ཀྲུང་གོ་བོད་ཀྱི་དྲ་བ།

མི་ཡུལ་གྱི་གླུ་སྐད།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : རྡོ་རྗེ་དོན་གྲུབ།   སྤེལ་དུས། : 2024-05-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

གཅིག

ལོ་མང་པོ་ཞིག་གི་རྗེས་སུ་ངའི་དྲན་འཛིན་ལ་གཡོ་འགུལ་ཐེབས་ཤིང་གོམ་འགྲོས་ཀྱང་ཇེ་དལ་དུ་ཕྱིན་ཏེ། རང་གནས་ནས་བརྟན་གྱིག་གེར་ལངས་མི་ཐུབ་པའི་དུས་སུ། ད་དུང་ཡང་རང་ཉིད་ལོ་ན་ཕྲ་བའི་དུས་སུ་གྲོང་ཚོའི་མ་ཎི་ཁང་དུ་སྐོར་བ་རྒྱག་གིན་པའི་ལོ་ལོན་དེ་དག་དང་། རྒྱང་རིང་བའི་ཞོགས་པ་རེ་རེ་དང་ས་སྲོད་རེ་རེ་གངས་ཆུ་བཞིན་ངའི་དྲན་པའི་ཟབ་སར་བཞུར་འོང་ངེས། དེ་དུས། མདོ་དབུས་མཐོ་སྒང་གི་ལྟེབ་ཁུག་ཅིག་ཏུ་གཞིས་ཆགས་པའི་གྲོང་ཚོ་ག་ལ་བ་དེ་དང་གདོང་བ་སྐྱ་གོག་གེར་གཉེར་མས་ཁེངས་པའི་ལོ་ལོན་དེ་དག་ལ་སྙིང་རྗེ་བཟོད་མེད་ཅིག་སྐྱེ་སྲིད། དེ་བས་ཀྱང་། སྨོན་པ་བཤད་མི་ཤེས་པ་ཞིག་ཀྱང་སྐྱེ་སྲིད་པ་སུ་ཡིས་ཤེས་སམ།

ང་རང་འཆུག་མེད་ཚེ་དང་ཐོག་གྲོང་ཚོ་དེའི་ཁྱིམ་ཚང་ཕལ་ཆེ་བའི་གྱང་རྩིག་ནི་ས་རྐྱང་བས་བརྡུངས་ཏེ་གྲུབ་པ་ཤ་སྟག་རེད། ཡང་ཅིག་བཤད་ན། ཁང་བ་ཕལ་ཆེ་བའང་གྱན་གསུམ་ཡན་གྱིས་གྲུབ་པའི་ཤིང་ཁང་ཡིན་ཏེ། ད་ལྟ། གྲོང་ཚོ་དེའི་གྱང་རྩིག་ལ་འགྱུར་ལྡོག་བྱུང་ཡོད་པ་ཁོ་ཐག་རེད། ངའི་ཁ་ལན་པ་མིན་ཚེ་ས་རྐྱང་གི་རྩིག་པ་དེར་རྗེས་ལུས་ཀྱི་འདུ་ཤེས་འཛིན་མཁན་མང་སྟེ།ད་ལྟ། ས་རྐྱང་གི་གྱང་རྩིག་དེ་སོ་ཕག་གི་གྱང་རྩིག་ཏུ་བསྒྱུར་ཡོད་ཀྱང་སྲིད། རེད་དེ། གྲོང་ཚོ་ལ་འགྱུར་ལྡོག་ག་འདྲ་ཡོད་ཀྱང་། གྲོང་ཚོའི་མ་ཎི་ཁང་གི་ལོ་ལོན་བསོད་ནམས་ཅན་དག་གི་ངག་སྒོ་ལས་འཁྲུངས་པའི་འདོན་རྟ་དེར་འགྱུར་བ་ཡོད་མི་སྲིད། རེད་དེ། “ལོ་ལོན་དེ་དག་ལ་ཧོན་ལོག་རྒྱུ་ལོས་ཡོད།ལན་རེར། ངག་སྒོ་ལས་ཐོན་པའི་སྐད་ཆའི་ཚིག་འབྲུ་གཅིག་ཀྱང་མི་གསལ......”ཞེས་ཁ་ཅིག་གིས་འདྲ་མིན་གྱི་སྐད་ཆ་ག་འདྲ་ཞིག་བཤད་ཀྱང་། ངའི་དྲན་ཤེས་ཀྱི་ཟབ་སར་གངས་ཆུ་བཞིན་བཞུར་འོང་བའི་ཕྱིར་དྲན་ཁྲོད་ཀྱི་ལོ་ལོན་བསོད་ནམས་ཅན་དེ་ཚོའི་འདོན་རྟ་འགྱུར་མི་སྲིད། དེ་བས་ཀྱང་། གྲོང་ཚོ་དེའི་མ་ཎི་ཁང་གི་རབ་གསལ་དུ་ཉི་མར་ལྡེ་བཞིན་པའི་ཁྱི་གུ་ཁྲ་བོ་དེ་དག་ཀྱང་བརྗེད་ག་ལ་སྲིད།

ངས་ནམ་རྒྱུན་ཕ་ཡུལ་ལམ་གྲོང་ཚོ་ནི་ལོ་ལོན་བསོད་ནམས་ཅན་དེ་དག་གི་འདུ་གནས་དང་། ཨ་མས་བསྙལ་བའི་འོ་ཞོའི་དྲི་ངད་ལྡང་ཞིང་དུད་ཞགས་འཁྱིལ་སའི་ས་ཆུང་ཆུང་ཞིག་ལ་ངོས་འཛིན་བྱས་ཏེ་ལོ་མང་འགོར། ཕྱིས་སུ་ངས་ད་དུང་སྔགས་རྒན་རིག་འཛིན་གྱི་སྒྲུབ་གནས་ཡོད་ས་དེའང་ཁ་སྣོན་བྱས་པ་ཡིན། ཡང་ཅིག་བཤད་ན། ངས་སྙན་ངག་གིས་བརྒྱན་པའི་ཡུལ་གྲུ་ཁྱད་མཚར་བ་ཞིག་བློས་བསླངས་བྱེད་མི་ཐུབ། ཁ་ཅིག་གིས་ཁྱོད་ལ“འཆར་ཡན་གྱི་ཕྲ་ཕུང་ཉག་ཙམ་ཡང་མེད”ཟེར། ངས་ཁོ་ཚོའི་སྐད་ཆར་དོ་སྣང་ཡེ་ནས་བྱེད་ཀྱིན་མེད་ཅིང་། ལྐོག་ཏུ་ཁོ་ཚོས་བྲག་ལུང་སྡེ་བའི་ཨ་ཡེ་མཚོ་མོ་ལྟར་ངའི་བླ་བཙག་སྟེ་སྐད་ཆ་ཆུང་ཆུང་ཞིག་དབུགས་ལྒང་ལྟ་བུར་བཟོས་ཡོད་པ་ལའང་ཁ་ཡ་ཡེ་ནས་བྱེད་ཀྱིན་མེད།

གཉིས།

རེད་དེ། ཐེངས་ཤིག་སྐད་ཡིག་དགེ་རྒན་བཀྲ་ཤིས་ཀྱིས“དངོས་པོ་འབྲི་ཚུལ”ཞེས་པའི་རྩོམ་འབྲིའི་སློབ་ཁྲིད་ཅིག་ཏུ་དངོས་པོ་ཞིག་མཐོང་སྣེར་བཟུང་ནས་བརྗོད་བྱ་གཏན་ལ་འབེབས་ཚུལ་སོགས་ཀྱི་ཤེས་བྱ་གང་མང་ཞིག་ཁྲིད་རྗེས། ཁོས“གཟའ་འཁོར་འདིའི་རྩོམ་ཡིག་ཏུ་རང་ཉིད་ལ་འདྲིས་ཆ་ཡོད་པའི་དངོས་པོ་ཞིག་ཕྲིས་ཤོག”ཟེར།ངས་འཕྲལ་མར་གྲོང་ཚོའི་མ་ཎི་ཁང་གི་ལོ་ལོན་དེ་དག་གི་ཕྱག་བར་ན་ཟད་ཀྱིན་པའི་ཕྲེང་བ་ཡིད་ལ་ཤར་ཏེ།འཕྲལ་མར་རྩོམ་ཡིག་འབྲི་དེབ་སྟེང་དུ“ཕྲེང་བ”ཞེས་པའི་ཡིག་འབྲུ་གཉིས་གྲ་དག་ངང་བྲིས། བདེན་ཏེ། དེ་ནི་དབྱར་གཞུང་གི་ཆར་བ་ཟམ་ཟིམ་འབབ་ཅིང་སྨུག་པ་ལང་ལོང་འཁྱིལ་ཏེ་རི་ཤོད་རི་སྟེང་དུ་བགས་ཀྱིས་རྒྱུ་བཞིན་པའི་ཞོགས་པ་ཞིག་རེད། སློབ་ཁང་གི་མདའ་ཡབ་སྟེང་ནས་ཆུ་ཐིགས་སར་ཟགས་ཏེ་མདའ་ཡབ་ཀྱི་དྲང་ཐད་དུ་མཆོད་པ་བཤམས་པ་ལྟར་ས་སྟེང་དུ་ཀོང་བུ་བཏོད་ཅིང་ཀོང་བུ་རུ་ཆུ་གང་རེ་འཁྱིལ་འདུག སློབ་ཁྲིད་གྲོལ་རྗེས་ངའི་མདུན་རྒྱབ་ཀྱི་སློབ་གྲོགས་ཁ་ཤས་ཕྱི་ལ་སོང་སྟེ་མདའ་ཡབ་འོག་ཏུ་ལག་པ་བསྲིངས་ཤིང་ལག་མཐིལ་དུ་ཆུ་ཐིགས་བསྐྱིལ།དེ་ནས་ཕྱིར་སློབ་ཁང་དུ་བརྒྱུགས་འོངས་ནས་ལས་བྱ་འབྲི་བཞིན་པའི་སློབ་གྲོགས་ཚོའི་སྟེང་དུ་གཅོལ་བར་བྱེད། ཡིན་ཏེ། སྟབས་ལེགས་པ་ཞིག་ལ་ངའི་རྩོམ་ཡིག་འབྲི་དེབ་སྔར་ནས་མདུན་ཅོག་གི་སྒམ་ནང་དུ་འཇུག་ཐུབ་སོང་།རྩོམ་ཡིག་གི་ཁ་བྱང་ལས་གཞན་གཅིག་ཀྱང་འབྲི་མ་ཐུབ་ཀྱང་། ངས་གྲོང་ཚོའི་ནང་གི་གོས་དཀར་ལྕང་ལོ་ཅན་གྱི་སྔགས་རྒན་རིག་འཛིན་དང་ལོ་ལོན་དེ་དག་གི་འདོན་རྟ་དེ་ཞོགས་པ་དེའི་ཆར་བའི་རོལ་དབྱངས་དང་ལྷན་དུ་ངའི་རྣ་ལམ་དུ་མཆེད་འོང་བའི་ཚོར་བ་ཞིག་ངང་ངམ་ཤུགས་ཀྱིས་སྐྱེས་ཏེ། དེའི་མུར།རྩོམ་གྱི་ཁོག་འབུབས་གྲོང་ཚོའི་ནང་གི་ལོ་ལོན་དེ་དག་གི་ཕྱག་བར་ན་ཟད་ཀྱིན་པའི་ཕྲེང་བའི་རང་སྒྲ་ལ་དྲངས་ཏེ་འབྲི་དགོས་སྙམ་མོད། ལན་རེར། དེ་ནི་ལས་འབྲས་ཀྱི་མཚོན་རྟགས་གལ་ཆེན་ཞིག་ཀྱང་ཡིན་ངེས་ལ། ང་ལྟ་བུའི་མུག་ཕྲུག་ཅིག་གིས་ཅི་ཞིག་བྲིའམ། གང་ལྟར། ནམ་རྒྱུན་མཆོད་ཁང་དུ་བརྐྱངས་ཕྱག་འཚལ་གྱིན་པའི་རྨོ་མོ་དང་མ་ཎི་ཁང་དུ་སྐོར་བ་རྒྱག་གིན་པའི་ལོ་ལོན་དེ་དག་ལ་རྒྱུས་མངའ་ཨེན་ཙམ་ཡོད་ཅིང་།ཁོང་ཅག་གི་བཀའ་དྲིན་ལ་སྐྱབས་འགྲོ་བློ་ཐོག་ཏུ་ཆུ་བཞུར་བཞུར་བྱེད་ཀྱིན་པས་ངས་ངེས་པར་རང་ཉིད་ཀྱི་མཐོང་ཐོས་སུ་གྱུར་ཅིང་བག་ཆགས་ཟབ་པའི་སྣང་བརྙན་རེ་རེ་ཇི་བཞིན་དུ་བྲི་དགོས་སྙམ།

གོ་ཐོས་ལྟར་ན། དགེ་རྒན་བཀྲ་ཤིས་ཀྱིས་ངའི་རྩོམ་ཡིག་དེ་ཁོའི་ལས་གྲོགས་ཚོར་ངོམ་སོ་བྱེད་ཀྱིན་འདུག་ཅིང་། ལོ་ལོན་དག་གི་མི་སྣའི་སྣང་བརྙན་གསོན་ཉམས་དོད་པ་ཞིག་འདུག་ཟེར། འོན་ཏེ། སློབ་གྲོགས་ཁ་ཅིག་གིས“ཁྱོད་འདིས་འདི་འདྲ་ཞིག་འབྲི་རྒྱུ་ཀླད་པར་ཇི་ལྟར་འཁོར་བ་ཡིན་ནམ། ཁྱོད་འདིས་གྲྭ་རྒན་ཞིག་གིས་འབྲི་རྒྱུ་ཞིག་བྲིས་འདུག”ཟེར།གང་ལྟར། ངས་ཁོང་ཅག་གི་ཅི་བཤད་ལ་ཁ་ཡ་ཡེ་ནས་བྱེད་ཀྱིན་མེད།

གསུམ།

ཐེངས་སྔོན་མ་ཞིག་ལ་ཞིང་ཆེན་རིག་གནས་ཁང་གི་ཞིབ་འཇུག་ཚོགས་པ་ཞིག་གིས་ཤོག་བུ་སྣུམ་གྱིས་ཟིན་པ་ལྟར་མེད་བརླག་ཏུ་འགྲོ་བཞིན་པའི་དམངས་ཁྲོད་དུ་ལུས་པའི་འདོན་རྟ་དབྱངས་གསུམ་ཅི་རིགས་དང་སྒྲུང་གླུའི་དབྱངས་རྟ་སོགས་འཚོལ་ཞིབ་བྱས་ཏེ་གྲངས་མཛོད་ཅན་དུ་བསྒྱུར་པའི་ལས་གཞི་ཆེན་པོ་ཞིག་གི་སྐབས་དང་བསྟུན་ཏེ་ངེད་ཅག་གི་གྲོང་ཚོའི་ནང་ནས་ཟླ་ངོ་ཁ་ཤས་རིང་བསྡད་རྗེས། “སྔགས་རྒན་རིག་འཛིན་དང་ནམ་རྒྱུན་གྲོང་ཚོའི་མ་ཎི་ཁང་དུ་སྐོར་བ་རྒྱག་གིན་པའི་ལོ་ལོན་དེ་དག་ནི་སྐད་ཆའི་གཏེར་མཛོད་ཆེན་མོ་ཞིག་རེད”ཅེས་པའི་བཤད་རྒྱུན་ཞིག་རིམ་བཞིན་ཕྱོགས་བཞིར་ཁྱབ་སོང་།རེད་དེ། ངས་ཀྱང་ལོ་ལོན་བསོད་ནམས་ཅན་དེ་དག་གི་གུད་ནས་ཁོ་ཚོའི་སྒྲུང་གླུ་དང་མ་ཎིའི་འདོན་རྟ་དེ་དག་རྣ་བའི་བཅུད་དུ་བསྒོམས་ཏེ་ནར་སོན་པ་མ་ཡིན་ནམ། ཡང་ཅིག་བཤད་ན། སྐབས་དེར། གྲོང་ཚོའི་ནང་གི་ཁྱི་སྐྱག་ནང་མཛུབ་མོ་འཛུགས་པར་དགའ་བའི་ཁྱི་སྐྱག་འགས“ཁ་ནང་གི་རྩལ་ལག་ནང་དུ་ཞོག་དང་།ནམ་རྒྱུན་གར་ཡོང་མི་ཤེས་པའི་རྒྱུས་མེད་པའི་མི་དག་མཚམས་མི་ཆད་པར་གྲོང་ཚོ་འདིར་ཁྱི་ལུད་བཞིན་སྤུངས་འོང་དོན་ཅི་ཡིན་ནམ།

དེ་མིན། གྲོང་ཚོའི་ནང་གི‘གསེར་སོ’ཡང་རྒྱུས་མེད་པའི་བུད་མེད་ཅིག་གི་བསླུ་བྲིད་འོག་གྲོང་ཁྱེར་ཆེན་པོ་ཞིག་ཏུ་ཕྱིན་སོང”ཟེར།རེད་དེ། ད་ལྟ་ཞིབ་འདང་བརྒྱབ་ཚེ།ཁོང་ཅག་གི་སྐད་ཆར་གནས་ལུགས་ཡོད་པ་འདྲ། གྲོང་ཚོའི་ནང་གི་རྐྱལ་སྟོང་མགོ་སྟོང་དེ་དག་ལ“ཁྱི་སྐྱག”ཅེས་འབོད་ཀྱང་། ལན་རེར། ཁོང་ཅག་ནི་གྲོང་ཚོའི་ཉེན་ཁ་གང་ཞིག་ཐོག་མར་ཤེས་མཁན་ཡིན་ཏེ། དང་ཐོག་གསེར་སོ་མཐོང་མེད་དུ་གྱུར་པས་གྲོང་ཚོའི་ཡུལ་མི་ཚོས་ཨུ་ཚུགས་ཀྱིས་ཡར་མར་ལ་བཙལ་བའི་མཐའ་འབྲས་སུ་གྲོང་ཚོ་རུ་སླེབས་པའི་རྒྱུས་མེད་པའི་བུད་མེད་ཅིག་གི་རྗེས་བསྙེགས་ནས་གྲོང་ཁྱེར་དུ་ལོག་སོང་བའང་ཁྱི་སྐྱག་དེ་དག་བརྒྱུད་ནས་ཤེས་སོང་ཟེར།འོན་ཏེ། ཐེངས་འདིའི་དམངས་ཁྲོད་རིག་གནས་མྱུར་སྐྱོབ་ཆེད་དམིགས་ཚོགས་པ་དེ་ནི་ཁྱི་སྐྱག་དེ་དག་གི་བཤད་པ་ལྟ་བུ་ཞིག་ཡེ་ནས་མིན་ཏེ། མིང་ལ་བཀྲ་ཤིས་ཟེར་བའི་ལོ་ཡར་གསེག་ཅན་ཞིག་གིས་ཁོང་ཚོའི་ཡོང་ཁུངས་དང་རིག་གནས་སྡེ་ཁག་གང་གི་ཡིན་པ་སོགས་ངོ་སྤྲད་རྗེས་གྲོང་ཚོ་དེ་ནས་ཟླ་ངོ་ཁ་ཤས་རིང་རིག་གནས་རྩད་ཞིབ་ཀྱི་བྱ་བ་བསྒྲུབས་ཚར་རྗེས་ཕྱིར་ལོག་སོང་།གང་ལྟར། གོ་ཐོས་སུ་གྲོང་ཚོའི་ནང་དུ་ཕྱི་ནས་ཡོང་བའི་མི་འདྲ་མིན་ཅི་རིགས་སླེབས་གྲངས་ཇེ་མང་དུ་སོང་བ་དང་བསྟུན་ནས་གྲོང་ཚོའི་ནང་གི་ཡུལ་མི་དེ་དག་ལ་བྲེད་དངངས་དང་འཚུབ་ཆ་ཞིག་བསླངས་ཡོད་པ་ཁོ་ཐག་རེད། དེ་བས་ཀྱང་། ང་རང་སེམས་ཁྲལ་ཆེས་ཆེ་ས་དེ་ནི་ལོ་གཞོན་དེ་དག་གིས་ལོ་ལོན་བསོད་ནམས་ཅན་དེ་དག་གི་མགྲིན་ནས་འཁྲུངས་པའི་མ་ཎི་དང་སྒྲུང་གླུའི་ངག་རྟ་ཤེས་མཁན་ཇེ་ཉུང་དུ་འགྱུར་བཞིན་པ་དེ་ཡིན་འདུག

བཞི།

ང་རང་སྡོད་སའི་གཞིས་ཁུལ་འདིར་གཞི་རིམ་ནས་སླེབས་པའི་ལོ་ལོན་ཇེ་མང་དུ་འགྲོ་བཞིན་མཆིས། དེ་དག་ཀྱང་ལ་ལ་ནི་དགོས་དབང་གིས་ཚ་བོ་དང་ཚ་མོ་སྙོར་སྐྱོང་དང་སློབ་གྲྭར་ཕར་སྐྱེལ་ཚུར་ལེན་བྱེད་དུ་ཡོང་བ་འབའ་ཞིག་རེད། ལས་གྲོགས་ཁ་ཤས་ཀྱིས་དེ་དག་ལ“བུ་རྫི”ཟེར། དོན་དུ་དེ་འདྲ་ཞིག་ཡིན་པ་འདྲ།ལ་ལ་ཞིག་སྨན་ཁང་དུ་སྨན་བཅོས་བྱེད་དུ་འོང་བ་རེད། ཐེངས་སྔོན་མ་ཞིག་ལ་ངས་ཀྱང་ཞིང་ཆེན་སྨན་ཁང་གི་སྒོ་ཁ་ནས་མི་ཡུལ་གྱི་གླུ་སྐད་ངོ་མ་ཞིག་ཐོས་བྱུང་། དེའི་མུར། གདོང་བ་སྐྱ་གོག་གེར་གྱུར་ཅིང་ཐོད་པར་གཉེར་ཤུར་བབས་འདུག་པའི་ལོ་ལོན་སྙིང་རྗེ་བ་དེ་དག་ཡིད་ཀྱི་ཟབ་ས་གང་ཞིག་ཏུ་དྲོད་ཐིག་བཞིན་བབས་བྱུང་།ཉིན་དེའི་ཕྱི་དྲོར། ངས་ཁ་པར་གྱི་གྲོགས་ཚོམས་སུ“དེ་རིང་ངས་གྲོང་ཁྱེར་ནས་མི་ཡུལ་གྱི་གླུ་སྐད་ངོ་མ་དེ་ཐོས་བྱུང”ཞེས་པའི་ཡི་གེ་དེ་སྤེལ་རྗེས། ཡིག་འབྲུ་དེ་དག་གི་འོག་གཤམ་དུ་དཔྱད་གླེང་འདྲ་མིན་ཅི་རིགས་ཤིག་སྤེལ་བྱུང་།

“སྨན་ཁང་གི་སྒོ་ཁར་གླུ་སྐད་ཅིག་ཇི་ལྟར་ཡོད། གལ་ཏེ་ཡོད་ན་དེ་ནི་ངུ་སྐད་མ་ཡིན་ནམ། ཁྱོད་ཀྱི་སྣང་ངོར་ངུ་སྐད་ནི་གླུ་སྐད་ཅིག་ཡིན་ནམ། དོན་དུ་ཁྱོད་ཀྱིས་ཅི་ཞིག་བརྗོད་འདོད་པ་ཡིན།”

“ཀླད་པར་སྐྱོན་བྱུང་འདུག སྨན་ཁང་གི་སྒོ་ཁར་མིག་ལ་ཐོགས་ཚད་ཚང་མ་ནི་སྙིང་རྗེ་སྤྱད་ཏག་ཏག་ཡིན་པ་ལས་དེ་རུ་གླུ་སྐད་ཅིག་གང་ན་ཡོད་དམ།”

“ ཁོ་དེ་རིང་ཧོན་ལོག་འདུག ཨ་ཚ་ཚ་ཨ་ཡོ་ཡོ་ཨ་ཁ་ཁ་ཨ་ཆི་ཆི་ཚང་མ་གླུ་སྐད་དུ་གྱུར་འདུག ཧ་ཧ་ཧ······”

བདེན་ཏེ། ངས་ད་ལྟའི་བར་དུ་དེ་འདྲའི་ཡིག་ཐོག་གི་དཔྱད་གླེང་ངམ་ལབ་གླེང་འཁྲུག་ཆ་དོད་པོ་ཞིག་ཡེ་ནས་མཐོང་མྱོང་མེད། ངས་ཆེས་མཇུག་ཏུ“ངས་དེ་རིང་ངོ་མ་མི་ཡུལ་གྱི་ཆེས་སྙན་པའི་གླུ་སྐད་དེ་ཡང་བསྐྱར་ཐོས་བྱུང”ཞེས་སྤེལ་རྗེས་ཁ་པར་གྱི་སྒོ་གཟིམས་ཏེ། འགྲུལ་ཁང་གི་འབོལ་ཁྲི་དེར་རྒྱབ་བསྙེས་ནས་ཡུད་ཙམ་ལ་ཁ་རོག་གེར་བསྡད།ངོ་མ་རེད། སྨན་ཁང་གི་སྒོ་ཁར་མིག་ལ་ཐོགས་ཚད་ཚང་མ་སྙིང་རྗེ་སྤྱད་ཏག་ཏག་ཡིན་ཏེ། སེམས་ཁ་སྙི་བའི་མི་ཞིག་ལ་མཚོན་ན་ནང་སེམས་ཀྱི་སྐྱོ་ངལ་གང་ཞིག་མིག་མཐར་དྲིལ་ཏེ་མིག་མཐའ་རུ་གཤེར་གཟུགས་ཤིག་རང་བཞིན་གྱིས་འཁྱིལ་འོང་། གང་ལྟར། ཁོང་ཅག་གི་ཁྲོད་ན་ངའི་བསམ་ཚུལ་ངོ་མ་དེ་ཤེས་མཁན་གཅིག་ཀྱང་མི་འདུག་སྟེ།ཡང་ཅིག་བཤད་ན། ངས་ཁོ་རང་ཚོར་ཁག་དཀྲི་བྱས་ན་ཅི་ལ་འགྲིག་ཨང་།

ང་རང་གྲོང་ཚོའི་ཡུལ་མི་དག་དང་བྲལ་ཏེ་གྲོང་ཁྱེར་འདི་གའི་ལས་ཁུངས་ག་གེ་མོའི་བྱ་བར་འཐམས་ནས་ལོ་མང་འགོར་ཞིང་། ལན་རེར། ལས་གྲོགས་ཁ་ཤས་ཀྱིས་དུས་བཏབ་པ་ལྟར་ནང་མ་ཁང་ག་གེ་མོར་ཕྱིན་ཏེ་ཡར་མར་གྱི་ཁ་བརྡ་སྣ་ཚོགས་གློད་ཀྱིན་ཡོད་ཅིང་། ལས་གྲོགས་གྲགས་པས་བཤད་ན། “བདུད་བྷེའི་སྐད་ནི་མི་ཡུལ་གྱི་ཆེས་སྙན་པའི་གླུ་སྐད་ཡིན་ཏེ།ངས་ཁོའི་སྒྲ་ཐག་དང་འོད་སྡེར་ཚང་མ་ཤིང་སྒམ་ཞིག་ཏུ་བཅུག་སྟེ་ཉར་ཚགས་བྱས་ཡོད”ཟེར། ལས་གྲོགས་ལྷ་མོས་བཤད་ན། “ཨ་མ་ཞེས་འབོད་པ་ནི་མི་ཡུལ་གྱི་ཆེས་སྙན་པའི་གླུ་སྐད་རིགས་ཤིག་རེད། ནམ་རྒྱུན་ངས་ཨ་མ་ཞེས་འབོད་ཐེངས་རེར་སེམས་ལ་བཤད་མི་ཤེས་པའི་དགའ་སྣང་ཞིག་ཐོན་ཡོང”ཟེར། རེད་དེ།ཏག་ཏག་སྐབས་དེར། ཁོང་ཅག་གིས་ངའི་འདོད་ཚུལ་དེའང་ཁ་ནང་ནས་ལོན་ཅི་ཐུབ་བྱེད་མོད། ངས་ཡར་མར་གྱི་ཁ་བརྡ་ཞིག་བཙལ་ཏེ་ཁོང་ཅག་གི་དྲི་བར་གཡོལ་ཐབས་བྱས།

ལྔ།

ཨ་ཡེ་ཀླུ་མོས་ལག་ཏུ་ཕྲེང་བ་ཞིག་བཟུང་སྟེ་གཞིས་ཁུལ་འདིར་སྐོར་བ་རྒྱག་དུས་ནི་ཞོགས་པའི་ཆ་ཞིག་རེད། ཡང་ཅིག་བཤད་ན། མི་ཡུལ་གྱི་ཡོད་ཚད་གཉིད་ཅེས་པའི་ཐ་སྙད་དེའི་དབང་དུ་སོང་ཡོད་པ་འདྲ། ངའི་སྡོད་ཤག་ནིAཁུལ་གྱི་ཐོག་ཁང་བརྒྱད་པའི་བརྩེགས་རིམ་དང་པོར་ཡོད་ཅིང་། ར་སྐོར་གྱི་གྲག་འགུལ་ཅི་རིགས་གསལ་པོར་ཐོས་ཡོང་།ང་རང་ཆེས་སུན་སྣང་སྐྱེས་ཡུལ་ཏེ། ས་སྲོད་ཀྱི་དུས་སུ་ནུབ་འཚལ་འཐུང་ཚར་རྗེས་ར་སྐོར་དུ་ཡོང་སྟེ་རྩེད་འཇོ་ལ་རོལ་བཞིན་པའི་བྱིས་པ་དག་གི་འུར་སྐད་དང་། ཁྱིམ་མཚེས་ཨ་ཡེ་ཀྲང་ཚང་ལྟ་བུ་ཁྱི་གུ་གསོ་བར་དགའ་བའི་ཁྱིམ་ཚང་རེ་འགའི་ཁྱི་གུ་ཁྲ་བོ་དང་། ཁྱི་གུ་སྐྱ་རིལ། ཁྱི་གུ་སུག་བཙོག ཁྱི་གུ་ཨོ་ནག་སོགས་ཁྱི་གུ་མང་པོ་ལྷན་དུ་འདུས་ཏེ་འབ་སྐད་རྒྱག་པ་དེ་ཡིན།དེ་ལྟར་གཟའ་འཁོར་སྔོན་མའི་གཟའ་མིག་དམར་གྱི་ཞག་གང་བོར་ང་གཉིད་མ་ཁུགས་པའི་རྐྱེན་གྱིས་གན་རྐྱལ་དུ་ཉལ་ནས་མཚན་བསྐྱལ་ཐབས་བྱས།

ཨ་ཡེ་ཀླུ་མོ་ནི་འབྲོག་ཕྱོགས་ནས་ཡོང་བའི“བུ་རྫི”ཞིག་རེད་དེ། ར་སྐོར་འདི་ནས་ངེད་གཉིས་ཡར་མར་འགྲོའི་ཞོར་དུ་ཐེངས་མང་ཞིག་ལ་འཕྲད་མྱོང་ཞིང་། མོའི་གུད་དུ་བཅར་ཏེ་ཁ་བརྡ་སྣ་ཚོགས་གློད་པ་དེ་ནི་ཆེས་སྤྲོ་སྣང་ལྡན་པ་ཞིག་རེད། མོས་བཤད་པ་ལྟར་ན། ལྷ་སར་རྐང་ཐང་གིས་ཐེངས་བཞི་ལ་སོང་མྱོང་ཞིང་།《བསྟོད་སྨོན་ཕྱོགས་བསྒྲིགས》བློ་ཐོག་ནས་ཆུ་བཞུར་བཞུར་ཡིན་ཟེར། དེ་ལྟར། ང་རང་ནི་མོ་དང་རྒྱུས་མེད་ཅན་གྱི་ཕ་རོལ་པ་ཞིག་ནས་རྒྱུས་ཡོད་ཅན་དུ་གྱུར། ཉིན་དེའི་ཞོགས་པར་སྒེའུ་ཁུང་ཕྱི་རོལ་གྱི་རྡོ་ཀ་མ་རུ་བཏིང་བའི་རྐང་ལམ་དེ་ནས་མཆེད་པའི་ཧྲག་སྒྲ་ཞིག་དང་ངག་རྟ་གང་ཞིག་ངའི་རྣ་བར་ལྷུང་སོང་།དེའི་མུར། ངས་སྒེའུ་ཡོལ་ཕྱེ་སྟེ་བལྟས་པའི་མོད་ལ་ཨ་ཡེ་ཀླུ་མོ་རེད། ཏག་ཏག་མོ་རང་རེད། འཇིག་རྟེན་འདིའི་ཆེས་སྤྱིར་བཏང་གི་ཞོགས་པ་ཞིག་ལ་ངས་ཡང་བསྐྱར་མི་ཡུལ་གྱི་ཆེས་སྙན་པའི་གླུ་སྐད་ཐོས་བྱུང་། ཏག་ཏག་སྐབས་དེར། ངས་གྲོང་ཁྱེར་འདིའི་གྲུ་ག་གང་རུང་དུ་ཨ་ཡེ་ཀླུ་མོ་ལྟ་བུ་གང་མང་ཞིག་ཡོད་པར་རིགས་འདེད་བྱས།རེད་དེ། རྐང་ལམ་གྱི་གཡས་གཡོན་དུ་བཀར་བའི་ལམ་སྒྲོན་གྱི་གློག་འོད་གསལ་བའི་དབང་གིས་ངས་མོའི་ལག་གི་ཕྲེང་བའང་གསལ་པོར་མཐོང་བྱུང་། ཡང་གཅིག་བཤད་ན། ཉིན་དེའི་དགོང་མོར་ང་རང་གཉིད་མ་ཁུགས་པའི་རྐྱེན་གྱིས་ངས་ད་གཟོད་ཨ་ཡེ་ཀླུ་མོས་ཐོ་རངས་ཀྱི་ཆ་ལ་ཁ་རོག་གེར་སྐོར་བ་རྒྱག་གིན་པ་ཤེས་མོད།དེ་ལྟར་ན། མོས་ཐོ་རངས་གང་མང་ཞིག་གི་ཆ་ལ་ར་སྐོར་འདིར་སྐོར་བ་རྒྱག་གིན་ཡོད་པ་ཁོ་ཐག་རེད། ང་རང་སྒེའུ་ཁུང་གམ་ནས་ཡུད་ཙམ་བསྡད་རྗེས། གྲོང་ཚོའི་ནང་གི་ལོ་ལོན་བསོད་ནམས་ཅན་དེ་དག་ཡང་བསྐྱར་དྲན་པའི་གཞི་རུ་འཁོར་བྱུང་། ཁོང་ཅག་ཀྱང་ཨ་ཡེ་ཀླུ་མོ་ལྟར་གྲོང་ཁྱེར་དུ“བུ་རྫི”ལ་ཡོང་བའི་དབང་དུ་བཏང་ན།ཨ་ཡེ་ཀླུ་མོ་ལྟ་བུ་ཡིན་པ་ཁོ་ཐག་ཡིན་ལ། དེ་མིན། ཨུ་ཚུགས་དང་ངོ་དགའ་ཅི་འདྲ་བྱས་ཀྱང“བུ་རྫི”ལ་མི་འགྲོ་མཁན་ཡོད་ཀྱང་ཁྲིགས་ཁྲིགས་མེད། ངས་དེ་ལྟར་སྒེའུ་ཁུང་གི་གུད་ནས་ཡོང་རྒྱུ་མེད་པའི་སྟོང་འདང་གང་མང་ཞིག་བརྒྱབ་རྗེས། འཁྱག་སིབ་སིབ་ཀྱི་སྣང་བ་ཞིག་འགོག་མིན་དུ་སྐྱེས་པའི་མོད་ལ་གྲང་འདར་དང་གློ་ལུ་ཡང་མོ་ཞིག་ཀྱང་བརྒྱབ་བྱུང་། དེའི་མུར།ངས་སྒེའུ་ཁུང་གཏན་མེད་པ་ལའང་ཡིད་འཇོག་བྱུང་། ངས་སྒེའུ་ཁུང་དམ་པོར་གཏན་རྗེས་སྒེའུ་ཡོལ་ཡང་བརྒྱབ་སྟེ་ཕྱིར་མལ་ཁྲིའི་སྟེང་དུ་ལོག

གྲོང་ཁྱེར་འདིའི་སྨན་ཁང་གི་སྒོ་ཁ་དང་གཞིས་ཁུལ་སོགས་ཀྱི་གྲུ་ག་གང་རུང་ནས་མི་ཡུལ་གྱི་ཆེས་སྙན་པའི་གླུ་སྐད་རེ་ཐོས་འོང་སྟེ། དེ་ནི་གྲོང་ཚོ་དང་རྒྱང་དུ་བཀྱེད་ཅིང་བས་མཐར་གནས་པའི་ང་ལ་མཚོན་ན་ནང་སེམས་ཀྱི་སྙི་ས་གང་ཞིག་ལ་དྲོད་ཤ་སྟེར་བྱེད་ཀྱི་རྒྱུ་གལ་ཆེན་ཞིག་ཏུ་གྱུར་ཡོད་པ་སུ་ཡིས་ཤེས་ཨང་། ལན་རེར། ངས་མདོ་དབུས་མཐོ་སྒང་གི་ལྟེབ་ཁུག་གང་རུང་ནས་དགོས་དབང་གིས་གྲོང་ཁྱེར་དུ“བུ་རྫི”རུ་ཡོང་བའི་ཨ་ཡེ་ཀླུ་མོ་ལྟ་བུ་གང་མང་ཞིག་ལ་ཡིད་འཇོག་བྱུང་། དེ་བས་ཀྱང་། ཁོ་རང་ཚོའི་སྐྱོ་ངལ་ཞིག་ཀྱང་སེམས་ཀྱི་ཟབ་ས་གང་ཞིག་ནས་ཆུ་ཁོལ་བཞིན་གདུས་འོང་། །

 
རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།