མི་སེམས་ཤིན་ཏུ་ལྐོག་གྱུར་བའི།།
འོལ་ཚོད་ཙམ་གྱིས་རྟོགས་མི་སྲིད།།
འཕྲད་ཙམ་ཉིད་ནས་ངོོ་འཛུམ་ཚིག།
རྒྱུས་ཡོད་ཚུལ་དུ་མི་སྨྲའོ།།
དཀའ་སྡུག་གང་ལ་འཕྲད་ཀྱང་རུང་།།
ཁྲེལ་དང་ཕྱི་ཐག་འབོར་མི་བྱ།།
སྐྱིད་སྡུག་རེ་མོས་འབྱུང་སྲིད་པའི།།
མཐོ་དམན་རེ་དོགས་ཆེར་མི་བྱ།།
བཀའ་དྲིན་རྗེས་སུ་དྲན་པར་བྱ།།
དྲིན་པོ་ཆེ་དག་བརྗེད་མི་རུང་།།
དྲིན་བྱས་དྲིན་དུ་མ་ཚོར་ན།།
མི་ལུས་ཐོབ་པ་དོན་མི་འོངས།།
འདུ་འབྲལ་འཇའ་ཚོན་རི་མོ་བཞིན།།
ཆར་རྗེས་མཛེས་སྡུག་བརྗོད་འདས་ཀྱང་།།
ཡིད་བརྟན་མེད་པའི་བྱ་དངོས་དག།།
བརྗེད་ཐབས་མེད་ཀྱང་ངང་གིས་བྲོས།།
མཛའ་བརྩེ་དུང་ཞེན་ཤིན་ཏུ་ཟབ།།
རིགས་ཞེན་བླ་སྲོག་དྲག་ཏུ་འཕྱོ།།
གང་ལས་མཆེད་ཅིང་གང་དུ་གནས།།
ཤ་དང་རུས་པ་བརྗེད་མི་རུང་།།
དཔལ་དང་འབྱོར་བ་མཐའ་དག་ཀྱང་།།
སྔོན་གྱི་ཚོགས་བསགས་དག་ལས་བྱུང་།།
ལས་འབྲས་ནམ་ཡང་བསླུ་མེད་པའི།།
རྟག་པར་ལས་འབྲས་གཙུག་ཏུ་བཀུར།།
སྣོད་བཅུད་བཀོད་པ་ལྷུན་གྱིས་གྲུབ།།
འདབ་སྟོང་བསུང་ཞིམ་གང་སར་ཁྱབ།།
བདེ་སྐྱེས་གསར་བའི་མཛེས་སྡུག་གིས།།
ཡུལ་གྱི་ཁོར་ཡུག་སྔར་ལས་བརྒྱན།།