ཀྲུང་གོ་བོད་ཀྱི་དྲ་བ།

ཁྱེད་ཀྱི་ཁམས་བདེ་དགུང་གི་སྐར་མར་འདྲི།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : འབྲོང་སྐྱེས་ལྕགས་ཐར་རྒྱལ།   སྤེལ་དུས། : 2024-03-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཁུ་སིམ་ས་རུ་ལྷུང་བའི་མཚན་གཞུང་ལ། །

འུར་ཟིང་ཕྱོགས་ཀྱི་འགྲུལ་བ་རྒྱང་དུ་ཆས། །

འོད་སྣང་ཟ་ཟིའི་ཞེན་པ་རླུང་ལ་ཁེན། །

ཁྱེད་ཀྱི་ཁམས་བདེ་དགུང་གི་སྐར་མར་འདྲི། །

སྲོད་ལ་འཇབ་པའི་ཟླ་འོད་འཁྱམས་པོ་ཡིས། །

འཁྲེང་བའི་སྐར་ཚོགས་དྲན་པའི་ནམ་མཁར་བཀུགས། །

སྐྱོ་བའི་དངན་པ་སྤྲིན་པའི་གཟུགས་ལ་འཇུས། །

སྨག་རིམ་གམ་དུ་ལྷགས་ན་དྲན་གདུང་ལྕི། །

མ་འཕྲད་སེམས་ཀྱི་དྲན་པ་སྤྲིན་ལ་བསྐུར། །

གཏམ་ལ་ཨ་ལན་མ་བྱུང་ཆར་བས་བརྫིས། །

མ་མཇལ་ཡིད་ཀྱི་སྐྱོ་གདུང་ཟླ་བར་བཤད། །

སྐར་ཚོགས་མངགས་ཏེ་ང་ལ་སྐྱོ་རོགས་མཛད། །

ཕྱི་ལ་དབྱར་ཟླ་དྲུག་པའི་མཛེས་སྡུག་བཀྲ། །

ནང་ལ་འཁྲེང་ཞེན་རླུང་གི་སྦྱོར་བ་བཤམས། །

ཕྱི་ནང་གཉིས་ཀྱི་འགལ་འདུས་གཙེས་གྱུར་ཀྱང་། །

མིག་མདུན་ཁོ་ན་ཉིད་ཀྱི་གཟུགས་བརྙན་འཆར། །

ཉི་ཟླ་གནམ་ལ་བཏེགས་པའི་བསོད་ནམས་དང་། །

མེ་ཏོག་ས་རུ་དགོད་པའི་འཛུམ་མདངས་གཉིས། །

ལག་ཟུང་བསྲིངས་ནས་ཁྱེད་ཀྱི་པང་བ་རུ། །

གནམ་ས་གཉིས་ཀྱི་གཞིས་ཤིག་བསྐྲུན་ན་བསམ། །

ཤེས་མེད་ང་ཡི་ལན་ཆགས་ཁུར་བོ་ཡང་། །

ལས་ཀྱི་སྡོང་མགོར་བབས་བའི་ཁ་བ་བཞིན། །

ཁྱེད་ཀྱི་ཞལ་འཛུམ་འོད་ཟེར་དཀྱིལ་འཁོར་གྱིས། །

མི་རྟག་འཁོར་བར་རྟག་བརྟན་བདེ་སྐྱིད་རྙེད། །

ལས་སྐལ་ལྷ་ལ་བཅོལ་བའི་བྱིན་མཐུ་དང་། །

གསོལ་བ་མི་ལ་བཏབ་པའི་སྐྱབས་འཇུག་ལས། །

འདང་བརྩེ་ངང་བ་ཟུང་གི་ཆ་ལ་བཞག །

གྲམ་གཞུང་ཆུ་མོ་སྐམ་རུང་འབྲལ་མེད་ཡིན། །

ཚེ་རབས་དུ་མའི་བསགས་འབྲས་ལུས་འདིར་སྨིན། །

ཚེ་གཅིག་འཁོར་བའི་ཐབ་ཚང་ཁྱེད་ཀྱིས་ཟུངས། །

དཀའ་སྡུག་ལས་ཀྱི་དྲག་ཆར་ང་ཡིས་འགོག །

བདེ་སྐྱིད་དྲོད་ཀྱི་མེ་ཁ་ཁྱེད་ཀྱིས་གསོས། །

ཆུང་འདྲིས་མིན་ཡང་སེམས་པ་མཐུན་ལུགས་ཀྱིས། །

བདག་གི་བརྩེ་བའི་ཉ་མོ་ལྕགས་ཀྱུས་ཟིན། །

ཐོད་པའི་ཁ་ཡིག་སྐྱིད་སྡུག་གཅིག་ལ་བྲིས། །

མི་འགྱུར་དམ་ཚིག་རི་མོ་ཉི་ཟླར་གསལ། །

མཐོ་བ་ཉི་ཟླ་གཉིས་ཀྱི་འཁོར་སྐྱོད་དང་། །

དམའ་བ་ཆུ་ཕྲན་སྟོང་གི་བཞུར་རྒྱུན་ཡང་། །

ཁྱེད་ཀྱི་མཛེས་སྡུག་ཁོ་ནར་ཆགས་པའི་སླད། །

ཆེད་དུ་ཉམས་འགྱུར་རྫོགས་པའི་བསླུ་བྲིད་གཏོང་། །

འདས་སོང་བགྲང་བྱ་བདུན་གྱི་ཡར་སྔོན་ནས། །

ལས་སྨོན་ཞག་པའི་མདུད་པ་ཁྱེད་ལ་བསྐོན། །

སྐལ་བ་སྟོང་གི་འཁོར་བའི་ནགས་ཀླུང་ནས། །

སྐྱིད་སྡུག་རི་མོ་གཅིག་པའི་གཤོག་ཟུང་ཡིན། །

མ་གཞི་འགྲོ་བའི་དུས་གསུམ་སྡུག་བསྔལ་གང་། །

འདྲེན་པ་མཆོག་གིས་སེལ་བ་ཡིན་མོད་ཀྱང་། །

ང་ཡི་ལས་ཀྱི་སྡིག་སྒྲིབ་ཉོན་མོངས་དག །

ཁྱེད་ཞལ་འཛུམ་གྱིས་མ་གཏོགས་སེལ་ནུས་མིན། །

སེམས་སུ་ཁྱེད་རང་འཁྲུངས་པའི་སྔ་རོལ་ནས། །

གནམ་ལ་ཉི་ཟླ་མེད་ཀྱང་འོད་སྣང་འབྱེད། །

ས་རུ་དུས་བཞི་མེད་ཀྱང་མེ་ཏོག་བཀྲ། །

གནམ་ས་གཉིས་ཀྱི་ཚབ་ཏུ་ཁྱེད་རང་རུང་། །

སྔར་སོང་རྔུལ་ཆུས་བསྐྲུན་པའི་ལང་ཚོ་དང་། །

ད་ལྟའི་དཀའ་སྡུག་ཐེག་པའི་ན་ཚོད་འདི། །

མ་འོངས་རབ་རིབ་ལམ་གྱི་གཏད་སོ་ཡོངས། །

ཁྱེད་ཉིད་ཁོ་ནའི་ཕྱོགས་སུ་འདུར་ནས་འོངས། །

ང་ཡི་ལུས་ངག་ཡིད་ཀྱི་གཙང་འགྲམ་དུ། །

ཁྱེད་ཀྱི་གཤིས་ཡག་ངང་ཆུང་བབས་པ་ནས། །

འཁོར་བར་ངེས་འབྱུང་སྐྱེས་པའི་མི་རྣམས་ཀྱི། །

གཟུགས་འཛིན་སྤྱན་གྱིས་མཚར་སྡུག་མ་རྙེད་སྙམ། །

མེད་དུས་ནང་སེམས་སྟོང་བའི་སྨྲེང་བ་དག །

འཛིན་མེད་ལོ་ཟླའི་གཟུགས་ཀྱི་ཁ་དོག་ལ། །

ན་ཟུག་ཁྲི་མ་འབུམ་གྱི་ཐ་སྙད་བརྐོས། །

འཇིག་རྟེན་མི་ཡིས་མི་ཤེས་གསང་བ་ཡིན། །

སད་ན་དྲན་ཤིང་འཇོག་པའི་ཉི་འོད་ལ། །

ངེད་གཉིས་མཉམ་དུ་འཛོམས་པའི་ཡུལ་དང་དུས། །

འཁྱོག་ཐིག་གཅིག་ཏུ་བསྐྱར་ཟློས་སྟོང་བསམ་འཆང་། །

འཛིན་རྒྱུ་བྱུང་ན་སྙམ་པའི་ཨུ་ཚུགས་བྱས། །

ཉལ་ན་རྨི་ལམ་མང་བའི་སྐར་ཚོགས་ལ། །

ཁྱོད་ཉིད་ཁོ་ན་དྲན་པའི་གཏམ་རྒྱུད་དག །

མིག་ཆུས་བྲིས་ཏེ་དྲི་བཞོན་རླུང་ལ་བསྐུར། །

དེ་ལ་བདེ་མོ་ཡིན་པའི་སྐད་ཅིག་ཞོག །

 
རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།