ཀྲུང་གོ་བོད་ཀྱི་དྲ་བ།

ང་ཡི་གངས་ལྗོངས།

ཡོང་ཁུངས། : སྦྲང་ཆར   རྩོམ་པ་པོ། : ཁུ་བྱུག་སྔོན་མོ།   སྤེལ་དུས། : 2025-07-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

གནམ་སྔོན་པོའི་གུར་ནང་དུ།

ཉི་ཟླའི་སྒྲོན་མེ་འཚེར།

ས་ཆེན་མོའི་གདན་སྟེང་དུ།

གངས་མཚོའི་གཡུང་དྲུང་མཛེས།


གནས་དེ་རུ།

ཡབ་ཡུམ་གཉིས་ཀྱིས་ནམ་མཁའ་ཟེར་བའི་འཁོར་བ་ཞིག་བཟུང་།

སྤྲིན་དཀར་ནག་གཉིས་ཀྱི་སྒོ་ཟོག་ནི།

རྟ་ཁྱུ་དང་འབྲོང་ཁྱུ་ཡིན།

དེ་དུས།

ཡབ་ཆེན་གྱིས་དགུ་ཚིགས་ཀྱི་སྐ་རགས་སུ་རྟ་ཁྱུ་འདེད་ཅིང་།

ཡུམ་ཆེན་གྱིས་སྟོང་ཁམས་ཆེན་མོ་ན་འབྲོང་ཁྱུ་འཚོ།


ཉི་མའི་འོད་ཟེར་ལ་བྱིན་ཆེ།

གངས་རིའི་བརྟན་བརླིང་ལ་རྔམ་ཆེ།

ཨོ། དེ་ནི་ཡབ་ཆེན་གྱི་ལྷག་བསམ་དང་རང་གཤིས་ཡིན།

ཉི་འོད་ལམ་ལམ་འཕྲོ།

གངས་རི་མཁའ་ལ་འཕགས།


ཟླ་བའི་འོད་ཟེར་ལ་ཕྱོགས་མེད།

མཚོ་མོའི་དྭངས་གཙང་ལ་ལྷད་མེད།

ཨོ། དེ་ནི་ཡུམ་ཆེན་གྱི་བརྩེ་བ་དང་ངང་རྒྱུད་ཡིན།

ཟླ་འོད་བསིལ་བསིལ་འཕྲོ།

མཚོ་མོ་ལྟེམ་མེར་འཁྱིལ།


ཡབ་ཆེན་གྱིས་རྟ་གོང་ནས་རྒྱང་ལ་གཟིགས་ཏེ།

རུམ་ནས་མགོ་དཀྲིས་དཀར་པོ་ཞིག་ལག་ཏུ་བླངས་པ་ལ་སྤྲིན་པ་ཟེར།

ལག་པ་གཡུག་གཡུག་ཅིག་བྱས་པ་ལ་གློག་དམར་ཟེར།

ཀི་སྒྲ་སིང་སིང་ཞིག་བཏབ་པ་ལ་འབྲུག་སྒྲ་ཟེར།

རྟ་ཕོའི་རྨིག་པས་ཆུ་ཟིལ་ཕྱོགས་བཞིར་སྟོར་བ་ལ་ཆར་བ་ཟེར།

ཡུམ་ཆེན་འབྲོང་ཁྱུའི་མཐའ་ནས་ཕྱིར་འཁོར་ཏེ།

བཞིན་ལ་འཛུམ་ཞིག་མངོན་པ་ལ་འཇའ་ཚོན་ཟེར།

ངག་ནས་གཞས་ཤིག་བཏང་བ་ལ་བསིལ་རླུང་ཟེར།

སེམས་ངལ་དྭངས་ཤ་ལེར་སོང་བ་ལ་གནམ་ཐིང་ཟེར།


ཡང་གཅིག་བཤད་ན།

སྤྲིན་དཀར་ནི་ཡུམ་ཆེན་གྱིས་བསྙལ་བའི་ཞོ་གསར་རེད།

རླུང་གིས་དེ་ཉིད་ཡར་ལ་མཆོད།

གློག་དམར་ནི་ཡབ་ཆེན་གྱིས་བྲིས་པའི་ཡི་གེ་རེད།

འབྲུག་གིས་དེ་ཉིད་ཀློག་འདོན་བྱེད།

ཆར་བ་ནི་ཡབ་ཆེན་གྱིས་སྟོར་བའི་སྤོས་ཆུ་རེད།

བར་སྣང་གིས་དེ་ཉིད་སྡེབ་སྦྱོར་བྱེད།

འཇའ་ཚོན་ནི་ཡུམ་ཆེན་གྱིས་གཙགས་པའི་མེ་ཏོག་རེད།

རང་བྱུང་ཁམས་ཀྱིས་དེ་ཉིད་འགྲེམ་སྟོན་བྱེད།

གནམ་ཐིང་བ་ནི་ཡུམ་ཆེན་གྱིས་སྒོ་ཕྱི་ནང་ལ་གད་བདར་བྱས་པའི་ཤུལ་རེད།

ད་ནི་ཡབ་ཆེན་ཕེབས་རྐྱང་ཡིན།


ས་སྲོད་རེ་རེར།

ཡབ་ཆེན་གྱིས་ཡུམ་ཆེན་ལ་བགྲང་གིས་མི་ལངས་པའི།

སྐེ་རྒྱན་མང་པོ་ཞིག་སྐྱེས་སུ་བསྟབས་ཡོང་།

དེ་ནི་མཚན་མོའི་སྐར་ཚོགས་རེད།

ཡུམ་ཆེན་གྱིས་དེ་ཡི་ཁྲོད་ནས་ཆེས་བཟང་བ་དག་སྐེ་རུ་བཏགས་ཏེ།

བལ་དཀར་ལ་བརྩེ་འདང་བསྲེས་ནས།

ལོ་རེ་རེར། ཡབ་ཆེན་ལ་ཕྱིང་ལྭ་དྲོན་པོ་རེ་བཟོ།

དེ་ནི་ཐགས་སྐུད་མེད་པའི་དགུན་ཁའི་ཁ་བ་རེད།


ཡང་གཅིག་བཤད་ན།

འཇའ་ཚོན་ནི་ཡབ་ཡུམ་གཉིས་ཀྱི་སྒྱུ་རྩལ་བརྩམས་ཆོས་ཀྱི་དྭངས་རྩེ་རེད།

རྒྱང་རིང་ནས་བལྟས་ན།

དེ་ནི་ཡབ་ཆེན་གྱིས་བརྐྱངས་པའི་གཡུང་དྲུང་རྨུ་ཐག་གི་སྐས་རྡང་རེད།

ཉེ་ས་ནས་བལྟས་ན།

དེ་ནི་ཡུམ་ཆེན་གྱིས་བརྩེགས་པའི་ལྷ་བབས་མཆོད་རྟེན་གྱི་བང་རིམ་རེད།

ལྷ་དང་མི་ཡི་བར་ཐག་དེ་ཡིས་ཉེ་རུ་གཏོང་ཞིང་།

བདེ་བ་དང་སྡུག་བསྔལ་གྱི་བར་ཁྱད་ཀྱང་དེ་ཡིས་སྙོམ་པར་བྱེད།

ཚེ་འདི་དང་ཕྱི་མའི་བར་དུ་ཡང་དེ་ཡིས་འོད་ཀྱི་གསེར་ཟམ་འཕེན།


ཡབ་ཆེན་གྱི་ཕྲེང་རྡོག་རེ་རེ།

སྟོང་ཁམས་ཀྱི་འཇིག་རྟེན་རེ་རེ་ཡིན།

མཐེ་བོང་དང་གོང་མཛུབ་ཀྱིས་ཚུར་ལ་མྱུག་ཅིང་འདྲེན།

ཡུམ་ཆེན་གྱི་མ་ཎི་འཁོར་ལོའི་གཟུང་ཐག་གིས།

མིའི་རིགས་ཀྱི་རྣམ་ཤེས་གཡས་ནས་གཡས་སུ་བསྐོར།

མིའི་རིགས་ཀྱི་ཤེས་རབ་དང་སྙིང་རྗེ་ཡང་།

གཡས་ནས་གཡས་སུ་བསྐོར། གཡས་ནས་གཡས་སུ་བསྐོར།


མདོར་ན།

ཡབ་ཆེན་གྱི་ཐུགས་དགོངས་ནི་གནམ་གྱི་ཁ་ཞེང་རེད།

ཡུམ་ཆེན་གྱི་བཟོད་པ་ནི་ས་གཞིའི་སྲ་འཐས་རེད།

གནམ་སའི་བར་དུ།

བུ་ཆུང་ང་མདུན་ནས་མདུན་དུ་སྙེག་གིན་ཡོད།

གངས་རིས་ང་ལ་རྒྱབ་དཔུང་མཛད་ཅིང་།

མཚོ་མོས་ང་ལ་སྨོན་ལམ་གསེང་མཐོར་འདེབས།

ཉི་མས་ང་ལ་བགྲོད་ལམ་བསྟན་ཅིང་།

ཟླ་བས་ང་ལ་སྐྱེལ་མ་ཡུན་རིང་གནང་།


འགྲུལ་བཞུད་ཀྱི་ལམ་དུ།

ངས་གོམ་པ་རེ་རེ་ཤུགས་ཀྱིས་ཕར་ལ་སྤོས་ཏེ།

ནང་སེམས་ཀྱི་གཏིང་སར་ལོག་གིན་ཡོད།

བྱང་སེམས་ནི་ང་ཡི་ལམ་ཡིག་ཡིན།

སྙིང་གའི་རྩ་འདབ་ནི་དེ་ལ་བརྒྱབ་པའི་ཐམ་ཀ་ཡིན།

སྐབས་འདིར།

དྲན་ཤེས་སུ་གསལ་ལེར་མངོན་པ་ནི།

རང་གི་སྙིང་ཁམས་ནི་གངས་རི་ཡིན་ཞིང་།

རང་གི་རྩ་ལམ་ན་གཙང་བོ་བཞུར་བ་ཉིད་དེ།

ད་ནི་གངས་རི་དྲག་ཏུ་མཆོང་ལྡིང་བྱེད།

གཙང་བོ་དྲག་ཏུ་ཤར་རྒྱུག་བྱེད། །

རྩོམ་ཁུངས། ༢༠༢༥ལོའི«སྦྲང་ཆར»དེབ་དང་པོ།

 
རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།