ཀྲུང་གོ་བོད་ཀྱི་དྲ་བ།

རྨི་ལམ། ལུག་ཁྱུ་ནག་པོ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཞི་བདེ་ཉི་མ།   སྤེལ་དུས། : 2025-09-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

མདང་ནུབ ངའི་མནལ་ལམ་དུ

ལུག་ཁྱུ་ནག་པོ་ཞིག་སླེབས

འབའ་སྐད་ཐན་ཐུན་གྱིས

ངའི་རྨི་ལམ་སྨྲེང་དུ་བཅུག


ལུག་ཁྱུ་དེར

རྫི་བོ་མེད

འུར་རྡོ་མེད

རྡབ་རྡིབ་ཀྱི་འབའ་སྒྲས

གྲང་ཤུར་གྱི་སྨག་རིམ་གཤག


ཁོ་ཚོ་འཇིག་རྟེན་གྱི་རི་སྒང་གང་ཞིག་ནས་ཡོང

ང་ལ་མིག་ཧྲིག་ཧྲིག་གིས་ཅེར་བཞིན

ཅི་ཞིག་འཚོལ་ཞིང་རྒྱུ

ཅི་ཞིག་ལ་རེ་ཞིང་སྒུག


སྨག་རུམ་ཀྱི་ཀློང་ཡངས་སུ

ཁོ་ཚོའི་གྱོང་མཁྲེགས་ཀྱི་ལུས་པོ

ཕར་གཡོ་ཚུར་འགུལ

ཉམས་ཐག་པའི་མིག་མདངས་ལ

ལྐོག་གྱུར་གྱི་སྐྱོ་སྣང་འཁྲུག


ངས་རྨི་ལམ་ལས་རང་ཉིད་མཐོང

རང་ཉིད་ལས་ལུག་ཁྱུ་ནག་པོ་མཐོང

ང་དང་ལུག་ཁྱུའི་བར་མཚམས

གས་ཁ་ཤོར་བའི་གཡང་རོང་གིས་བཅད

ཕ་རོལ་དུ ན་བུན་རབ་རིབ

ཚུར་རོལ་དུ སྐྱིན་ཐང་ཤུར་ཤུར

བར་དུ ཁ་བ་ལྷབ་ལྷབ


འབའ་སྐད

རེས་མཐོ རེས་དམའ

མིག་ཟུང

རེས་གསལ རེས་མོག


ངས་ལུག་ཁྱུ་ནག་པོ་ལ

མང་པོ་མང་པོ་ཞིག་ལབ་ཀྱིན་འདུག

ཡང་སྙིང ངས་ཅི་ཞིག་ལབ་ཀྱིན་པར

ང་ཉིད་ཀྱིས་ཀྱང་ཐོས་ཐབས་བྲལ


ལུག་ཁྱུ་ནག་པོས ང་ལ་རྒྱང་བལྟ་བྱེད

ངས་ལུག་ཁྱུ་ནག་པོར་རྒྱང་བལྟ་བྱེད

ཁོ་ཚོས་ངའི་འགུལ་བཞིན་པའི་སྨྲ་སྒོ་ལ་གཟིགས་ཀིན

དལ་གྱིས་དལ་གྱིས ཕྱི་ལ་བཀྱེད

དལ་གྱིས་དལ་གྱིས རྒྱང་རིང་དུ་ཡལ


ཏ་ལྟ ང་དང་ཐང་སྐྱ

སྟོང་ལྷང་ལྷང་ངང

ང་དང་རྨི་ལམ

སྟོང་ལྷང་ལྷང་ངང

ང་ལ་དབུགས་རྒྱུ་མེད

ང་གཡང་རོང་ལས་འཁོར་གྱིན་འདུག


ངས་མུན་པའི་གཡང་རོང་ལས

ཀེང་རུས་དཀར་པོ་ཞིག་བཏུས

ང་སྨག་རུམ་ལ་འཁྱུད་ནས

མཚན་མོ་ལ་བཀའ་དྲིན་ཞུས


རྨི་ལམ་ནི་དོན་བཟང་ཞིག་རེད

རྨི་ལམ་ནང་གི“མུན་ནག་ནི་དོན་བཟང་ཞིག་རེད

དེ་ནི་དངོས་གནས་དོན་གནས་ཀྱི

གསུབ་ཐབས་བྲལ་བའི་ནག་པོ་ཞིག་རེད”①


ངས་ལག་གི་ཀེང་རུས་དམུར་བཞིན

མཚན་མོ་གནང་མཁན་གྱི་དུས་ཚོད་འདིར

བཀའ་དྲིན་ཡང་ཡང་ཞུས


མཆན།

① སྙན་ངག་པ་ཞི་ཁྲོན་གྱི་སྙན་རྩོམ་ཞིག་ལས་དྲངས།

 
རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།