ཀྲུང་གོ་བོད་ཀྱི་དྲ་བ།

ཉི་ཟེར་དང་དྲན་བརྗོད།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : དཀོན་མཆོག་སྒྲོལ་མ།   སྤེལ་དུས། : 2025-08-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ནུབ་མཐའི་མཚམས་སྤྲིན་བསྒུལ་བའི་ཉི་ཟེར་དེ་ནི།

ང་ཡི་དྲན་གཞུང་ལ་རི་མོ་ཕབ་པའི་ཚོན་མདོག་ཁོ་ན་ཉིད།

ངའི་མིག་མཐར་འཁྱིལ་བའི་ཟེགས་མ་རྡོག་པོ་དེ་ཚོ་ཡང་།

ཉི་ཟེར་གྱིས་དཀྲོགས་པའི་འཁྱུག་འགྲོས་ཤིག

སེམས་ཀྱི་གཏིང་རིམ་ནས་བརྡོལ་བའི་སྐད་ཆའི་ཡང་སྙིང་གང་ཞིག

རྫུ་བག་དང་བྲལ་བའི་ངང་ཚུལ་རྗེན་པོ་ཕྱི་རུ་འདོན་ཆེད་ཡིན།

གྲག་འགུལ་མེད་པའི་མཆི་མ་ཞིག

སྐད་ཆའི་ཚབ་མཚོན་དུ་མིག་མཐར་འཁྲིགས།

ལྷད་མེད་དང་རྣམ་དག་གི་དཔང་པོ་བྱེད་ཞོར།

བཅོས་མིན་ནང་སེམས་ཀྱི་གཤིས་ལུགས་ཞིབ་པོར་བརྗོད།

སྐབས་སྐབས་སུ།

མིག་ཆུས་དཀྲོལ་བའི་ལས་དབང་དེ་ཚོ།

སྐད་ཆའི་ཆ་ཤས་ནས་ཐོར་བའི་དབྱངས་རྟ་ཉིད།

མཐོ་དམའ་ཡིས་བསྡུས་པའི་འགྱུར་ཁུགས་ཤིག་གིས།

ཀྱག་ཀྱོག་གི་རི་མོ་བསྐྱར་ཟློས་བྱེད།

རོལ་དབྱངས་ཀྱི་ཁུད་དུ་གཅུད་པའི་སེམས་པ་ཞིག

དབྱངས་རྟགས་ཀྱི་འབབ་ཚུགས་སོ་སོ་ནས།

རྒྱང་རིང་གང་ཞིག་གི་རེ་འབྲས་ལ་ཉེ་བར་བཅར་དུས།

མཚན་ཐུན་གྱི་སྨག་རུམ་ལ་ཡང་།

འཇིགས་སྐྲག་འཆོར་བའི་ཉམས་སྣང་བོར།

ནུབ་ཁའི་གསལ་ལ་མི་གསལ་བའི་མིག་འབྲས་དེས།

ཉིན་མཚན་དཀར་ནག་གི་འདྲེས་མཚམས་སུ།

ཕྱི་སྣུར་དང་གདམ་གསེས་མེད་པར།

མགོ་ཐོག་ཏུ་ལྷབ་ལྷུབ་ངང་འཁོར་འོངས་པའི།

སྨག་རུམ་གྱི་མཚན་མོ་རེར་ངང་སྒུག་བྱེད།

མཚམས་མཚམས་སུ།

ངས་ཀྱང་ཀུ་ཡངས་སྒོས།

སུ་ལའང་སུན་སྣང་མེད་པར།

ཉིན་མོའི་སྐར་ཕྲན་དག་གི་རང་བཞིན་བསྐྱངས་ནས།

གནམ་སའི་མཚམས་ཏུ་སྦས་སྐུང་ཐེངས་གཅིག་བྱེད་འདོད།

 
རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།