ཀྲུང་གོ་བོད་ཀྱི་དྲ་བ།

རི་འདིའི་ཕར་ནང་དེ་ན་ཅི་ཞིག་ཡོད།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : དཀོན་མཆོག་རྒྱལ་པོ།   སྤེལ་དུས། : 2025-07-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

མི་རུ་སྐྱེས་ནས་མི་ལོ་ལྔ་བཅུར་ཉེ།།

མི་ཚེའི་ལ་མོ་གྲངས་མེད་བརྒལ་བྱས་ཀྱང་།།

མདུན་དུ་ལྷགས་པ་སླར་ཡང་ལ་མོ་རི།།

རི་འདིའི་ཕར་ནང་དེ་ན་ཅི་ཞིག་ཡོད།།


མདུན་གྱི་རི་འདི་རང་ཁྱིམ་གྲུ་བཞིའི་རི།།

ནང་མི་ལྷན་དུ་འཛོམས་པའི་དགའ་སྤྲོ་ཆེ།།

ཙག་ཙིག་ལས་ཀྱིས་བདས་པའི་གོམ་སྟབས་མྱུར།།

རི་འདིའི་ཕར་ནང་དེ་ན་ཅི་ཞིག་ཡོད།།


མདུན་གྱི་རི་འདི་ལྟོ་གོས་འཚོལ་བའི་རི།།

རྙེད་པས་བརྟས་པའི་ཁུག་མ་འཁུར་བཞིན་སླེབས།།

ཁུག་སྟོང་སྤྲུག་སྤྲུག་ཡང་བསྐྱར་ལམ་ལ་ཆས།།

རི་འདིའི་ཕར་ནང་དེ་ན་ཅི་ཞིག་ཡོད།།


མདུན་གྱི་རི་འདི་ཁེ་གྲགས་གཉེར་བའི་རི།།

ནངས་དགོང་མཚན་གསུམ་དམིགས་པ་གཅིག་ལ་གཏོད།།

འདོད་པའི་ནམ་མཁར་གཤོག་འགྱུར་མཚམས་མེད་བྱེད།།

རི་འདིའི་ཕར་ནང་དེ་ན་ཅི་ཞིག་ཡོད།།


མདུན་གྱི་རི་འདི་མ་འོངས་མདུན་ལམ་རི།།

ཕྱིར་བལྟས་མེད་པར་འཚང་ཁ་ཤིག་ཤིག་རྒྱག།

ཞྭ་དང་ལྷམ་ཡང་དོར་ནས་སྔོན་ལ་རྩོད།།

རི་འདིའི་ཕར་ནང་དེ་ན་ཅི་ཞིག་ཡོད།།


མདུན་གྱི་རི་འདི་གནས་ལུགས་མང་བའི་རི།།

ཆོས་ཉིད་གནས་ལུགས་རྒྱལ་མོའི་ཤམ་ཐབས་ཀྱང་།།

ལྟར་སྣང་ཙག་དང་རླུང་གིས་གཏེད་པར་བྱེད།།

རི་འདིའི་ཕར་ནང་དེ་ན་ཅི་ཞིག་ཡོད།།


མདུན་གྱི་རི་འདི་གྲངས་མེད་མཁས་པའི་རི།།

སྤང་ལ་བཀྲམས་པའི་མིང་བརྡའི་ལུག་ཁྱུ་རྣམས།།

ཚོད་མེད་སྟོད་ལ་འདེད་ཅིང་མར་ལ་བདའ།།

རི་འདིའི་ཕར་ནང་དེ་ན་ཅི་ཞིག་ཡོད།།


མདུན་གྱི་རི་འདི་མི་སྐྱོང་སློབ་གསོའི་རི།།

གནའ་ཡིས་མི་སླེབས་དེང་གིས་མི་རྫོགས་ཞེས།།

ཁྲིད་སྟེགས་གར་སྟེགས་གང་ཡིན་མི་འཚལ་བ།།

རི་འདིའི་ཕར་ནང་དེ་ན་ཅི་ཞིག་ཡོད།།


མདུན་གྱི་རི་འདི་དོན་མཐུན་ཚོང་པའི་རི།།

ཇ་རྟ་བརྗེ་སའི་ལམ་གྱི་བཞི་མདོ་ན།།

ཕྱི་ནང་གསང་གསུམ་ཁྲོམ་པའི་གྲལ་ལ་བཤམས།།

རི་འདིའི་ཕར་ནང་དེ་ན་ཅི་ཞིག་ཡོད།།


མདུན་གྱི་རི་འདི་དོན་གཉེར་སློབ་མའི་རི།།

ཇི་སྙེད་ཤེས་བྱ་བརྡལ་བའི་ཐང་ཆེན་དུ།།

སྨྱུ་གུ་ཡང་ཡང་གཞོགས་ནས་ཕུགས་བསམ་འབྲི།།

རི་འདིའི་ཕར་ནང་དེ་ན་ཅི་ཞིག་ཡོད།།


མདུན་གྱི་རི་འདི་རྩོམ་རིག་སྒྱུ་རྩལ་རི།།

འཚོ་བའི་ངོ་གདོང་ཉམས་བརྒྱད་པིར་གྱིས་བཞེངས།།

ཚོར་བའི་ཆུ་ཁོལ་ནང་དུ་ཡང་ཡང་བཙོ།།

རི་འདིའི་ཕར་ནང་དེ་ན་ཅི་ཞིག་ཡོད།།


མདུན་གྱི་རི་འདི་མི་གཞི་ཀུན་སྤྱོད་རི།།

ལུགས་དང་འགལ་ན་སྤྱོ་བའི་ཡུལ་དུ་ལྟུང་།།

མི་འགལ་དམ་བཅའི་ཨམ་གཙིགས་ཤུགས་ཀྱིས་སྡོམ།།

རི་འདིའི་ཕར་ནང་དེ་ན་ཅི་ཞིག་ཡོད།།


མདུན་གྱི་རི་འདི་སོ་ནམ་རྒན་པོའི་རི།།

གནམ་ལ་བལྟས་ནས་གསོལ་བ་གང་དྲག་འདེབས།།

རྩམ་པ་རྫི་ཞོར་མིག་ཆུ་ཤམ་ཤམ་བཞུར།།

རི་འདིའི་ཕར་ནང་དེ་ན་ཅི་ཞིག་ཡོད།།


མདུན་གྱི་རི་འདི་ཨ་ཁུ་འབྲོག་པའི་རི།།

ཞོགས་པར་སྦྲ་འདབས་བཀྱགས་ནས་ནོར་ལུག་བརྩི།།

སྲོད་ལ་མཁའ་མཐའི་སྐར་ཚོགས་རྒྱང་ནས་བསུ།།

རི་འདིའི་ཕར་ནང་དེ་ན་ཅི་ཞིག་ཡོད།།


མདུན་གྱི་རི་འདི་སྔོན་ཐོན་ཚན་རིག་རི།།

རྡུལ་ཕྲན་བསགས་ནས་རྟེན་འབྱུང་རི་བོ་བརྩིགས།།

རྟེན་འབྲེལ་བཤིག་བཞིན་རྡུལ་གྱི་ཕྲ་མོ་འཚོལ།།

རི་འདིའི་ཕར་ནང་དེ་ན་ཅི་ཞིག་ཡོད།།


མདུན་གྱི་རི་འདི་མཐའ་ཡས་གཞུང་ལུགས་རི།།

ལུས་དང་རྣམ་ཤེས་སོ་སོར་ཡིན་པར་སྨྲ།།

གསང་རྫས་བཞི་ཡིས་ཆ་ཚང་གྲུབ་ཀྱང་བཤད།།

རི་འདིའི་ཕར་ནང་དེ་ན་ཅི་ཞིག་ཡོད།།


མདུན་གྱི་རི་འདི་དགྲ་འདུལ་གཉེན་སྐྱོང་རི།།

རང་རྒྱལ་གཞན་ཕམ་ལབ་ཙེ་དགུང་ལ་བསྟོད།།

གཞན་རྒྱལ་རང་ཕམ་སོ་སྒྲ་སྐག་སྐག་འཆའ།།

རི་འདིའི་ཕར་ནང་དེ་ན་ཅི་ཞིག་ཡོད།།


མདུན་གྱི་རི་འདི་སྐྱེ་རྒ་ན་འཆིའི་རི།།

ཡུན་ཐུང་བདེ་སྣང་སྐད་ཅིག་སྐད་ཅིག་གིས།།

སྡུག་བསྔལ་གཅིག་བརྗེད་གཉིས་བརྗེད་ངང་གིས་འགྲོ།།

རི་འདིའི་ཕར་ནང་དེ་ན་ཅི་ཞིག་ཡོད།།


མདུན་གྱི་རི་འདི་རང་ཉིད་འཆར་བའི་རི།།

རང་སྐྱོན་རི་ལྟར་སྤུངས་ཀྱང་སྦེད་ལ་མཁས།།

ཡོན་ཏན་ཏིལ་འབྲུ་ཙམ་ཡང་སྒྲོག་ལ་གོམས།།

རི་འདིའི་ཕར་ནང་དེ་ན་ཅི་ཞིག་ཡོད།།


མདུན་གྱི་རི་འདི་ཕ་རིའི་ཁ་གཏད་རི།།

འདོད་ཆགས་རྟ་ཕོའི་ཤ་ཤེད་མ་ལྷུང་ན།།

སྲབ་ཀྱིས་མི་ཐུབ་སྒྲོག་གིས་མི་ཆིངས་པས།།

རི་འདིའི་ཕར་ནང་དེ་ན་ཅི་ཞིག་ཡོད།།

 
རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།