ཀྲུང་གོ་བོད་ཀྱི་དྲ་བ།

དྲན་པ་སྐྱ་བོ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་ཁྲིམས་སྐྱོང་ཚགས་པར།   རྩོམ་པ་པོ། : མེ་ཆར།   སྤེལ་དུས། : 2025-09-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཚོར་འདུ་སེམས་ཀྱི་རླབས་རིས་དེ། །

བྲིས་ནས་གསལ་ཐབས་མི་འདུག་མོད། །

མ་བྲིས་སེམས་ཀྱི་རོལ་གར་ཞིག།

རང་བྱུང་ཀློང་ནས་ཐོལ་གྱིས་བརྡོལ། །


འཁོར་བའི་དབྱངས་འགྲོས་རེ་རེ་ལ། །

དགའ་སྐྱོའི་གཟུགས་རིས་སྣ་ཚོགས་མཆིས། །

ཚོར་བའི་བདེ་སྡུག་གླེང་ཞོར་དུ། །

ལས་ཀྱི་ལམ་ཁ་ལྷོད་ཀྱིས་བརྒལ། །


འཇིག་རྟེན་སྣང་བ་སྒྱུ་མའི་གར། །

མ་ངེས་དགའ་སྐྱོ་རེས་སུ་འཁྱིལ། །

མི་སེམས་འཇའ་ཡི་ཁ་དོག་ལ། །

སྣ་ཚོགས་ཟློས་གར་ཅི་ཡང་བསྐྲུན། །


དྲན་པ་སྨྲེང་དུས་ཚིག་ཚོགས་ལ། །

འཁོར་བའི་རི་མོ་སྣ་ཚོགས་ཕབ། །

ངག་ལ་བརྒྱུས་པའི་སྙན་ཚིག་དག།

མི་སེམས་གསོ་བའི་བདུད་རྩི་ཡིན། །


སྐྱོ་སྡུག་རེ་རེའི་བང་རིམ་ན། །

ཀུན་རྟོག་གྱ་གྱུ་གཟུགས་སུ་བསྟར། །

གཏམ་རྒྱུད་སྐྱུར་མོའི་བར་གསེང་ན། །

སེམས་ཚོར་གསོན་པོའི་དབྱངས་འགྲོས་ཡོད། །


སྐྱིད་ལ་སྡུག་པའི་འཁོར་བ་ནས། །

དགའ་སྐྱོ་འདྲེས་མའི་ཚོར་བ་ལྕི། །

དྲན་པ་སྐྱ་བོའི་སེམས་ཁམས་འདི། །

མགུར་མའི་དབྱངས་སུ་དྲངས་པར་སྤྲོ། །


འཇིག་རྟེན་སྒྱུ་མའི་གར་སྟེགས་སྟེང་། །

ཚོར་བའི་དགའ་སྡུག་ལས་ཀྱིས་འབྲི། །

བྱང་ཐང་སྐྱ་མོའི་སྨྲེང་གཞས་འདི། །

ཚིག་འབྲུ་གསོན་པོས་བཞེངས་ན་འདོད། །


བཅོས་མིན་ཚིག་གི་རྣམ་འགྱུར་རེས། །

དགའ་སྐྱོའི་སེམས་འགྱུ་སྣ་ཚོགས་སྟེར། །

ཚོར་བ་སྐྱེན་མོའི་བར་གསེང་ནས། །

སྨྲེང་གཞས་ཐར་ཐོར་ངག་ནས་ཤོར། །

 
རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།