ཀྲུང་གོ་བོད་ཀྱི་དྲ་བ།

ཡིད་གདུང་།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : ཤེའུ། རྔ་བ།   སྤེལ་དུས། : 2024-05-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1

ཁ་ཕྱིར་འཁོར་བ་ནི་འོབས་དོང་བཞིན།

ཁྱོད་རང་ནང་དུ་ལྕེབས་ཀྱང་འཛིན་རྒྱུ་ནི་མི་འདུག

2

ད་ལྟའི་ན་ཚོད་འདི་ལ།

ཕྱི་ནང་གི་གཟེབ་དྲ་སྣ་ཚོགས་ཀྱིས་བསྐོར་འདུག

3

ངས་རང་གི་རྨི་ལམ་ལ་གཤོག་པ་ཞིག་ཆད་པས་འཕུར་ཐབས་མ་བྱུང་།

ངས་བརྩེ་གདུང་གི་སྲོད་ཀ་འདི་ལ་ཕྱིར་མིག་ཅིག་ཆད་པས་ནུབ་ཐབས་མ་བྱུང་།

4

སྐྱོ་གདུང་གི་སྐྱེད་ཚལ་བསྙོར་རོགས་ཞེས།

ངས་སུ་ལའང་འབོད་ཐབས་མི་འདུག

5

ཁྱོད་ནི་མཐའ་མེད་པའི་གཙང་བོ་ཞིག་ལྟར།

ང་ཡིས་རྦ་རླབས་རེ་རེ་ལག་པས་ཕར་དེད་ནས་བརྒལ་ཐབས་མ་བྱུང་།

6

འཚོ་བ་ནི་ཉི་འོད་མ་ཡིན་པས།

ང་ཚོ་རྟག་ཏུ་དྲོས་ཐབས་མ་བྱུང་།

7

ངའི་བསྐྱར་དུ་མཐོང་འདོད་ཀྱི་ཞོགས་པ་དག་ནི།

རྒས་འཁོགས་ཀྱི་ར་བ་ལས་ཕྱིར་ཚེས་ཐབས་མི་འདུག

8

ལག་པས་བཟུང་བ་དག

བདེ་སྐྱིད་ཡིན་པར་ང་ལ་དོགས་པ་ཞིག་སྐྱེ་བཞིན་འདུག

9

ལག་པས་ཤོར་སོང་བ་དག་ཀྱང་།

སྡུག་བསྔལ་ཡིན་པར་ང་ལ་ཐེ་ཚོམ་ཞིག་སྐྱེ་བཞིན་འདུག

10

མི་ཚེ་ནི་དེ་ལྟར་མནོག་སླ་བའི་རེའུ་མིག་ཅིག་ལྟར།

གོ་རིམ་ཅི་ཡང་མེད་པ་ལྟ་བུའི་ངང་འཆི་བ་དང་ན་ཚ་ལ་སྒུག་མཁན་ཞིག

11

ཝ་ཡེ། ང་ལ་ཆང་ཁྱེར་ཤོག་དང་།

ངས་ཆང་རག་ཧུབ་ཀྱིས་བཏུང་ནས་ཅི་ཡང་བརྗེད་པར་གཏང་འདོད།

12

སྤར་ཁའི་ནང་གི་མེ་ཏོག་དག་རྙིད་ཙམ་བྱས་རྗེས།

སེམས་ཤུགས་ཀྱི་མཚོན་ཆ་ཇི་ལྟར་གཡུགས་ཀྱང་ལས་དབང་ནི་ཚལ་བར་གཤག་

མ་ཐུབ།

13

ནང་སེམས་ཀྱིས་དཀྲོལ་བའི་གཞས་དག་ས་རུ་འཐོར།

ངས་དེ་དག་ལས་ཅི་ཡང་ཡར་སྒྲུག་ཐབས་མ་བྱུང་།

14

ཁ་གྲག་མི་ཐུབ་པའི་རོ་སྒམ་སྟོང་བ་ཞིག་དང་འདྲ་བའི།

ཆགས་སྡང་གསལ་བའི་སྙིང་ཆུང་གི་དྲན་པ་སྐམ་པོ་དག་ལ་ཆར་དབབ་རོགས།

 
རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།