ཀྲུང་གོ་བོད་ཀྱི་དྲ་བ།

བཅོལ་གླུ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : (མཚོ་བྱང་།) དགེ་ལེགས་རྒྱལ་མཚན།   སྤེལ་དུས། : 2024-03-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

སྟོད་ཀྱི་རི་གསུམ་རྩེ་ནས། །

རླུང་བུ་ལན་གསུམ་རྒྱུ་ཡོང་། །

ཨ་མའི་དཔྲལ་བའི་རི་མོ། །

གཟུགས་མེད་རླུང་བུས་འཁྱེར་རོགས། །


སྨད་ཀྱི་ལུང་གསུང་མདོ་ནས། །

གཙང་ཆུ་དལ་གྱིས་འབབ་པ། །

ཨ་མའི་མིག་ཆུའི་ཕྲ་མོ། །

ཆུ་མོའི་རླབས་ལ་བརྒྱུས་ཡོད། །


མཚན་ལྡན་བླ་མའི་དྲུང་ནས། །

སྐྱབས་འཇུག་ཡང་ཡང་ཞུས་པས། །

ཨ་མའི་ཚེ་སྨད་བདེ་སྡུག །

བླ་མའི་བྱིན་ལ་གཏད་སོང་། །


སྐྱེས་རིའི་ལུང་གསུམ་མདོ་་ནས། །

ལྷ་བསང་དགུང་ལ་མཆོད་པ། །

ཨ་མའི་རླུང་རྟའི་རི་མོ། །

ཡུལ་ལྷའི་ཐུགས་ལ་བརྐོས་ཡོད། །


དཔྱིད་གསུམ་ན་ཁའི་མེ་ཏོག །

འདབ་བརྒྱ་ལྷུག་པོར་བཞད་དུས། །

ཨ་མའི་ཕྱིར་དྲན་ལོ་ཟླ། །

ཡིད་ལ་ལྦ་ལེར་ལྦ་ལེར། །


དབྱར་གསུམ་ཆར་གྱི་རྒྱུན་ཐག །

དེ་འདྲའི་ལྷོད་ལྷོད་མ་གནང་། །

ཨ་མའི་སྐུ་ལུས་འདབ་མ། །

ཆར་ཆུས་བརྡབ་ཀྱིན་ལྕི་འགྲོ། །


སྟོན་གསུམ་བད་ཀྱི་གཤེད་མ། །

ཞོགས་ལ་གཙེས་གཙེར་མ་གནང་། །

ཨ་མའི་འཛུམ་ཞལ་ཡག་པོ། །

མི་འདོད་སད་ཀྱིས་བརླག་འགྲོ། །


དགུན་གསུམ་ཁ་བའི་འདབ་མ། །

ལ་འཕུར་ལུང་འཕུར་མ་གནང་། །

ཨ་མའི་བརྩེ་བའི་མིག་ཟུང་། །

ཁ་བ་དཀར་པོར་བྱིང་འགྲོ། །


 
རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།