ཀྲུང་གོ་བོད་ཀྱི་དྲ་བ།

ཁུ་སིམ་མཚན་མོའི་དབྱངས་རྟ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : འབྲོག་བཟའ་སྐྱིད།   སྤེལ་དུས། : 2025-07-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

སྐབས་ཅིག་ས་སྲོད་ཁོར་ཡུག་ནག་པོས་རྒྱང་རིང་མིག་གི་མཐོང་ལམ་བཀག།

མགོ་བོ་བཀྱགས་ནས་ཡར་ལ་ལྟ་དུས་ལྷ་སྒྲུང་ནང་གི་མཚན་མོ་དྲན། །

མུན་པའི་རི་ལྡེབས་ཟླ་འོད་འཕྲོས་པས་ཨ་དཀར་རི་མོའི་སྟངས་སྟབས་དག །

དབྱར་གསུམ་མེ་ཏོག་ཁ་ཚར་སླེ་མཁན་སྤང་དཀར་མགུལ་གྱི་ལུག་ཆུང་འདྲ། །


སྐར་ཚོགས་མིག་ཟུང་དྲ་བས་བཅིངས་པའི་ནམ་མཁའ་ཁྲ་ཆིལ་དགུ་ཆིལ་ནས །

ཟླ་བའི་གྱེས་འཛུམ་ངང་གིས་གསལ་བས་མཚན་མོའི་གཏམ་རྒྱུད་ལྷོད་ཀྱིས་བྲིས། །

བརྩེ་ཆེན་ཟླ་གཟུགས་འོད་ཀྱི་ཟེགས་མ་རྒྱ་མཚོའི་ཕང་དུ་སྐྱེས་སུ་ཕུལ། །

ལྷན་འཛོམས་དུང་བའི་རླབས་ཕྲེང་རེ་རེས་སྲིད་པའི་མནའ་དང་དམ་ཚིག་སྲུང་། །


ཆུ་འཛིན་སྤྲིན་པའི་གཟུགས་བརྙན་སྣ་ཚོགས་ནུབ་རི་མཐོན་པོའི་ཕྲག་ཏུ་ཉལ། །

བསིལ་རླུང་འཇམ་ཤ་དལ་བ་དལ་བུར་སྣང་བའི་བདག་འཛིན་མཐའ་རུ་བཏང་། །

ཕྱི་སྣོད་འཇིག་རྟེན་ལྷིང་དུ་འཇགས་པས་སྲིད་པའི་ངལ་དུབ་ཐེངས་གཅིག་སངས། །

ནང་བཅུད་སེམས་ཅན་གཉིད་ལ་རོལ་བས་འཁོར་བའི་སྡིག་སྒྲིབ་ལན་ཅིག་བཀྲུས།   །


བསིལ་ཟེར་རྐང་པའི་འོད་ཞབས་དག་གིས་མུན་པའི་ར་རི་ཡོངས་སུ་འཁྱུད། །

ལོ་ཟླའི་རླབས་ཕྲེང་རི་མོ་སྣ་ཚོགས་དགུ་ཚིགས་སྐྱ་མོའི་ཕག་ནས་དགོད། །

གདོད་མའི་དུས་ཀྱི་གཏམ་རྒྱུད་རིང་མོ་ཡིད་ཁོང་ཕོར་པའི་ནང་དུ་བླུགས། །

སྲོལ་རྒྱུན་ཚིག་གི་རྩམ་སྐྱ་སྐམ་པོ་ཉམ་ཆུང་འཚོ་བའི་ཁ་ཐབས་བྱས། །


རྟོག་སྣང་ཡིད་ཀྱི་སྐར་ཆུང་ཁྲ་མོས་སྟོང་གསུམ་རྒྱ་ཁྱོན་ཡང་ཡང་གཞལ། །

ཟླ་དཀར་འོད་ཀྱི་སྟེགས་བུའི་གམ་ནས་ཕྱེ་ལེབ་སྔོན་པོའི་གཤོག་པ་མཛེས། །

རྒྱ་ཡན་དུང་བའི་ཟུར་མིག་མདའ་མོ་གནག་སྣུམ་སྐྲ་ལོའི་ཕག་ནས་འཛུམ། །

ཡིད་གར་འོང་བའི་རླུང་བུའི་མེ་ཏོག་ལག་པས་བླངས་ནས་ཁྱེད་ལ་ཕུལ། །


འཆར་ཡན་རྟོག་པའི་རླབས་རིས་ངོས་སུ་བག་ཆགས་གཞོན་ནུའི་ལང་ཚོ་ཤར། །

འདུན་པའི་གོས་ཆེན་འབྲུག་མའི་སྟེང་དུ་རེ་འདོད་གསེར་གྱི་སྒྲོག་གུ་དོད། །

འཇིག་རྟེན་སྣང་བའི་ཉིན་སྲིབ་བར་ནས་རྨི་ལམ་ཟོག་པོའི་སླུ་བྲིད་འཛུམ། །

སྐབས་དང་སྐབས་སུ་སྟོང་བསམ་རྒོད་པོའི་སྣང་བའི་བྲག་ལ་ལྡིང་སྐོར་བརྒྱབ།།


ཞེ་མཐའ་མག་མོག་འཁོར་བའི་མཆོད་མེ་ལས་ཀྱི་ཀོང་བུའི་ནང་དུ་སྦར། །

གསལ་རིག་སེམས་ཀྱི་དབྱངས་རྟ་སྙན་མོ་རྣམ་རྟོག་སྒོ་ཁར་བུད་ནས་འོངས། །

མི་ཚེའི་གླེགས་བམ་ནང་དུ་སྦས་པའི་གསང་བ་མ་ལུས་གླུ་རུ་བླངས། །

གཉིད་མ་སད་ཀྱི་སེམས་འགྱུ་སྨུག་པོ་གནས་ལམ་དྲོན་མོའི་ནང་དུ་བཏབ། །


ཡིད་རྟེན་རླུང་རྟའི་སྒོ་དར་ལྷབ་ལྷུབ་རྨི་ལམ་ལྡོམ་པོའི་གནས་ཚང་བྱས། །

ཁམས་གསུམ་མུན་པའི་རྐང་ལམ་བར་ནས་མི་ཚེའི་ཞག་སྒྲོན་གསལ་མ་ནག །

མཐོང་སྣང་ཕུན་ཚོགས་རང་བློ་གྱ་གྱུ་ཚོར་བའི་ཤོག་བྱ་མཛེས་པའི་གཟུགས། །

འཁོར་བའི་གྲོང་ནས་བག་མེད་འགྲོགས་པའི་རྔུལ་ཆུའི་རི་མོའི་ཚུགས་སུ་ཕབ། །


ཡིད་བརྙན་སྒྱུ་མའི་སྒེར་གཤིས་རྙིང་པ་གཉུག་མའི་མེ་ལོང་ངོས་སུ་ཡན། །

སྨྲ་བསམ་བརྗོད་འདས་སྒྱུ་རྩལ་འཁོར་ལོའི་ཚོར་བའི་ནགས་ཀླུང་ལྡེམ་ལྡེམ་གཡོ། །

སེམས་ཉིད་ལྗོན་ཤིང་གཡུ་ལོའི་རྩེ་ལ་ཡིག་འབྲུ་སྔོ་མོའི་ཡལ་འདབ་རྒྱས། །

སྙན་ངག་བཅད་མའི་བྱིའུ་ཆུང་འཇོལ་མོའི་དབྱངས་རྟ་སྙན་མོ་ང་ལ་བླངས། །


ལྷིང་འཇགས་མཚན་མོའི་ཞི་འཇམ་མ་ལུས་ང་ལ་དབང་བའི་འཇིག་རྟེན་ཡིན། །

སེམས་ངོ་ཀློག་པའི་བརྡ་ཚིག་མཐའ་དག་མི་ཚེའི་ལམ་དུ་བསྐྱར་མར་བཀོད། །

སྙན་ཚིག་སྐྲ་ལོའི་ལན་བུ་རེ་རེར་མི་ལུས་ཐོབ་པའི་བདེན་རྟགས་བྱས། །

རྒྱུན་ལྡན་འཚོ་བའི་ཟིན་བྲིས་རི་མོ་ཁྱེད་ལ་བསྐུར་བའི་འཕྲིན་པའོ། །


དཔྱད་གཏམ།

དཔལ་ལྡན་རྒྱ་མཚོ།

འབྲོག་བཟའ་སྐྱིད་ནི་ཡུལ་ཆེན་པོ་མངའ་རིས་སུ་གཞིས་ཆགས་ཤིང་དེ་ག་ལས་མི་ཚེའི་གསར་རྩོམ་ལ་བསྟིམས་པའི་ན་ཆུང་མ་ཞིག་ཡིན་པའི་ངོས་ནས། ཕ་ཡུལ་གྱི་རི་ཆུ་དང་སྤང་ཐང་།  ནམ་མཁའ་དང་སྤྲིན་དཀར།  རི་ཀླུང་དང་ནགས་ཚལ་སོགས་ནི་མོའི་གསར་རྩོམ་གྱི་འཆར་ཡན་སློང་ས་དང་ཀུན་རྟོག་གི་ཉ་མོ་འཁྱུག་ས་ཡིན་ངེས། རང་བྱུང་དང་ཇི་ལྟར་ཉེ་བར་བཅར་བ་ཡིས་ཚེ་སྲོག་གི་ཉམས་ལེན་དེ་ལྟར་ཞིབ་རྒྱས་སུ་ཆགས་པའི་བདེན་དངོས་ལས་འཕྲོས་ཏེ་བསམས་ན། རྩོམ་རིག་གི་དགོངས་གཞི་ནི་སྤྱི་ཚོགས་ཀྱི་བརྡབ་གསིག་ལས་བསྐྱེད་པའི་འགལ་འདུ་དང་འུར་ཟིང་ཅན་དུ་བྱས་ཆོག་ལ་རང་བྱུང་གི་དག་གཙང་ལས་ཐོན་པའི་ལྷིང་འཇགས་ཁེར་རྐྱང་ཅན་དུའང་བྱས་ཆོག་པས། དེ་དག་གི་རྩོལ་བར་གྱུར་བའི་བརྗོད་དོན་མ་ལུས་ཡུལ་ཆེན་པོ་མངའ་རིས་ཀྱི་མཐའ་མེད་པའི་ས་གཞི་དང་ནམ་མཁའི་ཁྱོན་དང་མཐོངས་བཞིན་ཡངས་ཤིང་ཆེ་བས། མོའི་གསར་རྩོམ་གྱི་ཀུན་ཁྱབ་འཆར་སྒོ་ཡུལ་གྱིས་བསྐྱེད་པའི་ཡུལ་ཁམས་རིག་གནས་ཀྱི་སྟེང་དུ་ཡོད་པའང་དོན་ལ་གནས་ཤིང་ཡིད་ལ་འཆག་པ་ཞིག་རེད་སྙམ།

མོའི་སྙན་ངག《སྟོན་རླུང་སྐྱ་བོ》ལས།“ཡར་བལྟས་ནམ་མཁའ་སྟོང་པའི་མིག་མདངས་གཉོམ་པོ།།  མར་བལྟས་ས་གཞི་སྐྱ་བོའི་གདུང་བ་ལྕི་བས།།  བལྟས་ཚོད་མེད་པའི་མྱ་ངན་ཁོར་ཡུག་ཅིག་ནས།   །མ་བཅོས་འཛུམ་མདངས་དེ་ཡང་མཆི་མས་བསླུས་སོང་།།” ཞེས་དང་།  སྙན་ངག《འཁོར་བའི་ཕག་གི་འ་གོང》“འཁོར་བའི་གྲིབ་རིས་འགྲོགས་སྙིང་མེད་ཀྱང་།།བརྩེ་བའི་ཐབ་ལྭར་དྲོད་ཁོལ་འཛོམས་པས།།ལན་ཆགས་གོ་ཁའི་མེ་ལྕེ་དམར་པོ།།འཛུམ་པའི་གདོང་ལ་ཡང་ཡང་འབར་སོང་།།” ཞེས་དང་། སྙན་ངག《ངོ་སོ་རྙིང་བའི་ཚིགས་ཁེབས》ལས།“སྨག་མཚན་མོའི་སྒེའུ་ཁུང་མག་མོག་གི་ཕག་ནས།།སྐར་མ་སྨིན་དྲུག་འཛུམ་པའི་མིག་ཀོང་ལ་བལྟས་ན།།ཡིད་འཆར་ཡན་དུངས་པའི་ཨ་རག་གིས་བཟི་བས།།སེམས་བན་བུན་འཁྲུལ་བའི་སྣང་ངོ་འདི་སྙིང་རྗེ།།” ལ་སོགས་པ་སྙན་ངག་པས་རྩྭ་ཐང་གི་ཕང་བ་དང་ལྷས་རའི་འདབས་ར་ནས་མེ་ཏོག་གི་བསུང་ངད་དང་ལྕི་འདམ་གྱི་དྲི་ངད་ལ་བསྒྲེས་པའི་སྙན་ངག་གི་བར་སྣང་ནམ་མཁའ་དང་ས་གཞིར་རྟེན་བཅོས་ཤིང་།  སྙན་ངག་གི་འཆར་སྒོ་རྫི་གླུ་དང་རྨི་ལམ་གྱི་དཔངས་ལ་བཅོལ་བའི་མཛེས་སྡུག་ཡོད་ཚད།  དགའ་སྐྱོ་ཆགས་སྡང་གི་མདངས་སུ་བཀྲལ་ནས་ཕུགས་རེ་ཉི་མར་གཏད་པའི་སྨོན་འདུན་གྱི་སྟེང་དུ་བསྒྲོན་ནས་ཡོད་དེ།  སྙན་ངག《རྩྭ་ཐང་ལ་སྤུར་བའི་རྣམ་ཤེས》ལས།“རྩྭ་ཐང་ལགས། ཁྱེད་མ་ཚར་ན་ངའི་ལང་ཚོ་དང་གསོན་ཤུགས་མི་ཚར།  ཁྱེད་མ་ཚར་ན་ངའི་སྣང་བ་དང་འཆར་ཡན་མི་ཚར།  ཁྱེད་མ་ཚར་ན་ངའི་ཕུགས་བསམ་དང་རེ་འདུན་མི་ཚར། ཁྱེད་མ་ཚར་ན་ངའི་དགོད་སྒྲ་དང་མིག་ཆུ་མི་ཚར།” ཞེས་མཛེས་སྡུག་གི་རྨི་ལམ་དང་ཡིད་འོང་གི་འཚོ་བའི་དཔང་དུ་བཏེགས་པའི་རིག་གནས་ཀྱི་བག་ཆགས་ཟབ་ཅིང་མཐུག་པས།  བརྩེ་གདུང་གི་ཁ་དོག་བཀྲ་ཞིང་མཛེས།  འཆར་ཡན་གྱི་སྒོ་མོ་ཀུན་ནས་ཡངས་པས།  ནང་སེམས་ཀྱི་བསམ་པའི་ཕུགས་ཡངས་དང་འགྱུ་བག་ཕུན་ཚོགས་སུ་འཚེར་ནས་ཡོད། །

འབྲོག་བཟའ་སྐྱིད། དངོས་མིང་ལ་ཀླུ་མོ་སྐྱིད། ཕ་ཡུལ་མངའ་རིས་སྒེར་རྩེ་རུ་སྐྱེས། ཆུང་ནས་སློབ་གྲྭ་འགྲིམ་པའི་སྐལ་བ་མ་ཐོབ་ཀྱང་། རྩྭ་ཐང་དུ་ཕྱུགས་རིགས་ཀྱི་རྐང་རྗེས་ཁྲོད་ཀ་ཁའི་འབྲི་ཀློག་རང་སྦྱོང་བྱས། ལོ་འགའི་སྔོན་ནས་སྲོལ་རྒྱུན་སྙན་ངག་ཐན་ཐུན་རེ་འབྲི་མགོ་བརྩམས། སྔ་རྗེས་སུ《བྱང་ཐང》དང《བོད་ཀྱི་རྩོམ་རིག་སྒྱུ་རྩལ》《གངས་རྒྱན་མེ་ཏོག》《ལྷོ་ཁའི་རྩོམ་རིག་སྒྱུ་རྩལ》《གངས་དཀར་རི་བོ》《མི་རིགས་ཀྱི་རྩོམ་རིག》སོགས་སུ་སྙན་ངག་བརྩམས་ཆོས་རེ་འགའ་སྤེལ་མྱོང་།

 
རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།