ཀྲུང་གོ་བོད་ཀྱི་དྲ་བ།

ཁྱི་ཡི་སྐད་ཆ། (ཞར་བཀོད་གཉིས།)

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : ཞི་བདེ་ཉི་མ།(ཟི་ལིང་།)   སྤེལ་དུས། : 2024-04-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

སྐད་ཆ་ལབ་རྒྱུར་ཆེས་དགའ་བ་ནི།

ངེད་ཚང་གི་ཁྱི་རྒན་དོམ་ནག་རེད།

ཁོ་ཡི་སྐད་ཆ་ཧ་ཅང་སྟབས་བདེ་རེད།

ཐོག་མར“འབ”ཟེར།

དེ་ནས“འབ་འབ”ཟེར།

དེ་ནས“འབ་འབ་འབ”ཟེར།

དེ་ནས“འབ་འབ་འབ་འབ་འབ་འབ”ཟེར།


སྐབས་རེར་ཁ་གནམ་ལ་གཏད་དེ་འབ།

སྐབས་རེར་ཁ་རྒྱང་རིང་ལ་ཕྱོགས་ཏེ་འབ།

སྐབས་རེར་མགོ་གྲོད་ཁོག་ལ་བཞག་སྟེ་འབ།

སྐབས་རེར་མཆུ་ཏོ་ས་རུ་བཞག་སྟེ་འབ།

སྐབས་རེར་ལྟོ་བ་འཐུང་ཞོར་དུ་འབ།


སྐད་ཆ་དེ་དག

སྐབས་རེར་མཐོ།

སྐབས་རེར་དམའ།

སྐབས་རེར་མྱུར།

སྐབས་རེར་དལ།

སྐབས་རེར་ཕྲ་ཞིང་འཛེར།

སྐབས་རེར་སྦོམ་ཞིང་ལྷོད།

སྐབས་རེར་འགག་ཅིང་བཙིར།


ངེད་ཚང་གི་ཁྱི་རྒན་ལ་དུས་ཚོད་མེད།

ངེད་ཚང་གི་ཁྱི་རྒན་ལ་ཉིན་མཚན་མེད།

ངེད་ཚང་གི་ཁྱི་རྒན་ལ་རྨི་ལམ་མེད།

ཁོ་ནི་མཚན་སྲུང་པ་ཞིག་ཡིན།

ཁོ་ཡིས་ནམ་རྒྱུན་ངའི་རྨི་ལམ་ཉུལ་བཞིན།

ཚེས་གཅིག་ལུས་གཅིག་ལ།

ཚིག་གཅིག་བསྐྱར་ཟློས་བྱེད།

“འབ་འབ་འབ་འབ་འབ་འབ”ཟེར།


ཁྱོད་ཀྱི་ལུད་པ་དང་འབྲེལ་བའི་ང་།

ལུད་པ་འཕེན་རྒྱུ་དེ།

མཚམས་བཞག་མྱོང་མེད།

ལུད་པ་འགེབ་སྲུང་བྱེད་རྒྱུ་དེ།

མཚམས་བཞག་མྱོང་མེད།


ཁྱོད་ཀྱི་ལུད་པ་དེ།

སྦ་གསང་མེད་པར།

ངའི་ལག་མཐིལ་ལ་འཁྱིལ།

ཁ་དོག་སེར་པོ་སེར་པོ།

འགུལ་གྱིན་པའི་བསླབ་བྱ།


ངའི་ལས་ལ་བརྩོན་པའི་ལག་པ།

ལུད་པའི་ནང་།

བགྲང་ལས་འདས་པའི་ཐ་ཚིག

དེ་མཐུད་སྦྱོར་བྱེད་མཁན།

མཚམས་མེད་པར་ལོག་ཤོག

དེའི་རམ་སྐྱོར་གྱི་དཔུང་ཆེན།

འཚང་ཀ་ཤིག་ཤིག་གིས་ལོག་ཤོག

རང་གིས་རང་ལ་ལྡིང་སྐོར་རྒྱོབ་ཤོག

ནད་པ་བརྒྱ་ཡི་ལུད་པ།

ནད་པ་སྟོང་གི་ལུད་པ།

ཇི་སྲིད་རུལ་བའི་བར་དུ།

དེ་སྲིད་གློ་བ་སྦ་གསང་བྱ་རོགས།


འཚུབ་ཆ་ལངས་དུས། ལུད་པའི་ནང་།

ཕྲ་ཕུང་འགུལ་ན་འགུལ་དུ་ཆུགས།

ལྦུ་བ་ཐོན་ན་ཐོན་དུ་ཆུགས།

ལུད་པའི་ངོས་སུ་འཚེར་བའི།

སུས་ཀྱང་མི་མཐོང་བའི་མིག

དེ་སུ་ལ་འབྲེལ་བ་ཟབ་པ།

གམ་གྱི་ཆུ་བོ་ལ་དྲིས་ཆོག


གཉིད་དུ་ཡུར་པའི་ལུད་པ།

ཁྱོད་གཅིག་པུའི་འབྱོར་བ་ག་ལ་ཡིན།

ང་གཅིག་པུའི་འབྱར་བག་ག་ལ་ཡིན།

གློ་བའི་གཏིང་འོག་ལ་ཞིབ་ཉན་ཐེངས་ཤིག་བྱོས།

ད་དུང་ཅི་ཞིག་ལྷག་འདུག་གམ།


སྒོ་ང་།

ནམ་མཁའི་མཐོངས་ཀྱི་སྒོ་ང་དེ།

དོན་དམ་སུས་བཏང་བའི་སྒོ་ང་རེད།

སྤྲིན་པ་དང་ལྷན་དུ།

ཕར་འགྲིལ་ཚུར་འགྲིལ།


ཡུལ་མི་ཚོས།

རང་ཉིད་གདན་དུ་བཏིངས།

སྒོ་ང་དེ་དུས་ནམ་ཞིག་ལ།

མར་ཟགས་ཡོང་བར།

སེམས་ཆུང་གིས་རེ་སྒུག་བྱེད།

སྒོ་ངའི་སེམས་ཀྱིས་མ་བཟོད་པར།

“སྙིང་ཉེ་བའི་མི་ལགས།

ང་ཚོ་ནི་ཁྱིམ་ཚང་གཅིག་གི་རེད།

ཁྱེད་ཅག་ནི་ངས་བཏང་བའི་སྒོ་ང་ཡིན”ཟེར།


ལུང་པའི་ནང་།

གཉེན་ཉེ་ཚོས་བྲང་ཁར་ཐལ་ལྕག་གཞུ་བཞིན།

“ངའི་སྙིང་ཁའི་མེ་ལོང་ནི།

ཁྱོད་རང་ནར་སོན་ས་ཡིན། ངས་ནམ་ཡང་།

གྲ་སྒྲིག་ཨང་གསར་བྱས་ཡོད་ལགས”ཟེར།

 
རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།