རྐྱེན་ངན་མེད་པར་སྨོན། ང་རང་སློབ་གྲྭ་ལ་ཆས་སོང་། དགོངས་དག་ཞུ། སློབ་དུས་རྗེས་མར་སླར་མཇལ་ཡོང་བས་སྨོན་ལམ་འདེབས་བཞིན་ཡོད་པས། ཁྱེད་ཉིད་སེམས་ནས་ནམ་ཡང་ཡར་མེད་ཡིན་ཞེས་མོ་ལ་ཆེས་མཐའ་མའི་ཡིག་ཆུང་ཞིག་བསྐུར། དེ་མ་ཐག་ཁ་པར་སྒོ་གཏན་ནས་ལམ་ཁར་བུད་པ་ཡིན། སེམས་སུ་ཧ་ཅང་འཁྱགས་ལ་ལྟོས་པའི་སྣང་བ་ཞིག་སྟེར་སོང་། ཡིན་ཡང་། རེས་འཁོར་གྱི་དུང་བརྡ་བརྒྱབ་ཡོང་བས་ང་རང་རེས་འཁོར་ལ་བསྡད་དེ་ལམ་ལ་ཆས་སོང་།    

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།