ཀྲུང་གོ་བོད་ཀྱི་དྲ་བ།

རྟ་བོའི་ལས་འཕྲོ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : རུས་པ།   སྤེལ་དུས། : 2025-08-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

རྟ་བོ་གྲོང་རྡལ་ནས།

ཉི་ཟེར་ཀྲིག་ཀྲིག་གི་ངོགས།

ངས་མི་ཞིག་དྲན་ཡང་འདྲིས་མ་ཕོད།


རི་བོ་དཔངས་མཐོ་ལ་ཆུ་མོ་རྒྱུན་རིང་བས།

ངས་མི་དེར་ཅི་ཡང་ལབ་མ་ཕོད།

ཆགས་སྡང་གི་སྙིང་གར་ཟུག་པའི་མེ་ཏོག

བསིལ་རླུང་གི་དབུས་སུ་ལྡེམ་ལྕོག་གིས་བཞད།

མགྲིན་པ་ཡང་ཡང་བརྣངས་ནས་ཕྱི་མིག་འཕེན་དུས།

ལས་འཕྲོ་གངས་རི་ལ་བཅོལ།

སེམས་པ་ཤོར་སྟངས་ལ་མུ་མཐའ་བྲལ་ཡང་།

ཚེ་འདིའི་བར་ཐག་ཤར་ནུབ་ཀྱི་ནམ་མཁས་ཆོད་སོང་།


གླིང་གི་བུ་མོ་ཁྱེད།

སེང་ལྕམ་འབྲུག་མོ་ལོས་ཡིན།

མིག་གི་རྒྱལ་མོའི་སྐར་ཆེན།

ངག་གི་ཟིལ་བའི་དྲི་ཞིམ།

འཛུམ་གྱི་ཉི་འོད་དྲོན་མོ།

སྙིང་དུ་སྡུག་ཅིང་ཡིད་དུ་འོང་བ་རེ་རེ་ལ།

སྨོན་པ་ཁྲི་སྟོང་གིས་བསྐྱོད་ཀྱང་།

མཇལ་དུ་བསྐལ།


རྟ་བོ་ནི་སྔོན་ཆད་ཀྱི་རྟ་བོར་ཐང་ག་ལ་ཡིན།

དེ་ནི་གྲོང་ཁྱེར་ཆེན་པོ་ཞིག་རེད།

རྒྱུས་ཡོད་པ་དག་ངོ་ཤེས་སུ་འགྱུར་གྱིན།

ངོ་ཤེས་པ་དག་གི་རྒྱབ་གཟུགས་སུ་སྣང་།

ཡོད་ཚད་བཞུར་གྱིན་པའི་དུས་འདིར།

ང་ལ་ཆགས་སྡང་གིས་ཅི་བྱ།


བྱ་ལས་སྣ་ཚོགས་ཀྱི་འུར་ཟིང་ཁྲོད།

སྙི་ཞིང་མཉེན་པའི་སེམས་པ།

ཟླ་འོད་ཀྱི་རྫིང་དུ་བསྙལ་ཞིང་།

རྣོ་ཞིང་གསེག་པའི་ཚོར་བ།

ཉི་འོད་ཀྱི་དྭངས་སར་གཡེང་ནས། 

སྙན་ངག་ཅིག་བྱུང་ན་དེ་ལས་ལྷག་པ་ཅི་ཞིག་ཡོད། །

 
རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།