ཀྲུང་གོ་བོད་ཀྱི་དྲ་བ།

འདས་པའི་ལམ་ལ་ཕྱི་མིག་འཕངས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིགས་ཀྱི་བུ།   སྤེལ་དུས། : 2019-09-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

微信图片_20190927144713.jpg

མི་ལོ་ཉི་ཤུའི་སྔོན་གྱི་ཆུང་དུས་ཀྱི་འཚོ་བ་རགས་ཙམ་གླེང་བ། 


ད་སྐབས་ཅུང་ཙམ་སོས་དལ་ཞིང་ཁོམ་ལོང་ཡོད་པའི་སྐབས་འདིར་རང་གི་འདས་ཟིན་པའི་ལོ་ཟླར་ཕྱིར་དྲན་རེ་བྱས་ན་མི་ལོ་ཉི་ཤུའི་ལོ་ཟླ་ནི་སྐར་མདའ་འཕངས་པ་བཞིན་སྐད་ཅིག་གིས་འདས་ཟིན་ཅིང་།ཆུང་དུས་ཀྱི་དྲན་པ་མང་པོ་ཞིག་ནི་ལོ་ཟླའི་ཆུ་རྒྱུན་གྱི་ཀློང་ན་གསལ་ལ་མི་གསལ་བ་ཞིག་ཏུ་གྱུར་དང་འགྱུར་བཞིན་འདུག འདས་ཟིན་པའི་ཆུང་དུས་ཀྱི་འཚོ་བ་དེ་དག་ལ་ཕྱིར་དྲན་བྱེད་སྐབས་བསམ་པའི་གཏིང་རིམ་ཞིག་ཏུ་དགའ་སྐྱོ་ཟུང་གི་ཚོར་བ་སྣ་ཚོགས་ཤིག་བརྡོལ་ཅིང་།དེ་དུས་ཀྱི་གཏམ་རྒྱུད་མང་པོ་ཞིག་ཀྱང་དྲན་པའི་གཏིང་རིམ་ཞིག་ཏུ་ཝ་ལེར་གསལ་འོངས།

ང་ནི་མཚོ་སྔོན་པའི་ལྷོ་རྒྱུད་དུ་གཏོགས་པའི་འབྲོག་གི་འཚོ་བ་གཙོ་བྱས་པའི་རོང་འབྲོག་མཉམ་གནས་ཀྱི་ས་ཆ་ཞིག་ནས་ནར་སོན་ཞིང་།ཆུང་དུས་ནས་རྟ་ནོར་ལུག་གསུམ་དང་སྦྲ་གུར་ཁང་གསུམ།ཤིང་རྟ་དང་ལྕགས་རྟ།ལག་སྐྱོར་འཕྲུལ་འཁོར་སོགས་ལ་ལོབས་ནས་འོངས་པ་ཞིག་ཡིན།སློབ་གྲྭར་མ་སོང་བའི་སྔོན་རེའུ་རྫི་དང་བེའུ་རྫི་ལུག་རྫི་སོགས་བྱས་མྱོང་བར་མ་ཟད།སློབ་གྲྭར་སོང་བའི་རྗེས་སུ་ཡང་དབྱར་དགུན་གནང་གི་སྐབས་སུ་ཕ་མ་གཉིས་དང་ལྷན་དུ་ཟོག་ལུག་འཚོ་སྐྱོང་དང་ས་བརྐོ་རྡོ་བསློགས་བྱས་ཏེ་འོངས་པས་སྡེ་བའི་རྒན་གཞོན་ཀུན་གྱིས་ཕ་མ་བཟང་པོར་བྱིས་པ་ཡ་རབས་ཞེས་ཁ་མིག་ཡར་ལྟོས་སུ་བྱེད་པའི་ཚུལ་ཡིན།སྐབས་དེ་དག་ཏུ་དབྱར་ཆར་ཆུས་སྦངས་ཤིང་དགུན་གྲང་ངར་གྱིས་གཙེས་པའི་ལོ་ཟླ་གྲངས་མེད་ཅིག་བརྒྱུད་མྱོང་བས་དུས་ད་ལྟ་ཡང་སྤྱི་ཚོགས་འཚོ་བའི་ཁྲོད་དུ་དཀའ་སྡུག་ཅི་བྱུང་ཡང་གདོང་གིས་ཐེགས་པའི་གཤིས་ཀ་ཞིག་བསྐྱེད་བསྲིངས་པ་དེ་ནི་དེ་དུས་ཀྱི་དྲིན་ཡིན།གལ་ཏེ་ཆུང་དུས་སུ་དེ་ལྟ་བུའི་དཀའ་སྡུག་གི་ལོ་ཟླ་ཞིག་བརྒྱུད་མྱོང་མེད་ཚེ།ངས་བསམས་ན་ངའི་ད་སྐབས་ཀྱི་གཤིས་ཀ་དང་སེམས་ཁམས་འདི་ཡང་རྣམ་པ་གཞན་ཞིག་ཡིན་པར་སྙམ།དེ་ལས་ཀྱང་།ང་རང་བདེ་ཐང་ངང་ནར་སོན་ཞིང་བདེ་ལེགས་ངང་སློབ་མཐར་ཕྱིན་པ་ལ་བཀའ་དྲིན་གཞལ་མཐའ་མེད་པ་ཞིག་ཡོད་པ་ནི་ཕ་མ་གཉིས་ཡིན།ངའི་ཕ་མ་གཉིས་ནི་རྩྭ་ཐང་གི་ཕལ་བའི་ཁྱིམ་ཚང་ནས་སྐྱེས་པའི་ཕལ་བའི་མི་སྣ་གཉིས་ཡིན་ཞིང་།ཆུང་ངུའི་དུས་ནས་རིག་གནས་ཤེས་བྱ་སྦྱངས་པའི་སྐལ་པ་མ་ལྡན་པས་དཀའ་སྡུག་ལྡན་པའི་རོང་འབྲོག་གི་འཚོ་བ་རོལ་ནས་འོངས་ཤིང་།སེན་རྟིང་རྣག་དང་སེན་མགོ་ཁྲག་བྱས་ཏེ་ངེད་མིང་སྲིང་གསུམ་དཔྲལ་བའི་མིག་གིས་འཚོས་ཤིང་སྙིང་གི་ཐིག་ལེར་བཟུང་ནས་བསྐྱངས་ཏེ་ནར་སོན།

གཅིག  ཆུང་དུས་ཀྱི་རྩེད་ར།

ཆུང་དུས་ཀྱི་རྩེད་ར་གླེང་དགོས་ཚེ་ཕ་ཡུལ་ཞེས་པ་འདི་ཡང་མི་གླེང་ཐུ་མེད་ཀྱི་བརྗོད་བྱ་ཞིག་རེད།རང་གི་ཕ་རྒྱུད་གནས་སའི་ཡུལ་གྲུ་དེ་ལ་ཕ་ཡུལ་ཟེར་ཞིང་།ང་ཚོ་ཕ་ཡུལ་ནས་སྐྱེས་ཤིང་ཕ་ཡུལ་དུ་ནར་སོན་ཏེ་ཕྱིར་ཕ་ཡུལ་ཞེ་ལ་ཐོགས་པ་ནི་འཇིག་རྟེན་གྱི་སོ་སྐྱེས་ཕལ་མོ་ཆེ་ལ་ཡོད་པའི་སྣང་ཚུལ་ཞིག་རེད།ང་ཡང་དེ་བཞིན་དུ་ཕ་ཡུལ་ལ་དུངས་ཞིང་ཕ་ཡུལ་ལ་དགའ་བའི་མི་ཞིག་ཡིན།ངའི་ཕ་ཡུལ་ནི་ཧོལ་ཁ་གསེར་གཞོང་རིང་མོ་སྟེ།ཇེད་པར་རྫ་རྒན་དང་ཁུ་ཇོ་རྫ་རྒན།ཨ་མྱེས་བཱ་ཡན་གྱིས་མཐའ་ནས་བསྐོར་ཞིང་རྨ་ཆུ་ལི་མ་གཡས་སུ་འཁྱིལ་བའི་དཀར་མོ་གཡང་འཁྱིལ་གྱི་འགྲམ་ངོགས།རྟ་ནོར་ལུག་གསུམ་གི་ཕ་ས།འབྲུ་དྲུག་སྙེ་མའི་ཞིང་ཁམས་རྒྱལ་ར་གཡང་ར་སྒོ་བཞི་ཡིན་ཞིང་།ང་ཚོའི་ས་ཆ་དེ་ནི་རོང་འབྲོག་མཉམ་གནས་ཀྱི་ས་ཆ་ཞིག་ཡིན་པས།ཆུང་དུས་ཀྱི་དྲན་པ་ཡོད་ཚད་ཀྱང་རོང་འབྲོག་གི་འཚོ་བ་དང་མ་འབྲེལ་བ་ཞིག་མེད་ཅིང་།ང་ཡང་དེ་ལྟ་བུའི་ཁོར་ཡུག་ནས་ནར་སོན་པའི་སྟབས་ཀྱིས་རོང་པ་དང་འབྲོག་པ་གཉིས་ཀ་ལ་དགའ་བ་ཞིག་ཡིན། ཕ་ཡུལ་ཞེས་པའི་མི་ཡུལ་གྱི་རྩེད་ར་དེ་ནས་ངས་བྱིས་པའི་མཚར་སྣང་ཡོད་ཚད་མ་རུ་བསྒོམས་མྱོང་ལ།མ་མའི་རྨི་ལམ་ཡོད་ཚད་འོད་དུ་བསྒོམས་མྱོང་།གནས་དེ་ནས་ངས་རི་ཆུ་ནགས་གསུམ་ཕྲེད་ཀྱིས་བཅད་མྱོང་ཞིང་སྒོ་ཕྱུགས་ཐམས་ཅད་སེམས་ཀྱིས་གཉོར་མྱོང་།ཐ་ན་ངའི་སློབ་གཉེར་གྱི་གོམ་སྟབས་ཐོག་མ་ཡང་གནས་འདི་ནས་རྒྱང་དུ་བསྲིངས་པ་ཡིན་པས།ཕ་ཡུལ་ནི་ང་ལ་མཚོན་ན་དག་ཞིང་གསོན་པོ་དེ་དང་མི་ཡུལ་གྱི་རྩེད་ར་སྐྱིད་པོ་དེ་ཡིན།

གཉིས། ཆུང་དུས་ཀྱི་རྩེད་གྲོགས།

ཕ་ཡུལ་ཞེས་པའི་མི་ཡུལ་གྱི་རྩེད་ར་འདི་དྲན་འོངས་དུས་ཞོར་དུ་ཆུང་དུས་ཀྱི་རྩེད་གྲོགས་ཚོ་ཡང་དྲན་འོངས་ཏེ།ང་ཚོས་ཕ་ཡུལ་ཞེས་པའི་མི་ཡུལ་གྱི་རྩེད་ར་དེ་ནས་སྤང་གི་མེ་ཏོག་འཐུ་བ། འབྲི་ལུག་གི་འོ་ཞོ་འཐུང་བ། ས་དམར་གྱི་རྟ་གཡག་བཟོ་བ།ཞིང་ཁ་ནས་སྙེ་འབྲུ་ཟ་བ།གྲམ་རྡོ་ལ་རི་མོ་བརྐོ་བ།བྲག་རྩ་ནས་ཉི་མར་ལྡེ་བ།རྫ་འདབས་ནས་ཆུ་རྩེད་བྱེད་པ།གོ་ཁ་ནས་ནུབ་ཚལ་འཐུང་རྗེས་ཨ་མྱེས་ཀྱི་གནའ་གཏམ་ལ་ཉན་པའི་སྣང་བརྙན་མང་པོ་ཞིག་དྲན་འོངས།དེ་དུས་ཀྱི་ང་ཚོས་ཕ་མ་མ་གཏོགས་མྱི་ངོ་མི་ཤེས་ལ།ཕ་ཡུལ་མ་གཏོགས་ས་ངོ་མི་ཤེས་ཀྱང་སྐྱིད་སྣང་བ་ཉི་མ་དགུང་ཤར་ཡིན།ང་ཚོ་དེ་ལྟར་ས་འདམ་དང་ལྕི་འདམ་ཁྲོད་ནས་ནར་སོན་ཞིང་ན་སྤང་དང་ནོར་ལུག་མཉམ་དུ་གཉོམ་ལག་རྒྱས།དེ་དུས་ཀྱི་ང་ཚོར་ལོ་གཅིག་གི་ལོ་སར་སྐབས་སུ་མ་གཏོགས་ལྭ་བ་གསར་བ་གོན་པ་དང་ཤོག་སྦག་རྒྱག་པ།ཀ་ར་སིལ་ཏོག་ཟ་བའི་གོ་སྐབས་ཀྱང་མང་བོ་མེད་ནའང་།སྐབས་དེ་དུས་ཕན་ཚུན་བར་འདྲིས་ཆ་ཆེ་ཞིང་འདང་བརྩེ་ཟབ།སྤྱིར་དེ་དུས་ཀྱི་མི་ཚང་མ་ཁ་ཁོག་དྲང་ལ་ཡ་ཡོ་མེད་ཅིང་རྒན་བཀུར་ཆུང་བྱམས་ལྡན་པ་ཞིག་རེད།དེ་དུས་ང་ཚོར་ཁ་པར་ཕར་ཞོག་ཁྱིམ་དུ་བརྙན་འཕྲིན་ཡོད་པའི་ཁྱིམ་ཚང་ཡང་གཅིག་གཉིས་ལས་མེད།དུས་རྒྱུན་ནུབ་ཚལ་འཐུང་རྗེས་བརྙན་འཕྲིན་ལ་ལྟ་རུ་འགྲོ་ནའང་ཕ་མས་ཁྲིད་ནས་སྤྱི་ལེ་གཉིས་གསུམ་ཙམ་གྱི་མཚམས་ལ་འགྲོ་དགོས་ཡོད།བརྙན་འཕྲིན་ནི་ལག་སྐྱོར་འཕྲུལ་འཁོར་ལ་བརྟེན་པས་འུར་སྒྲ་ཆེ་བར་མ་ཟད་གཟུགས་བརྙན་ཡང་ཐལ་མདོག་ཤར་བ་དག་ཡིན། དེ་ལྟ་བུའི་ཡུལ་གྲུ་ཞིག་ནས་ང་ཚོ་མཉམ་དུ་ནར་སོན་ཞིང་ཕན་ཚུན་འདྲིས་པའི་གྲོགས་སུ་གྱུར།ཆུང་དུས་ཀྱི་ལོ་ཟླ་ནི་དེ་ལྟར་དཀའ་སྡུག་གིས་ཁེངས་ནའང་ད་ལྟ་ད་དུང་ཡང་ཕྱིར་དྲན་བྱེད་འདོད་པ་ཞིག་རེད།

གསུམ། ཆུང་དུས་ཀྱི་སློབ་མའི་འཚོ་བ།

ང་རང་ལོ་བརྒྱད་དགུ་ཞིག་གི་སྟེང་དུ་ཕ་མ་གཉིས་ཀྱི་རུམ་ཁོང་དྲོན་མོ་ལས་བུད་དེ་སློབ་གྲྭར་སོང་ཞིང་།ཕ་མ་གཉིས་ཀྱིས་ཀྱང་སློབ་སྐབས་རེར་སྐོར་བ་ཐེངས་གཉིས་དང་གསུམ་མ་གཏོགས་རྒྱག་ཐུབ་ཀྱིན་མེད།སློབ་ཁང་དང་ཉལ་ཁང་ཚང་མ་ཡང་ནང་དྲོད་གྱང་གིས་མི་ཁོག་ཅིང་ཕྱི་རླུང་སྒེའུ་ཁུང་གིས་མི་ཁོག་པའི་རྙིང་པ་རྙིང་རྐྱང་ཡིན་པར་མ་ཟད།ཅོག་ཙེ་དང་རྐུབ་སྟེགས་དག་ཀྱང་རྙིང་ཧྲུལ་ཏུ་གྱུར་ཅིང་དཔེ་ཆ་ཡང་ལྕགས་དཔར་དུ་བཏབ་པའི་ཁ་དོག་སྐྱ་བོར་སྣང་བ་དག་ཡིན།དེ་ལྟ་བུའི་ཆ་རྐྱེན་གྱི་འོག་ཏུ་སློབ་གཉེར་བྱས་ཤིང་།ཟ་མ་ཡང་སྔ་དྲོར་བྱེ་རྡོར་དང་།ཉིན་གུང་ཞོག་ཁོག་རྙིད་པ།དགུང་དུས་ཧུབ་རིང་སོགས་འཐུང་དགོས།འབྲས་ཁུ་ཉུང་ཙམ་དང་ལུག་ཤ་ཉུང་ཙམ་རེ་རེག་ཐུབ་པ་ནི་འཚོ་བ་བཟང་ཤོས་སུ་བརྩི།རྐང་ལྷམ་ཡང་བཟང་པོ་མེད་པའི་རྐྱེན་གྱིས་ནམ་རྒྱུན་རྐང་ལག་ཕྱིད་པའི་སྐབས་ཀྱང་ཤིན་ཏུ་མང་།དུས་སྐབས་དེར་ཉལ་ས་དང་ལྭ་བ་ཚང་མ་ཡང་ཤིག་གིས་ཚང་མལ་བཅས་ནས་ཡོད།ཡིན་ནའང་དེ་དུས་ཀྱི་དགེ་རྒན་དག་གིས་རང་ཚོད་ཀྱིས་སློབ་མ་ལ་ཤ་ཚ་ཞིང་སྙིང་ཉེ་བྱེད་པ་ཞིག་ཡིན།སྤྱིར་མི་སུ་ཡིན་ཡང་ལོ་ཟླས་བསྲེག་བརྡར་མ་བརྒྱུད་པ་ཞིག་ཡིན་ན་འཚོ་བའི་དཀའ་སྡུག་ལ་གོ་བ་ཡང་དག་ཅིག་ལོན་ག་ནས་ཐུབ།སྐབས་དེ་དག་ཏུ་ཕ་མ་གཉིས་ལྟ་རུ་ཡོང་ཚེ་ཟ་མ་ཞིམ་པོ་རེ་ཟ་ཐུབ་པ་དང་།འཁྱག་ཞོ་འགའ་རེ་ཉོ་ཐུབ་པ་ལའང་བདེ་སྐྱིད་ཟད་མི་ཤེས་པ་ཞིག་སྐྱེས་མྱོང་།དེར་མ་ཟད་དབྱར་དགུན་གནང་གི་སྐབས་སུ་ཡུལ་ལ་སླེབ་དུས་ཕ་མར་ལས་རོགས་བྱེད་དགོས་ཤིང་།དགུང་མོར་ལས་བྱ་ཡང་དཀར་ཐོ་ཞེས་པའི་སྣུམ་འོད་གསལ་ལ་མི་གསལ་བ་དེར་བརྟེན་ནས་འབྲི་དགོས་པ་སོགས་ད་ལྟའི་བྱིས་པ་དག་གི་བློ་ངོར་ཡང་མི་འཆར་བའི་དཀའ་སྡུག་བརྒྱུད་མྱོང་།ད་ལྟ་ཞིབ་འདང་རེ་བརྒྱབ་ན་བྱིས་དུས་ཀྱི་དཀའ་སྡུག་གིས་ཁེངས་པའི་ལོ་ཟླ་དེ་དག་ནི་ཏག་ཏག་བརྗེད་དཀའ་བའི་ལོ་ཟླ་དེ་རེད།

བཞི། ཕྱིར་དྲན་ལ་སྡོམ་འཇོག་པ།

ད་ལྟ་ཕྱིར་འདང་རེ་བརྒྱབ་ན་མི་ལོ་ཉི་ཤུའི་ལོ་ཟླ་ནི་སྐད་ཅིག་གིས་འདས་ཤིང་།ལོ་ངོ་ཉི་ཤུའི་རིང་ལ་འཚོ་བ་དང་མི་སོགས་ལ་ཡང་འགྱུར་བ་སྣ་ཚོགས་བྱུང་འདུག ཆུང་སྐྱེས་ཀྱི་ཕ་ས་ཕ་ཡུལ་ལ་འགྱུར་བ་འབྱུང་བཞིན་ཡོད་པར་མ་ཟད།ང་ཚོ་མི་རབས་འདིའི་གནས་སྟངས་དང་འཚོ་སྟངས་ལ་ཡང་འགྱུར་བ་འབྱུང་བཞིན་འདུག འཚོ་བ་ནི་ལོ་རེ་ནས་ལོ་རེར་ཡར་རྒྱས་སུ་ཕྱིན་ཡང་།མི་ཕན་ཚུན་བར་ཁྲེལ་གཞུང་དང་བརྩི་བཀུར་མེད་པའི་ཐོག་དཔེ་ཆར་མི་དགའ་བ་དང་ཨུ་ཚུགས་དང་གླེན་རྟགས་ཆེ་བའི་རྣམ་པ་ཇེ་མང་དུ་འགྲོ་བཞིན་ཡོད་པ་དང་།ཐ་ན་རང་གི་གྲོགས་པོ་བསླུ་བ་ལའང་ཐེ་ཚོམ་སྤུ་ཙམ་མེད་པ་དང་།ཕ་ཡུལ་དང་ཕ་སྐད་ལ་བརྩེ་དུང་ཉག་ཙམ་མེད་པའི་མི་ཚོགས་ཀྱང་གང་མང་ཞིག་འབྱུང་བཞིན་འདུག དེ་དག་མཐོང་དུས་ཆུང་དུས་ཀྱི་ལོ་ཟླ་དེ་དག་ནི་གསེར་དངུལ་གྱིས་མི་ཁུག་པའི་ལོ་ཟླ་ཡིན་པར་མཐོང་ཞིང་།ཆུང་དུས་ཀྱི་རྩེད་ར་རྩེད་གྲོགས་ནི་མི་ཚེ་འདིར་རྙེད་དུ་མེད་པའི་རིན་ཆེན་ཡིན་པ་ཤེས།ད་ལྟ་ང་རང་སོས་དལ་ལ་བབས་ནས་དཔེ་ཆ་ཀློག་པར་དགའ་ལ།འཚོ་བའི་ཁྲོད་དུ་སེམས་ངོ་འཕྲོད་པའི་གྲོགས་པོ་ཁ་ཤས་དང་ལྷན་དུ་ཆུང་དུས་ཀྱི་གཏམ་རྒྱུད་གླེང་བར་དགའ།མི་ཚེ་ཟེར་བ་འདི་ནི་དགའ་སྐྱོ་ཆགས་སྡང་གིས་ཁེངས་པ་ཞིག་ཡིན་ནའང་།ང་ཚོས་སྔར་བཞིན་རྒྱུ་འབྲས་མིག་འབྲས་བཞིན་བསྲུང་སྟེ་མིར་སྐྱེས་ཀྱི་དོན་སྙིང་ཞིག་འཚོལ་དགོས་པ་ཡིན་ནོ། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།