ཕྲུ་གུ་མ་ཡི་ཁོག་ནས་ཐོན་པའི་དུས། །
ལྟེ་བ་མ་དང་འབྲེལ་ནས་ཡོང་བའི་དུས། །
སྐྱེས་མ་ཐག་ནས་ནུ་ཞོ་མངར་མོས་གསོས། །
དཔྲལ་བའི་མིག་དང་ཁོང་གི་སྙིང་བཞིན་བསྐྱངས། །
གང་བྱས་ཡོང་བའི་ཡོན་ཏན་ཕ་མའི་དྲིན། །
ཁ་ནས་འཕྲི་སྟེ་བསགས་ཚད་བུ་ཡི་དོན། །
བསམ་རྒྱུ་བུ་དང་དྲན་རྒྱུ་བུ་ལས་མེད། །
དགོས་རྒྱུ་བུ་དང་འདེམ་རྒྱུ་བུ་ལས་མེད། །
བྱམས་བརྩེའི་གསེར་གྱི་ལྗོན་པ་སྙིང་ལ་ཉར། །
ལྷག་བསམ་གངས་ཀྱི་རང་མདངས་ཡིད་དུ་ཕབ། །
མི་ལྷོད་བརྩེ་བའི་ཉི་འོད་སྐུ་རུ་གསོལ། །
མི་སྡོད་ལས་ལ་འབད་པ་རང་ཁྱིམ་དོན། །
དལ་མེད་ལས་ལ་བྲེལ་བའི་བྱམས་ལྡན་གྱི། །
ན་རྒས་ཕ་མ་ལུས་སྟོབས་ཞན་ནའང་། །
ཁ་བརྡ་སློབ་གསོའི་ཁྲོད་དུ་མི་ཆོས་གླེང་། །
རྒྱུ་འབྲས་བློ་མིག་བར་ནས་དྲང་བདེན་སྐྱོང་། །
དར་བབ་ལང་ཚོ་རྒས་འཁོགས་སད་ཀྱིས་བཅོམ། །
དྭངས་གསལ་རྣམ་དཔྱོད་བརྗེད་ངས་རྐུན་པོས་ཁྱེར། །
དྲང་པོའི་སྐུ་ལུས་གཞུ་ལྟར་ནང་དུ་བཀུག །
ཐམས་ཅད་བུ་ལ་ཕུལ་བའི་དན་རྟགས་ཡིན། །
གནག་སྣུམ་སྐྲ་ལོའི་ཁ་དོག་དཀར་པོར་གྱུར། །
འཛུམ་ཞལ་པད་མའི་ངོ་གདོང་གཉེར་མས་ཁེངས། །
དུང་སོའི་མུ་ཁྱུད་རིམ་གྱིས་ཐོར་ན་ཡང་། །
བུ་ཕྲུག་སྐྱིད་སྡུག་སེམས་སུ་ཡལ་མེད་འཆང་། །
ཕ་མ་ཡོད་དུས་བཀའ་དྲིན་མ་བསམས་པར། །
མེད་དུས་འགྱོད་པ་སྐྱེས་པ་ཐ་མའི་ཐ། །
འགྱོད་པ་དེ་ནི་ཕུགས་ནས་ཕུགས་སུ་འགྱོད། །
གཏམ་གྱི་ནོར་བུ་སྙིང་གི་སྒམ་དུ་ཆུགས། །
ལང་ཚོའི་འདབ་མ་སློབ་རའི་ཚལ་ནས་རྒྱས། །
མི་ཚེའི་རེ་འདུན་རིག་པའི་གནས་ལ་བཅོལ། །
རེ་བའི་ཕུགས་བསམ་རྒྱང་རིང་ཡུལ་ལ་གཏད། །
ཕ་མའི་རེ་བ་མ་བརྗེད་རིག་པའི་བུ། །