ཀྲུང་གོ་བོད་ཀྱི་དྲ་བ།

འཆར་ཡན་བྱེའུའི་གཤོག་རླབས།

  རྩོམ་པ་པོ། : ཀྱེ་ཕུར་མཆོག་གསུམ།   སྤེལ་དུས། : 2025-09-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ངལ་བ་མཚོ་མོའི་གཏིང་སར་ཡན་ཡན་ནས། །

སྐྱིད་སྣང་གཡོར་གྲུའི་ཁ་ཕྱོགས་བརྗེད་དེ་ཐལ། །

འཁོར་བ་ལ་མོའི་ཉིན་སྲིབ་འགྲིམས་འགྲིམས་ནས། །

བག་ཡངས་སེམས་པའི་ནམ་མཁའ་བསྒྲིབས་ཏེ་ཐལ། །

གཅིག་གཅིག་ཚིག་གིས་མནན་པའི་ཡིད་ཀྱི་གཏམ། །

གཉིས་གཉིས་གལ་བོ་ཆེ་ཡི་ལུགས་ཀྱིས་འཆད། །

གསུམ་གསུམ་བདེན་པའི་སྙིང་པོ་མདོར་དྲིལ་ན། །

བཞི་བཞི་གནད་ཀྱི་རིལ་བུ་སོ་ཡིས་འཆའ། །

ཆར་བ་མེད་པའི་སྨུག་པ་འཁྱམ་པོ་ཞིག །

དྲན་པའི་ནམ་མཁར་ཐོལ་གྱིས་ལྡིང་ནས་ཐོན། །

རླུང་གི་གཤོག་པ་ཐོགས་པའི་བྱ་རྒྱལ་གྱིས། །

སྨུག་པའི་རི་སུལ་གཏོར་ནས་ཉི་ཟེར་འཐུ། །

ཞོགས་པའི་ཟེར་མས་བལྡགས་པའི་བ་མོའི་ཆུ། །

ལྗོན་ཤིང་ཕྲ་མོ་རེ་རེ་རྣམ་ཤེས་ལ། །

ག་ལེར་འཐིམ་པས་དཔྱིད་ཀྱི་བུ་མོ་ལ། །

ལང་ཚོ་གཞན་ཞིག་རྒྱས་པ་གསང་བའི་གནས། །

ཟུར་མིག་འཕྲད་པའི་བྱ་བརྒྱ་ནགས་མ་རུ། །

འཁོར་ནས་སྒྲོ་ཡག་རྩེད་མོའི་དཔལ་ལ་རོལ། །

སང་ཞོགས་འཕུར་ལམ་གཅིག་མིན་མི་ཤེས་ཀྱང་། །

དེ་རིང་སེམས་པའི་མངའ་ཐང་དགོད་སྒྲས་བསུ། །

འབུ་ལ་རན་པའི་ལྗོན་པའི་ཡལ་ག་རུ། །

མངོན་ཆུང་འཛུམ་བག་སྦས་པའི་ལོ་མའི་ཚོགས། །

མི་འགྱང་སླེབ་ལ་ཉེ་བའི་དབྱར་གྱི་དཔལ། །

བསུ་བའི་སྟ་གོན་རྩོམ་པ་ཡིན་ནམ་ཅི། །

བསིལ་རླུང་འཇམ་པོའི་ཕྱག་གི་བྱིལ་བྱིལ་གྱིས། །

སྟོར་རམ་སྙམ་པའི་ཆར་སིམ་ཐིགས་པ་འགའ། །

སྐྲ་ལོའི་གསེབ་ཏུ་འཐོར་བས་རེ་བཞག་གི །

རྟ་ཕོར་བཅིབས་ཏེ་མདུན་ལ་བང་གིས་རྒྱུགས། །

སུ་ལ་ཤོད་ཐབས་མེད་པའི་སྐད་ཆའི་མདའ། །

ཡིད་ལ་སྦས་པས་སྣོད་ཀྱི་ཁ་ཞབས་བརྡོལ། །

ལྗང་མདོག་བྲལ་བའི་དབྱར་གྱི་ཁ་དོག་གིས། །

ང་ལ་ཅི་ཞིག་འཆད་དམ་དཔལ་མོ་ལགས། །

མདུན་ལ་ཆས་འདོད་ལྷམ་ཐིག་དམ་དུ་བསྡམས། །

འབྱུང་བཞིར་གནོད་པ་མེད་པའི་ལྭ་ཞིག་གྱོན། །

ལམ་གྱི་ཁ་ཞེང་དོག་པའི་ཐེ་ཚོམ་གྱིས། །

ཡིད་ཀྱི་རྒྱུ་མར་སྐད་ཅིག་དགུ་མདུད་ཐེབས། །

 
རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།