ཀྲུང་གོ་བོད་ཀྱི་དྲ་བ།

སྙན་ངག།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : (ཡུས་ཧྲུའུ)མེ་ཆར།   སྤེལ་དུས། : 2024-03-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ང་རང་ནམ་རྒྱུན་ཆེས་སྤྱིར་བཏང་གི་འཚོ་བའི་མངར་སྐྱུར་ཁ་གསུམ་གྱི་ཁ་དོག་དག་ཡིག་ འབྲུར་ཕབ་པར་དགའ་བ་ནི།

སུ་ཞིག་ལ་ངོ་བསྟོད་དང་རང་ཉིད་ཀྱི་ངོ་སོ་ཙམ་གྱི་ཆེད་མ་ཡིན་པར།

དེ་ནི་ཆེས་ཕལ་བའི་རང་ཉིད་ལ་སྤྲད་པའི་ཕྱིར་དྲན་དང་།

དེ་བས་ཀྱང་རང་གི་མི་ཚེའི་འགྲུལ་བཞུད་ཀྱི་གོ་རིམ་ཁྲོད་དགའ་སྡུག་གི་རྣམ་པ་གང་རུང་ ཟིན་ཐོ་རུ་བཏབ་པའི་དྲན་རྟེན་ཞིག་ཡིན།

དེ་དག་ནི་ལོ་དང་ཟླ་བས་ང་ལ་གནང་བའི་ཐ་སྙད་དང་།

འཚར་ལོངས་ཀྱི་ཁྲོད་ནས་ང་ལ་བསྩལ་བའི་གདོང་གི་གཉེར་མ་རེ་རེ་ཡིན།

མི་ཚེའི་འགྲུལ་བཞུད་རིང་མོའི་ལམ་ཁར།

ལོ་ཟླའི་གཙང་བོ་གང་ལ་བཞུར་ཡང་།

སུན་སྣང་དང་དགའ་སྐྱོ་འདྲེས་མའི་གཏམ་རྒྱུད་ཀྱི་རི་མོ་དག

ངས་ཕྱི་མིག་དང་ཞེན་ཆགས་ཀྱི་ཁྲོད་དུ་བཞེངས།

ལོ་ཟླའི་ཆུ་བོ་དང་འགྲོགས་ནས།

ངས་བརྗོད་མི་ཐུབ་པའི་རྒྱང་རིང་གི་དྲན་གདུང་དང་ན་ཟུག

མི་ཚེའི་གོ་རིམ་གྱི་དགའ་སྐྱོ་ཆགས་སྡང་གི་སེམས་ཚོར་གྱི་བྱུང་བ་མཐའ་དག

སྙན་ངག་ལ་བསྟིམས་པ་དེ་ནི་ངའི་མི་ཚེའི་ཆ་ཤས་ཤིག་ཏུ་རློམ་ཡོད།

སྙན་ངག་ནི་རྣམ་ཤེས་ཀྱི་གཏིང་རུམ་ལས་འཁྲུངས་པའི་སྙན་འཇེབས་ཀྱི་དབྱངས་རྟ་དེ་ཡིན་ལ།

ནང་སེམས་ཀྱི་མཚོ་མོར་བབས་པའི་ཡིད་འོང་གི་རླབས་རིས་རེ་རེ་ཡིན།

ང་རང་སྙན་ངག་གི་འཇིག་རྟེན་དུ་ཐིམ་ཐེངས་རེར།

སེམས་སུ་བརྗོད་ཐབས་བྲལ་བའི་སེམས་འགུལ་དང་བདེ་སྐྱིད་ཅིག་འབྱུང་།

སྙན་ངག་ཅེས་པའི་ཐ་སྙད་དེ་ནི།

དེ་འདྲའི་གཏིང་ཟབ་པ་ཞིག་དང་བརྗོད་མཐའ་བྲལ་བ་ཞིག

གླེང་ཡང་ཚར་རྒྱུ་མེད་པ་དང་བྲིས་ཀྱང་རྫོགས་མཐའ་མེད་པ་ཞིག

གང་ལྟར།

ཁོ་མོའི་དགའ་སྡུག་གི་ཚོར་བ་ལ་མཐའ་མེད་ན།

སྙན་ངག་ལ་རྫོགས་མཐའ་དེ་བས་ཀྱང་ག་ལ་ཡོད།

དུས་དང་རྣམ་པ་ཀུན་ཏུ་ང་ལ་སྙིང་སྙེ་བའི་ཡིག་ཚོགས་དུ་མ་ཞིག་ཡོད་པས།

ང་ནམ་ཡང་ཁེར་རྐྱང་མིན་ལ།

ངའི་འཚོ་བ་ལ་ཁ་དོག་གིས་ཁེངས་སྲིད།

མདོར་ན། ང་སྙན་ངག་ལ་དགའ་བའི་བརྩེ་སེམས་ནི་ངའི་ཚེ་སྲོག་ཁྲོད་མེད་དུ་མི་རུང་བའི་ཆ་ ཤས་ཤིག་ཏུ་གྱུར་ཡོད་ལ།

ནམ་ཡང་ཤ་རུས་ཀྱི་བར་མཚམས་སུ་ཡོད།

ངག་གི་སྒོ་མོ་ན་ཡོད། །

 
རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།