མི་ནི་ངུ་ཤེས་པ་ནས་བཟུང་སྡུག་བསྔལ་གྱི་གོ་རིམ་དུ་ལྷུང་།
མི་ནི་དགོད་ཤེས་པ་ནས་བཟུང་བསླུ་བྲིད་ཀྱི་ལམ་དུ་ཞུགས།
མི་ནི་ལྷ་དང་མི་གཅིག་པའི་འདྲེ་དཀྱུས་མ་ཞིག
མི་ནི་ཀླུ་དང་མི་མཐུན་པའི་བདུད་ཕལ་བ་ཞིག
མི་ལ་ལས་དབང་ཡོད་པ་ནས་རང་དབང་བོར།
མི་ལ་རྣམ་དཔྱོད་རྒྱས་པ་ནས་མཐུན་སྒྲིལ་བོར།
མིས་གདོད་མའི་ཐབ་ཚང་བཤིགས།
མིས་ཐོག་མའི་མཚེར་ས་དོར།
མི་དང་མི། མི་དང་མི། མི་དང་མི།
མི་མིས་བཟོས་པའི་གཟུགས་སྟོང་ཉིད།
མི་མིས་བཟོས་པའི་སེམས་སྟོང་ཉིད།
མི་ལགས། མི་ཡི་ལག་པ།
མི་ལགས། མི་ཡི་རྐང་པ།
མི་རེ་རེ་མི་རེ་རེའི་ཟས་འཕྲོ་འཐུང་བའི་མི་ལྷག་མ།
མི་རེ་རེ་མི་རེ་རེའི་བསོད་ནམས་སློང་བའི་མི་སྤྲང་བོ།
མི་ཆོས་པ། མི་འཁོར་བ།
མི་བཟང་པོ། མི་ངན་པ།
མི་གྲུབ་མཐའ། མི་ཚད་མ། མི་གཞུང་ལུགས།
མི་གཅིག་གིས་མི་བརྒྱ་འཚོས།
མི་གཅིག་གིས་མི་བརྒྱ་བཙལ།
མིས་ལག་པ་གཡས་ཀྱིས་དཀོན་ཅོག་ལ་གུས།
མིས་ལག་པ་གཡོན་གྱིས་སྒོར་མོ་ལ་གུས།
མི་ཡོད་ས་རུ་ལམ་དང་རྨི་ལམ་ཡོད།
མི་ཡོད་ས་རུ་རྩྭ་དང་ཆུ་ཡོད།
མི་ཡོད་ས་རུ་ཁྲག་གི་རྐང་རྗེས་ཡོད།
མི་ཡོད་ས་རུ་དུར་ཁྲོད་དང་རྒོད་པོ་ཡོད།
མི་ཡོད་ས་རུ་སྤྱང་ཀི་དང་ལུག་ཁྱུ་ཡོད།
མི་ཡོད་ས་རུ་དགེ་བ་དང་སྡིག་པ་ཡོད།
མི་ཡོད་ས་རུ་སྐྱག་པ་དང་ཁ་ལུད་ཡོད།
མི་ནི་མི་སྟེ་མིས་མི་བྲིས་ཏེ་མིས་མི་རྩོམ་བཞིན་འདུག
མི་ཡོད་པས་གསེར་ས་འོག་ནས་རྙེད།
མི་ཡོད་པས་ཤེས་རབ་ལ་འོད་སྣང་འབར།
མི་ཡོད་པས་སྐར་མ་རེ་ལ་མིང་རེ་འདུག
མི་ཡོད་པས་རི་བོ་རེ་ལ་ལྷ་རེ་གནས།
མི་ཡོད་པས་མི་རེ་ལ་མིང་རེ་ཡོད།
མི་ཡོད་པས་བ་ཁ་དེ་བས་མང་།
མི་ཡོད་པས་མིག་ཆུ་བརྩེ་དུང་དང་འཛུམ་མདངས་བསླུ་བྲིད་རེད།
མི་ཡོད་པས་སྒོར་མོ་མང་པོ་ཡོད།
མི་ཡོད་པས་དབུལ་བོ་མང་པོ་ཡོད།
མི་ཡོད་པས་དད་པ་ཡོད།
མི་ཡོད་པས་ཕྱི་མ་ཡོད།
མི་ཡོད་པས་གསར་གཏོད་ཡོད།
མི་ཡོད་པས་སྐད་ཡིག་གསེར་ལ་སྐྱེས།
མི་ཡོད་པས་སྐད་ཡིག་རྡོ་ལ་འབྱར།
མི་ཡོད་པས་མི་ང་ལ་མི་གཞན་པ་ཟེར།