ཀྲུང་གོ་བོད་ཀྱི་དྲ་བ།

དགའ་སྟོན་རླབས་ཀྱི་ཟེགས་མ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : མགོན་པོ་དོན་གྲུབ།   སྤེལ་དུས། : 2023-08-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

དགའ་སྟོན་རླབས་ཀྱི་ཟེགས་མ།

རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ་འཁོར་བདུན་ཅུ་ལོན་པར་ཕུལ་བ།

ཀྲུང་གོ་གསར་པའི་ཉི་གཞོན་དྲོད་མོ་གངས་རིའི་ལྗོངས་སུ་འཕྲོས་པ་ན།།

རྨ་ལྷོ་གསར་པའི་དཔྱིད་ཀྱི་དཔལ་མོ་སྐྱེ་དགུ་དགའ་བའི་ཟས་སུ་སྨིན།།

ནུབ་ཡུལ་དཔལ་གྱི་དག་ཞིང་ཞེས་བྱ་བློ་ལྡན་སྨོན་པའི་ཡུལ་གྲུ་འདིའི།།

བགྲང་བྱ་བདུན་ཅུ་དཔལ་དུ་ཤར་བའི་དུས་ཀྱི་དགའ་སྟོན་སྤྲོ་བས་བསུ།


ཆུ་སྣ་དགུ་འདུས་བཞུར་རྒྱུན་སྙན་པའི་རེབ་གོང་གསེར་ལྗོངས་དག་པའི་ཞིང་།།

ཡིད་འོང་གཟུགས་འདས་ཤུལ་བཞག་རིག་གནས་ཀུན་གསལ་སྒེག་མོའི་སྐར་ཚོགས་འགྲན།།

བཟོ་རིག་ལྗོན་པའི་རྩ་བ་རབ་བརྟན་ལྷ་རིས་སྒྱུ་རྩལ་ཡལ་འདབ་རྒྱས།།

གངས་ཅན་རིག་བརྒྱའི་མཛོད་དུ་བསྔགས་པའི་རིག་འབྱུང་གྲོང་གི་གད་རྒྱངས་ཆེ།།


གཡུ་འབྲུག་སྔོན་མོ་འཁྱུག་རྩལ་ངོམ་འདྲའི་རྨ་ཀླུང་ཕྱུག་མོ་གར་དུ་རྩེན།།

ཚང་ཚང་བཀྲ་བའི་ལྗོན་ཤིང་ཚོགས་ཀྱིས་ཁམས་རའི་ནགས་ཀླུང་གསོན་ཤུགས་བསྣན།།

མི་རིགས་སྣ་མང་མཐུན་སྒྲིལ་མཉམ་གནས་མདུན་སྐྱོད་དཔུང་རྡང་གཅིག་ཏུ་སྦྲེལ།།

བསིལ་ལྗོངས་གང་དེ་གཙན་ཚ་མདའ་མོ་གཡང་རྫོང་ཞེས་བྱའི་གྲགས་པ་འབར།།


ཡན་ལག་བརྒྱད་ལྡན་ལྷ་ཆབ་སྔོན་མོ་དལ་གྱིས་འབབ་པའི་རྩེ་ཆུའི་འགྲམ།།

ནམ་མཁའི་སྐར་ཚོགས་ས་ལ་འཕོས་འདྲའི་རྟ་ནོར་ལུག་གསུམ་བག་གཡེང་རྒྱུ།།

རབ་དཀར་ཁ་བའི་གོས་བཟང་བཀླུབས་པའི་ས་འཛིན་དྲུང་དུ་སྨན་རྩས་བརྒྱན།།

རྩེ་གཞུང་སྒེག་མོའི་མཛེས་རྒྱན་གྲུབ་པའི་རྡོ་བརྐོས་རིག་གནས་སྙན་པ་རྒྱས།།


ཐ་གྲུ་ཡངས་པོར་རྩ་ཆུ་གཉིས་འཛོམས་སྐལ་བཟང་མེ་ཏོག་རྣམ་པར་བཞད།།

མཁའ་མཐར་མཉམ་པའི་སྤུས་ལེགས་རྩྭ་སར་རྨ་ཁུག་རྟ་མཆོག་བང་རྩལ་འཁྱུགས།།

དངུལ་ར་ལུག་གི་རིགས་རྒྱུད་བཟང་པོས་དཔལ་དང་འབྱོར་བ་མཚོ་ལྟར་རྒྱས།།

སོག་བོད་སྤུན་ཟླའི་ཡར་བརྩོན་སྙིང་སྟོབས་མེ་དཔུང་བཞིན་དུ་ཆེམ་ཆེམ་གཡོ།།


སྲིད་པའི་གངས་རྒན་བྱ་ཁྱུང་རྫ་རིའི་དབུ་རྩེ་སུམ་རྩེན་ཡུལ་དུ་སུག།

མེས་པོའི་ཤེས་དཔལ་རྣམ་པར་སྤྲུམ་པའི་རྨ་ཀླུང་རིང་མོ་དྭངས་ཤིང་གཙང་།།

བྱ་བྱེའུ་རི་དྭགས་རྩེ་དགར་རོལ་བའི་དམེ་ཤུལ་ནགས་ཀླུང་ཚང་ཚང་སྐྱེས།།

དུས་བཞིའི་འགྱུར་བག་མངོན་པར་གསལ་ལ་ས་ཡི་དགེ་བཅུ་ཡོངས་སུ་རྫོགས།།


ནེའུ་གསིང་གཡུ་ཡི་རྩྭ་ཐང་ཡངས་པོར་རྐང་བཞི་ཟོག་གི་འཕེལ་ཁ་དར།།

ཐང་རྒོད་བསྒྱུར་བའི་པའི་རྨོ་ཞིང་གྲུ་བཞིར་འབྲུ་རིགས་སྣ་ལྔའི་གཏེར་མཛོད་རྒྱས།།

ས་ཆུ་སྲུང་འཛིན་འདུ་ཤེས་བརྟན་པའི་རྨ་ལྷོའི་རོང་འབྲོག་མང་ཚོགས་ཀྱིས།།

གནའ་དེང་ཟུང་འབྲེལ་ལམ་ནས་བསྐྱངས་པའི་ཞིང་ཕྱུགས་ཡོང་འབབ་ཡིད་ལས་འགོངས།།


ལ་ལུང་རོང་འབྲོག་ཡུལ་གྲུ་ཀུན་དུ་ཀ་ཁའི་སྙན་དབྱངས་བྲག་ཆ་འཁོར།།

བློ་གསལ་གཞོན་ནུའི་བུང་བ་ཚོགས་ཀྱིས་བཟེ་འབྲུའི་བཅུད་ཀྱི་མངར་ཁ་རོལ།།

ཤེས་དཔལ་རིག་གསུམ་འཛོམས་པའི་འཇོན་མི་ཆར་རྗེས་ཤྭ་མོ་བཞིན་དུ་བརྡོལ།།

ཕ་ཡུལ་འཛུགས་སྐྲུན་ལས་ལ་དུངས་པའི་གསར་སྐྱེས་གཞོན་ནུའི་ཚོགས་འདི་སྨད།།


ཀ་བ་གདུང་ལྕམ་ཡེ་ནས་མེད་པའི་མཐོ་བརྩེགས་ཁང་བཟང་དགུང་ལ་བསླངས།།

རི་ལུང་ཐང་གསུམ་འཕྲེད་མར་བཅད་པའི་བགྲོད་ལམ་ཆེ་ཆུང་དྲ་རྒྱ་བཞིན།།

རང་འབབ་བཏུང་ཆུ་སྒོ་ཁར་དྲངས་པས་བཀྲ་ཤིས་རྟེན་འབྲེལ་ངང་གིས་འགྲིག།

ཚན་རྩལ་རིག་པའི་རྫུ་འཕྲུལ་སྟོབས་ཀྱིས་ཕ་ཡུལ་འཛུགས་སྐྲུན་ཨེ་མ་མཚར།།


རྒྱུ་ནོར་ལོངས་སྤྱོད་ཕུན་ཚོགས་སྡེ་བཞིའི་དཔལ་དང་ལྡན་པའི་གནས་མཆོག་གང་།།

ཏང་སྲིད་ཉི་མའི་འོད་སྣང་ལ་བརྟེན་ཕྱུག་འགྱུར་ལམ་བུར་འབད་པས་བསྐྱོད།།

རོང་འབྲོག་མང་ཚོགས་ཕྱུག་པོར་གྱུར་པའི་དངུལ་བྱང་བརྩེགས་མའི་གཟི་དཔལ་གྱིས།།

འབྱོར་བའི་དཔལ་ལ་མངའ་དབང་བརྙེས་པའི་ནོར་བདག་འཛམ་ལྷ་སྐྱེངས་པར་བྱས།།


རིགས་ཀྱི་ཕོ་མོ་སེ་འབྲུ་ལྟར་གནས་མཐུན་པའི་ལག་རྡང་གཅིག་ཏུ་སྦྲེལ།།

ཡར་བརྩོན་མདུན་སྐྱོད་དཔུང་ཤུགས་བརྟན་པས་བཀྲ་ཤིས་རི་མོ་གཡས་སུ་འཁྱིལ།།

རྒྱ་བོད་སོག་གསུམ་མཐུན་སྒྲིལ་མཉམ་གནས་ཤིས་པ་གྲུབ་པའི་ལེགས་ཚོགས་ཀྱིས།།

མི་རིགས་མཐུན་སྒྲིལ་དཔེ་སྟོན་ཁུལ་ཞེས་མཚན་གྱི་ཅོད་པན་སྲིད་རྩེར་བསྒྲེངས།།


ངོ་མཚར་སྟོང་གི་རྨ་ལྷོའི་རྒྱན་གྱུར་ཤིས་ཚིག་ངག་གི་ཕྲེང་བ་ཙམ།།

བློ་དམན་ཕྲན་གྱི་སྨྱུག་རྩེར་དྲངས་ནས་ཐང་མར་བརྡལ་པའི་མཆོད་པ་འདི།།

དཔལ་ཁྱིམ་གྲུ་བཞི་དམངས་ཀྱི་འཚོ་བ་དབྱར་མཚོ་བཞིན་དུ་རྒྱས་པ་དང་།།

དུས་རབས་གསར་པའི་བསྐལ་པ་བཟང་པོ་མངོན་དུ་ཤར་བའི་རྟེན་དུ་འབུལ།།

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།