ཀྲུང་གོ་བོད་ཀྱི་དྲ་བ།

ནགས་ལ་ནགས།(ཞར་བཀོད་གཅིག)

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : རོང་པོ་རང་འཚོལ།   སྤེལ་དུས། : 2024-03-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཤུགས་རིང་མུན་པ་ཞིག་བཏུངས་པས། །

མཁའ་མཐའི་གློག་དམར་དེ་འཇགས་སོང་། །

ཨོ་ལོར་གཅེས་གཅེས་ཤིག་བྱས་པས། །

མིག་ཆུ་ཕོར་པ་གང་བཞུར་ཐལ། །

རྫོང་ནི་ཤོག་བུ་ཡི་རྩིག་པ། །

མཁར་ནི་བྱེ་མ་ཡི་འཆང་བུ། །

ལ་བརྒྱབ་ཀླུང་བརྒལ་ཞིག་བྱས་ཀྱང་། །

མཛའ་མོའི་གྲིབ་གཟུགས་ཙམ་མ་མངོན། །

སྙིང་ལ་སྦར་བཅང་ཞིག་བྱས་པས། །

ཡ་ཆུང་བསེར་བུ་བཞིན་འཁྱག་པ། །

ལམ་ལ་སྐྱོ་སྐྱོ་རང་མ་གནང་། །

རང་སེམས་གསོ་བྱེད་དུ་གཟེར་བྱུང་། །

འཕུར་འཕུར་མཁའ་དབྱིངས་ཀྱི་འཁོར་ལོ། །

གནམ་སའི་འདྲེས་མཚམས་སུ་གས་པས། །

བརྟེན་མེད་རྣམ་ཤེས་ཀྱི་རི་བོ། །

རྒྱ་ཆེན་མཚོ་མོ་རུ་ནུབ་ཐལ། །

ཁུར་མོང་རླུང་འཁྱེར།

གྲགས་སྙན་འབྲུག་ཆུང་དགུང་གི་ཡང་རྩེར་འཕྱོ། །

རྨི་ལམ་གློག་ཞགས་ལྗོན་པའི་གཟེབ་ཏུ་ལྷུང་། །

ཟླ་འོད་འཐུང་བའི་སྨན་ཤར་བཞིན་ལེགས་མ། །

དར་ཟབ་ན་བཟའ་སྤྲུག་ཅིང་གང་སར་འཕུར། །

ཉི་ཐིགས་སྒེའུ་ཁུང་ཟུར་ནས་སྔས་ལ་ལྷུང་། །

བྱེའུ་ཆུང་སྡོང་པོའི་ཡལ་གར་གླུ་དབྱངས་བྱེད། །

མཁའ་མཐའི་དུད་སྤྲིན་སྨིག་རྒྱུ་ལྟར་དུ་འགུལ། །

ཁོ་པའི་མིག་ལ་འཇའ་ཟེར་མེ་ཏོག་འབབ། །

སིར་སིར་སྦྲང་བུས་ལུས་ལ་གཙག་ཙམ་གྱིས། །

ཉལ་བའི་འཁྲུལ་བ་མལ་སྟན་སྟེང་ལ་འཁྱིལ། །

འོན་ཏེ་རི་ཆུ་སྔར་བཞིན་ལྷན་ནེར་གསལ། །

མི་ནི་རྣམ་ཤེས་ཁྱེར་བའི་འབའ་འབུ་ཙམ། །

ཐུན་གསུམ་མདུད་རྒྱའི་ཐ་གུ་རལ་བ་ན། །

གམ་དུ་རབ་རིབ་ན་བུན་ལྷོག་ལྷོག་ལྡང་། །

མི་ཚོགས་ས་ལ་སྦས་པའི་ཟླ་དགུ་པ། །

ཁྱིམ་གྱི་སྐྱོ་ངལ་སྐྱོང་བའི་གཏམ་དག་བྱེད། །

ད་དུང་གཙང་བོ་སྔར་བཞིན་ལྷུང་ལྷུང་བཞུར། །

མཁར་སྒོའི་ལྕུག་མ་དྲ་བ་དྲ་ཕྱེད་བྲེས། །

ངལ་ཡང་ཙག་ཙིག་བྲེལ་བའི་རྒྱུན་ཁྱེར་ལམ། །

ཕྱིར་འདང་འཆར་སྣང་ཁྲོད་དུ་ལམ་ལམ་གཡོ། །

 
རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།