ཀྲུང་གོ་བོད་ཀྱི་དྲ་བ།

སྐྱེ་འཆིའི་གཡས་གཡོན།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : ​ཐོར་གོད་བསོད་ནམས་རྒྱ་མཚོ།   སྤེལ་དུས། : 2019-10-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ནུབ་ཁའི་ཉི་ཟེར་གཉོམ་པོ་ཚེ་ལོ་རྫོགས་ལ་ཁད་ཀྱི་རྒན་པོ་ཞིག་དང་འདྲ་བར།རི་རྒྱབ་ཀྱི་འཇིག་རྟེན་ལ་དལ་གྱིས་བཞུད་ཀྱིན་འདུག

ཨ་ཁུ་ཀུན་དགའ་ཚང་གི་བཟའ་མི་རྣམས་དུས་ཡུན་ངེས་ཅན་ཞིག་གི་ནང་དུ་སྒོ་ཕྱི་ནང་ལ་འགྲོ་བ་ཇེ་ཉུང་དུ་གྱུར། ཁོ་ཚོའི་གཏམ་དང་བྱ་སྤྱོད་ཀྱང་བབ་ཆགས་ལྡན་ཞིང་ལུས་ཆ་ལུགས་གོས་རྙིང་གྱོན་པ་བཅས་ཀྱིས། སུ་ཞིག་ལ་མྱ་ངན་ཞུ་བའི་ཚུལ་དུ་གནས།

ཨ་ཁུ་ཀུན་དགའ་ཚང་གི་མཐའ་འཁོར་དུ་རླངས་འཁོར་འགའ་དང་འཕྲུལ་རྟ་མང་པོ་བཞག་འདུག་ལ། མི་མང་པོ་ཡར་རྒྱུག་མར་རྒྱུག་བྱེད་ཀྱིན་འདུག ར་སྐོར་གྱི་ཕྱི་རོལ་ཏུ་ཤུག་པ་ཕོན་པོའི་དུ་བ་འཐིབས་ཤིང་། ནང་དུ་ཚ་གསུར་གྱི་དྲི་ངད་འཐུལ་ནས་ཡོད། ད་དུང་རྒན་རྒོན་སྐོར་ཞིག་གིས་མ་ཎི་འཁོར་ལོ་ཐོགས་ནས་ཕྲེང་བ་བགྲང་བཞིན་ཁ་ཏོན་འདོན་གྱིན་གདའ།

ད་ལོའི་ལོ་གསར་གྱི་ཚེས་པ་ལྔ་ཉིན། ཨ་ཁུ་ཀུན་དགའ་ཡིས་ཆེད་དུ་རང་གི་དྲིན་ཅན་གྱི་ཕ་རྒན། ཨ་མྱེས་ཉི་མ་ལགས་དགུང་ལོ་དགུ་བཅུར་བུད་པའི་གོ་སྟོན་ལ།རང་སྡེ་བའི་ཡུལ་མི་རྒན་དར་གཞོན་གསུམ་བོས་ཡོང་སྟེ། ཕ་ཁོང་གི་ཚེ་ལོ་མཐར་ཕྱིན་པར་རྟེན་འབྲེལ་བཟང་པོ་ཞིག་ཞུ་བསམས་ནས། སྟོན་ཆེན་གྱ་ནོམ་པ་ཞིག་གྲ་སྒྲིག་བྱས་པ་རེད།

ཉིན་དེར། རང་སྡེ་བའི་ཡུལ་མི་དང་གཉེན་ཉེ་མང་པོ་ཡོང་སྟེ་སྨོན་འདུན་གྱི་ཚིག་སྙན་མོས་ཁྱབ་སོང་།

“ཨ་མྱེས། ཁྱེད་ཀྱི་གོ་སྟོན་ལ་རྟེན་འབྲེལ་ཞུ་ཨ། ངོ་མ་ཚེ་རིང་གི་ཡ།”

“ཨ་མྱེས་ཚེ་རིང་ལོ་བརྒྱ་ཐོབ་དགོས།”

“ཨ་མྱེས་ཀྱི་ཚེ་ལོ་ང་ལ་གནང་བར་ཞུ།”

“ཁྱེད་ཀྱི་ཚེ་ལོ་མཐར་ཕྱིན་པར་བཀྲ་ཤིས་བདེ་ལེགས་ཞུ། བཀྲ་ཤིས་ཤོག......”

དངོས་གནས་ཨ་མྱེས་ཉི་མ་ནི་ཚེ་ཡི་འཕེན་པ་ཡུན་རིང་དུ་གནས་པའི་གནའ་མི་བསོད་ནམས་ཅན་ཞིག་ཏུ་སྣང་། ཆུང་སྐྱེས་པའི་དུས་ནས་ད་རག་བར་དུ་ཚེ་ཐག་འདི་འདྲ་རིང་བ་ནི། ཚེ་ལྷས་བསྲུངས་ཤིང་ལུས་ཀྱི་འབྱུང་ཁམས་སྙོམས་པ་མིན་ན།ཚེ་ཚད་འདི་འདྲའི་རིང་པོར་སླེབས་པ་ལས་སླ་མོ་ག་ལ་ཡིན།

“ཨ་ཁུ་ཀུན་དགའ་ཚང་གི་བཟའ་མི་ཚང་མ་ནི་རྒན་པ་ལ་སྲི་ཞུ་སྒྲུབ་མཁན་རྣལ་མ་དག་དག་ཏུ་སྣང་། ཆུང་མ་དང་བུ། མནའ་མ་དང་མག་པ། བུ་མོ་གསུམ་པོ་སོགས་སུ་ཡིན་ཡང་། མ་སྐུལ་རང་མོས་ཀྱི་ངང་ནས་ཨ་མྱེས་ཉི་མ་ལགས་སྐུ་འཚོ་གཞེས་སྐབས་སུ་བསྙེན་བཀུར་དང་སྙོར་སྐྱོང་གང་ལེགས་བྱས་པ་རེད”ཅེས་སྡེ་མི་རྣམས་ཀྱིས་མིག་དཔེ་བཟང་པོར་བརྩི་བ་རེད།

ཨ་མྱེས་ཉི་མ་ཁོང་གིས་ཀྱང་དུས་རྒྱུན་དུ་བཟའ་མི་ཚོར“རྒན་བཀུར་གཞོན་བྱམས་བྱ་དགོས། ཁྱོད་ཚོ་ཡང་ལོ་ཆུང་ལ་ན་ཚོད་གཞོན་ཡང་མཐར་རྒན་འཁོགས་སུ་མི་འགྱུར་འོས་མེད་ཉིད་ཡིན་པས། དེའི་དུས་སུ་རང་ཉིད་ལའང་བུ་རབས་ཚ་རྒྱུད་ཀྱི་བྱམས་སྐྱོང་གི་ལག་འཇུས་སྲི་ཞུ་བསྒྲུབས་ཚེ། རྒ་བའི་སྡུག་བསྔལ་ལ་བདེ་བའི་གསོས་སྨན་རང་མྱོང་གིས་ཡོང་བ་གོར་མ་ཆག དེ་ཡང་རྒན་གཞོན་གྱི་བཀུར་བསྟི་དང་འབྲེལ་བའི་སྲི་ཞུ་ཡི་སྲོལ་བཟང་ལ་རྒྱབ་འགལ་གཏད་ཚེ། རྣམ་སྨིན་གྱི་རང་ཞལ་སྡུག་བསྔལ་ཁོ་ནར་མཇལ་དགོས་པས་སེམས་པ་བཟང་པོ་གྱིས་ཤིག་ཨ”ཞེས་གཟབ་ནན་དང་བྱམས་བརྩེའི་ངང་ཡང་ཡང་ཁ་ཏ་བྱེད།

ཨ་ཁུ་ཀུན་དགའི་ཆུང་མ་ཨ་ནེ་ཀླུ་མོས་ནངས་སྔ་ལངས་ནས་དགོང་འཕྱི་ཉལ་བར་གྱི་དུས་ཚོད་ཀུན་ལ་ཨ་མྱེས་ཉི་མ་རང་གི་བྱིས་པ་ཞིག་གི་ཚུལ་དུ། ཟས་ཐུན་གྱི་གཡོ་སྐོལ། གཙང་དག་གི་ཁྲུས་ཆབ། མི་གཙང་བའི་རྩ་ཆུ་བདག་ཉར་བྱེད་པ་བཅས་ཡ་རབས་ཀྱི་སྲི་ཞུ་བླ་ལྷག་སྒྲུབ་པར་བྱེད། གཞན་ཁོ་ཚང་གི་ནང་མི་བུ་དང་བུ་མོ། མནའ་མ་དང་མག་པ་དག་གིས་ཀྱང་། ཨ་ཕའི་ཚིག་དང་ཨ་མའི་ལས་གཉིས་ཀྱི་ཡ་རབས་གཤིས་སྤྱོད་ཀྱི་བསིལ་རླུང་འོག་ཏུ།གུས་ཞབས་ཀྱི་འཛུམ་དགོད་ཅིང་ཞབས་ཕྱིའི་རྣམ་འགྱུར་ལེགས་པའི་དར་ལྕོག་དཀར་པོ་དེ་དང་མཐུན་པར་བསྐྱོད་ནས་ཡོད། ཨ་མྱེས་ཉི་མས་ཀྱང་རང་གི་བུ་དང་མནའ་མ། ཚ་བོ་དང་ཚ་མོ། བུ་མོ་དང་མག་པ་དག་གི་སྲི་ཞུ་ལ་དགའ་མགུ་ཡི་རངས་བྱེད། ནམ་རྒྱུན་དུ་གདོང་ལ་དགའ་བདེ་ཡི་འཛུམ་དམུལ་མངོན་ཞོར“ད་སྲ་ཐལ་གོ། ཁྱེད་ཚོའི་བྱ་བ་ལམ་འགྲོ་ཤོག ཚེ་རིང་རྒྱུ་ཆ་བོ”ཞེས་བྱམས་དུང་དུང་གིས་སྙན་པར་སྨྲ་བ་རེད།

ཉེ་ལམ། ཨ་མྱེས་ཉི་མ་ལོ་ན་རྒས་པའི་སྟབས་ཀྱིས་ཇེ་སྡུག་ཏུ་སོང་ནས་འགྲོ་སྐོར་བྱེད་མི་ཐུབ་པར་ཉལ་སར་ལྷུང་བར་གྱུར། ཁོས་ཀྱང་ད་རེས་ལོ་དང་ལུས་གང་གི་ཐད་ནས་བལྟས་ཀྱང་རང་ཉིད་དྲག་ཐབས་མེད་པ་ཤེས་ཏེ། ཡིད་ཁོང་དུ་ཆུད་ཅིང་གདོང་མདོག་སྐྱ་བོར་གྱུར་ལ་ལུས་ཟུངས་ཇེ་སྐམ་དུ་འགྲོ་བཞིན་མཆིས། དེ་ལྟར་ཟླ་གཅིག་གི་རིང་ལ་ཨ་ཁུ་ཀུན་དགའ་ཚང་གི་བཟའ་མི་ཚང་མས། ནམ་འཆི་ངེས་མེད་སང་ཉིན་ནམ་ད་ལྟའི་འདུ་ཤེས་བཟུང་སྟེ། ཉིན་མཚན་དུས་དྲུག་ལ་རེས་མོས་སྒོས་སྲུང་རེས་འཁོར་རེས་བྱས་ཏེ། དུས་ཚོད་སྐར་ཆ་གཅིག་ལའང་ཨ་མྱེས་ཉི་མ་དང་ཁ་མ་བྲལ་བར་སྙོར་སྐྱོང་དང་ལྟ་སྲུང་བྱས་ནས་བསྡད།

ཉིན་འགའ་ཡི་སྔོན་ལ། ཨ་མྱེས་ཉི་མས་བཟའ་མི་ཚང་མ་རང་གི་མདུན་དུ་བོས་ཡོང་སྟེ་ལུས་ཟུངས་ཉམས་ཤིང་སྐད་གསང་གཉོམ་པོས“ཨ་མྱེས་ཀྱི་ལོ་ལོ་ཚོ། ད་བལྟས་ན་ཨ་མྱེས་ཀྱིས་ལྕོགས་རྒྱུ་མ་རེད། ཁྱོད་ཚོས་སེམས་སྡུག་མ་བྱེད།རྗེས་ཕྱོགས་འཚོ་བ་སྐྱིད་པོ་རོལ།ནང་བཟའ་ཟླ་ཕན་ཚུན་འགྲིག་ནི་མཐུན་ནི་བྱོས།ངའི་འདི་ན་གསོག་དངུལ་སྒོར་ཁྲི་གཅིག་ཡོད། འདི་ཁྱོད་ཚོས་བགོ་བཤའ་བྱོས”ཟེར་བཞིན་ཞལ་ཆེམས་འཇོག་པ་ལྟར་སྔས་འབོལ་འོག་ནས་དལ་མོར་ཕྱིར་བླངས་ཡོང་ནས་ཨ་ཁུ་ཀུན་དགའ་ལ་གཏད། ཨ་ནེ་ཀླུ་མོར་རང་དབང་མེད་པར་མིག་ཆུ་འཐོར་ཞོར་“མི་དགོས། ཨ་མྱེས་དེ་འདྲ་མ་བྱེད”ཅེས་ངུ་ལབ་རྒྱག་གིན་སྒོ་ཕྱི་རུ་བརྒྱུགས། ཨ་ཁུ་ཀུན་དགའ་ཡིས“ཨ་ཕ་དྲག་ནི་རེད་དྲག་ནི་རེད”ཟེར་གྱིན་ཨམ་གཙིགས་བསྡམས་ཏེ་ཨ་མྱེས་ལ་ཉལ་ཐུལ་འགེབས་ཞོར་གཡས་གཡོན་དུ་བདག་ཉར་བྱེད། གཞན་ཁྱིམ་མི་རྣམས་ཀྱིས་མགོ་བོ་བསྒུར་ཏེ་ཁ་རོག་གེར་སྡོད་པ་ལས།ད་དུང་མིག་ཆུ་འབྱིད་བཞིན་ཡ་ཆུང་སྡུག་གི་གྲང་ངར་ལ་བཟོད་གླགས་མེད་པར་གྱུར།

ཉིན་འགའ་འགོར་རྗེས་ཀྱི་མཚན་མོ་དེར། སྤྲིན་པ་འཁྲིགས་ཤིང་རླུང་ནག་ཀྱང་ཅུང་འཚུབ་བཞིན་འདུག ཨ་སྔོན་དབྱིངས་སུ་གསལ་བའི་ཟླ་ཞལ་གློ་བུར་དུ་བསྒྲིབས་ནས། མུན་ནག་གི་རྔམས་ཁ་སྟུག་པོ་ཞིག་འཐིབ་ཀྱིན་ཆར་ཞོད་དྲག་པོ་བབས།

ནམ་གུང་ཆུ་ཚོད་གཅིག་གི་སྟེང་དུ་ཨ་མྱེས་ཉི་མ་ལགས་ཀྱི་དབུགས་ཀྱི་རྒྱུ་བ་ཡལ་སོང་། དེ་ནི་འཁོར་ལོ་ཆེན་པོ་ཞིག་གི་རང་འཁོར་རྒྱག་པའི་དུས་ཚོད་ཐོན་པ་དང་དབྱེར་མ་མཆིས། ཨ་མྱེས་ཉི་མ་དགའ་སྐྱོ་ཆགས་སྡང་གི་མི་ཚེའི་ངལ་དུབ་ལས་རྒྱང་རིང་དུ་ཆས་ཏེ། ཡུལ་གྲུ་གཞན་ཞིག་ལ་ངལ་གསོ་བར་ཕེབས་སོང་བ་དང་འདྲ།

ཉིན་དེ་དག་རིང་། ཨ་ཁུ་ཀུན་དགའ་ཚང་གི་བཟའ་མི་གང་པོ། ཉམ་ཐག་ཅིང་མྱ་ངན་གྱིས་རབ་ཏུ་གདུངས་པའི་ངང་ཁ་ཏོན་དགེ་སྦྱོར་ལ་བརྩོན་གྱིན་“དཀོན་མཆོག་གསུམ་པོས་མཁྱེན། གཤིན་པོར་ཐུགས་རྗེས་གཟིགས་ཤོག”ཅེས་སྐྱབས་འཇུག་ཞུས་ཏེ། སྟོན་གྱི་མེ་ཏོག་དུས་ཀྱིས་རྙིད་པ་ལྟར་ཚེ་ཡི་མི་རྟག་རྒ་བས་བསྒོམས་པ་ལོས་ཡིན་སྙམ་དུ། ཤི་བོའི་ར་མདའ་ཆོས་ཡིན་ཟེར་བའི་དཔེ་ལྟར་གཤིན་ཆོས་ཀྱི་རིམ་གྲོ་དང་ཆོ་གར་བྲེལ་ནས་འདུག་གོ། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།