ཀྲུང་གོ་བོད་ཀྱི་དྲ་བ།

ཅེས་ཀྱང་འཆི་བར་ངེས་པའི་རང་ཉིད། (ཞར་བཀོད་གཉིས)

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྗང་སྨྱུག   སྤེལ་དུས། : 2023-06-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཅེས་ཀྱང་འཆི་བར་ངེས་པའི་རང་ཉིད། 


འཇིག་རྟེན་དཀར་ངོགས་ཤིག་ཕར་ལ་སོང་ཞིང་།།

མུན་པས་མུན་བརྩེགས་ཤིག་ཚུར་ཚུར་བཅར་དུས།།

བདག་མེད་གཉོམ་ཆུང་གི་སྣང་བ་འདི་ཀོ །

ཁེར་རྐྱང་བྱ་སྒྲོ་དེ་རླུང་ཁྱེར་འདྲ་འམ།།


དབེན་པའི་རི་སུལ་གྱི་དྲིལ་ཆུང་སིང་སིང་།།

ཉོན་པའི་ལས་སྐལ་ཞིག་སུ་ལའང་ཡོད་ཀྱང་།།

ཏིང་འཛིན་གདེང་ལྡན་གྱི་ཉམས་ལེན་གནད་སྨིན།།

རྣམ་གཡེང་འབྱུང་པོ་ཡི་ཁ་ལ་ཤོར་སོང་།།


དབང་ཆེན་རྒྱུ་ཡོད་ཀྱི་སྒྱུ་མའི་རྟ་གླང་།།

ཁྱེར་བའི་ལས་སྐལ་ནི་བདག་ལ་མི་འདུག །

མཁོས་ངན་བདེན་པ་ཡི་ཁ་སྟབས་འདི་ཡིས།།

གསོན་པའི་རིན་ཐང་ཡང་ཆུང་ཆུང་མ་རེད།།


རྫི་རོགས་ཆུང་ཆུང་གི་འཛུམ་ལ་བལྟས་ན།།

གཤིན་ཐང་ནག་པོ་དེ་འགྲིམ་འདོད་མེད་ཀྱང་།།

ཨ་བ་གླང་མགོ་ཡི་བཀའ་དམ་བཙན་པོས།།

མི་འདོད་གཉོམ་ཆུང་གི་གཉའ་ནས་མནན་ངེས།།


དབྱར་གསུམ་མེ་ཏོག་གི་ཞལ་རས་སྣུམ་པོ།།

སད་དང་སེར་བ་ཡིས་འཕྲོག་པ་མཐོང་བྱུང་།།

བློ་ངན་གཡག་རྭ་ལྟར་གྱོང་བའི་བདག་ལ།།

ངེས་འབྱུང་བཅོས་མིན་ཞིག་མ་སྐྱེས་ཞེ་ཁྲལ།།


དུང་སེམས་དམ་ཚིག་གི་དར་དཀར་མདུད་བརྒྱ།།

བཤིག་མེད་ཚིག་མཐའ་ལ་གནའ་ཡིས་གནན་ཡང་།།

འདུས་པའི་མཐའ་མ་ལ་དབང་མེད་འབྲལ་བ།།

བསྒྱུར་མེད་ཆོས་ཉིད་ཀྱི་དོན་དུ་ལགས་སོ།།


བདག་འཛིན་ཆེ་བ་ལ་རི་རྒྱལ་ལྷུན་པོ།།

ངན་རྟོག་རླུང་འཚུབ་འདི་དུས་མཐའི་རླུང་དམར།།

བདག་སྟོད་གཞན་སྨོད་ཀྱི་དུས་བཞིའི་འཁོར་ལོ།།

རྫོགས་པའི་བུ་རུལ་ལ་སྐྱོ་ཤས་ཆེ་འམ།།


དྭང་གསལ་རྫ་ཆུ་ཞིག་སྟོད་ནས་འབབས་ཤིང་།།

གཡང་དཀར་ལུག་ཁྱུ་ཞིག་སྤྲིན་དཀར་དུམ་བུ།།

མཉེན་འཇམ་ལྕུག་ལྡན་གྱི་ཨུཏྤལ་འདི་དག །

མདང་ནུབ་ཐུན་གསུམ་གྱི་རྨི་ལམ་ཙམ་པོ།།


སྐྱིད་པའི་མཐའ་སྣེ་ལ་སྡུག་གི་ཨ་ལོང་།།

སྡུག་གི་ཡང་མཐའ་ལ་སྐྱིད་པའི་ཡང་ལོང་།།

ཐུག་མེད་འཁོར་བ་འདི་ཤིང་རྟའི་འཁོར་ལོ།།

སོང་སོང་སོང་བ་ཡི་མཐའ་ཞིག་མི་འདུག །


སེར་ཆེན་མེ་ཏོག་གི་མཛེས་པའི་ཞལ་ཁྱིམ།། 

རྐང་དྲུག་བུང་བ་ལ་འཁོར་བ་བདེན་ཡང་།།

དུས་བཞི་འཁོར་བསྐྱོད་ཀྱི་རླུང་གི་ཕོ་ཉས།།

བཙན་གྱིས་འབྲེལ་བ་ཡི་ལག་པ་གཏོར་སོང་།།


ཕར་ཀིའི་འཇིག་རྟེན་འདི་འཇའ་ཚོན་ཁྲ་མོ།།

བལྟས་པས་སུན་སྣང་ཞིག་སྐྱེས་པ་མེད་ཀྱང་།།

མི་འདོད་ལས་དབང་གིས་རྒྱབ་ནས་དེད་ན།།

སྐྱེ་འཆི་ཆོས་ཉིད་འདི་སུ་ཡིས་ཟློག་ཨང་།།


ཀུན་རྫོབ་ངོ་བོ་ཡི་སྒྱུ་མའི་ཚིག་ཚོགས།།

རྣམ་རྟོག་ཁྲ་མོ་དང་ལྷན་དུ་བསྡེབས་སྟེ།།

ཚིགས་དྲུག་སྨྱུག་མ་ཡི་ལོ་འདབ་ངོས་ལ།།

སྐྱོ་བའི་སེམས་གསོ་རུ་མགུར་འདི་བཞེངས་སོ།།    

 

དྲན་གདུང་དབྱིངས་སུ་གྱེར་བའི་སྙན་ཚིག་མེ་ཏོག་གི་དོ་ཤལ།   


གཅིག་སེམས་གཅིག་ལ་ཤོར་བ་ཚེ་སྔོན་གྱི་སྨོན་ལམ།།

ད་ལྟ་ཡང་བསྐྱར་མཇལ་བ་ཟློག་མེད་ཀྱི་ལས་དབང་།།

ལས་སྨོན་རྟེན་འབྲེལ་བཟང་པོས་ལྷན་འཛོམས་འདི་བྱུང་བས།།

མི་འགྱུར་དུང་བའི་མདུད་རྒྱ་སྦྲུལ་ནག་ལ་རྒྱབ་ཡོད།།


གཅིག་རྒྱུས་གཅིག་གིས་ལོན་པའི་གོ་རིམ་ཞིག་བརྒྱུད་དུས།།

མི་སེམས་མི་ཡིས་ཤེས་པའི་ཉམས་མྱོང་ཞིག་ཐོབ་བྱུང་།།

ཚད་དང་གཏིང་དཔག་དཀའ་བའི་བརྩེ་འདང་གི་རྒྱ་མཚོ།།

ཤ་དང་རུས་པའི་གསིང་གི་ཟུངས་ཁྲག་ལ་འདྲིས་སོང་།།


དྲན་གདུང་ན་ཟུག་རི་བོའི་ལྗིད་གོག་དང་མཚུངས་ཀྱང་།།

ཐེངས་གཅིག་མཇལ་འཕྲད་བྱུང་བས་བ་མོ་བཞིན་ཞུ་བྱུང་།།

མཛེས་འཛུམ་ཞལ་རས་སླར་ཡང་མཇལ་སྐལ་ཞིག་ལྡན་ན།།

སྐྱེ་འཆི་འཁོར་བའི་གནས་ལ་འཇིགས་སྐྲག་ཅིག་མི་འདུག །


ཁྱེད་ཉིད་ང་ལ་ཡོད་པས་བདེ་སྐྱིད་དེ་ཤེས་བྱུང་།།

ཁྱེད་ཉིད་རང་ལ་དབང་བས་བསོད་ནམས་འདི་ཚོར་བྱུང་།།

ཁྱེད་ཉིད་ང་ལ་ཡོད་ན་འཇིག་རྟེན་འདི་ཡོད་ལ།།

ཁྱེད་ཉིད་རང་ལ་དབང་ན་ཡོད་ཚད་ཀྱང་ཡོད་འདུག །


ཡུལ་དང་སྡེ་བའི་མི་ཁ་རལ་གྲི་ལས་རྣོ་ཡང་།།

གཉེན་དང་ཉེ་ཐག་ཁ་ཏ་ལུག་བལ་ལས་འཇམ་ཡང་།།

ལྷད་མེད་དུང་བ་འདི་ཡི་ངོ་བོ་ལ་ལྟོས་ནས།།

ཕན་ཚུན་ལག་པ་ནམ་ཡང་གཏོང་བ་དེ་མ་གནང་།།


མ་ཤི་ཚེ་ཐག་རིང་བའི་སྐལ་བ་ཞིག་ལྡན་ན།།

ནད་མེད་ཡུན་དུ་གསོན་པའི་ལམ་འགྲོ་ཤིག་ཡོད་ན།།

དྲན་པའི་མཚོ་མོ་མི་བསྐམ་རྒྱ་མཚོ་བཞིན་འཁྱིལ་ཡོད།།

བརྩེ་བའི་རི་མོ་མི་འགྱུར་རི་བོ་ལྟར་བརྟན་ངེས།།


དྲན་པའི་མེ་ལོང་ངོས་ཀྱི་གནག་སྣུམ་གྱི་སྐྲ་ལོ།།

རླུང་དང་སད་ཀྱིས་སྒུལ་བའི་བར་ཆད་ཤིག་བྱུང་ན།།

རྒྱུས་མེད་མི་ཡུལ་འགྲིམ་པའི་འཁྱམས་པོ་ངའི་སེམས་ལ།།

ཚད་མེད་ན་ཟུག་འབུམ་གྱིས་མགོ་བོ་ནས་མནོན་ངེས།།


ཤི་ཡང་མི་འགྱུར་ཚིག་མཐའ་མནའ་ཚིག་གིས་གནན་ཡོད།།

མ་ཤི་གསོན་བྲལ་མི་བྱེད་དམ་ཚིག་གིས་སྒྲིལ་སོང་།།

སྐྱིད་སྡུག་སྣེ་ཁ་མང་བའི་འཇིག་རྟེན་འདིའི་ཐོག་ནས།།

གཉོམ་ཆུང་སེམས་པ་འདི་ནི་ཁྱེད་ཉིད་དང་འགྲོགས་ཡོད།།


ཕར་དགའ་བྱམས་པའི་ཡི་གེ་རྫོགས་མཐའ་ཞིག་མི་འདུག །

ཚུར་དུང་སྙིང་གི་སྐད་ཆ་ད་དུང་ཡང་ཉོན་འདོད།།

ཁྱོད་དང་ང་ཡི་བརྩེ་བ་གཡུ་ཆུང་གི་དྲུག་དཀར།།

གནམ་ས་ཁ་སྤྲད་འདི་ཉིད་དཔང་པོ་རུ་འཇོག་འདོད།།


རིན་གྱིས་མ་ཉོས་ལས་དང་བསོད་ནམས་ཀྱིས་གནང་བའི།།

བྱམས་པ་དུང་སེམས་ཅན་མའི་ཞལ་རས་ཀྱི་མཛེས་པ།།

ཉིན་མཚན་གཉིས་ལ་དྲན་པའི་ན་ཟུག་འདི་ཆེ་ཡང་།།

ད་ནི་ཁོ་བོའི་སེམས་ཀྱི་གཤིས་ཀ་རུ་ཆགས་སོང་།།


སྐྱེ་འཆི་ཟློག་མེད་ཡོངས་བ་མི་རྟག་པའི་ངོ་བོ།།

འདུས་པའི་མཐའ་མ་འབྲལ་བ་ཆོས་ཉིད་དུ་ལགས་ཀྱང་།།

ཚེ་སྲོག་དབུགས་ཀྱི་རྒྱུ་བ་མ་འགག་གི་བར་དུ།།

བྱམས་པའི་ལས་འཕྲོ་རྫོགས་པའི་བར་ཆད་ཅིག་མ་གནངས།།


ཁྱེད་ཉིད་དྲན་པའི་ཡིག་ཆུང་ཤོག་དཀར་རུ་ཕབས་ནས།།

མཚོ་མཐའི་ངང་པ་སེར་པོའི་གཤོག་སྣེ་ལ་བཏགས་ཡོད།།

མཚོ་མོ་འཁྱག་གིས་བསྡམས་ཀྱང་ངང་ཆུང་གི་སེམས་པ།།

བརྩེ་བས་དྲོད་ཁུལ་ལྡན་བཞིན་ལག་ཟུངས་ཀྱིས་བཏེགས་ཡོངས། །   

                                                      

དོ་ཞག་འཚོ་བ་ཅི་འདྲ་རེད། 


གསེར་ལམ་ལམ་གྱི་བྱ་འདབ་འོག་ནས།།

གཡིལ་དྲིལ་ཆུང་གི་སིལ་སྒྲ་སིང་སིང་།།

འདོན་དབྱངས་རྟ་ཡིས་མགུར་མ་འུར་འུར།།

ཚོན་དཀར་དམར་ཅན་ཁང་ཆུང་ནང་དུ།།

དུས་དེང་སང་ལ་བདེ་བར་བཞུགས་སམ།།


ཕྱི་སྡོམ་པ་ཡི་ལོ་འདབ་མ་སྐམ།།

ནང་དམ་ཚིག་གི་མེ་ཏོག་མ་རྙིང་།།

ཞལ་འཛུམ་ཆུང་ལ་ནག་ནོག་བྲལ་བའི།།

དགོན་ཁྲ་ཆུང་གི་བཙུན་མ་ཆུང་ཆུང་།།

འདང་ད་ནང་གི་ཚོར་བ་ཅི་འདྲ།།


མགོའི་སྐྲ་ལོ་ཚོགས་ཐབ་ནང་གཡུགས་ནས།།

གོས་ངུར་སྨིག་ལ་ཤ་འཇམ་བཅོལ་ནས།།

ས་འབྲོག་སྡེ་ལ་གྱེས་བརྡ་ཕུལ་ཞིང་།།

ཡུལ་ཐག་རིང་ནས་ཐག་རིང་བཞུད་དུས།།

ཞེ་འཕྲང་བ་ཡི་དངན་པ་ཤོར་རམ།།


བྱ་བྱེའུ་ཡི་གླུ་སྐད་ཀྱུར་ཀྱུར།

ཤིང་ལྗོན་པ་ཡི་ལོ་འདབ་ལྷབ་ལྷུབ།

དབེན་རི་སུལ་དུ་སྒོམ་ལ་བཞུགས་པའི།།

རི་ཕར་རྒྱབ་ཀྱི་དགེ་མ་ཆུང་ཆུང་།།

ཆུང་རོགས་ལོ་དེ་དྲན་པས་གདུང་ངམ།།


གནམ་དགུ་ཚིགས་དང་མཉམ་དུ་ལངས་དུས།།

དགུན་ཟླ་གསུམ་གྱི་གྲང་བ་ངར་ངར།།

ཕྱག་པད་མ་ལ་གས་ཁ་དོད་པའི།།

རྒས་ཐོད་གཉེར་གྱི་རི་མོ་གསལ་བའི།།

མ་དྲིན་ཆེན་མ་དྲན་པ་ཨེ་བྱུང་།།     

    1556175016938082.jpg

དངོས་མིང་བསམ་གཏན་སེང་གེའམ་པིར་མིང་ལྗང་སྨྱུག 1993ལོའི་ཟླ12པའི10ཉིན་ཁམས་ནང་ཆེན་སྡོམ་པ་རུ་འབྲོག་ཁྱིམ་དཀྱུས་མ་ཞིག་ཏུ་སྐྱེས།  འབྲོག་ཁུལ་དེར་མྱི་ལོ་ལྔ་ཙམ་ལ་སློབ་ཆུང་བཏོན། དེ་རྗེས་གཞུང་དབུ་ཚད་སོགས་དང་སྙན་ངག་བརྡ་སྤྲོད་སོགས་ལ་སྦྱང་བ་བྱས།  དོ་མི་མཉམ་པའི་འཇིག་རྟེན་གྱི་གྲུ་ཟུར་འདི་ནས་སྙན་ངག་ཟེར་བ2013ལོ་ཡར་མར་ཞིག་ལ་གསར་དུ་ངོ་ཤེས། དེ་ནས་བཟུང་སྙན་ངག་ཟེར་བ་འདི་ལ་ཁ་གཏན་ནས་འབྲལ་མ་ཕོད།     2015ལོའི་ལོ་སྨད་ལ་རང་གི་དགའ་ཕྱོགས་གཙོར་འཛིན་གྱིས་སྙན་དེབ་ཐོག་མ་《སྡོང་བོར་རྒྱབ་གཏོད་པ》ཞེས་པའི་སྙན་དེབ་གཅིག་འགྲེམས་སྤེལ་བྱས།  ལོ་དེ་ལ《གངས་དཀར་རི་བོ》དང་《ནང་ཆེན་དུས་དེབ》སོགས་སུ་སྙན་ངག་འགའ་བདམས་བཀོད་བྱས་ལ། 2017 ལོར་ཡང《གངས་དཀར་རི་བོའི》དུས་དེབ་དང་སྤྱི་དེབ་གང་རུང་ལ་རྩོམ་མང་པོ་སྤེལ།  རྒྱུན་དུ《རྫ་ཆུའི་རླབས་སྒྲའི》དྲ་ཚིགས་དང་《ཀྲུང་གོ་བོད་ཀྱི་རྩོམ་རིག་དྲ་བ》《བཙན་པོའི་མགར་གྱི་དྲ་བ》《རྨ་ཀླུང་རིག་གནས་དྲ་བ》སོགས་སུ་རྩོམ་འགོད་རྒྱུར་དགའ་བོ་ཡོད། ད་ལྟའང་མུ་འཐུད་ནས་སྙན་ངག་ཟེར་བའི་སྨྲ་བསམ་བརྗོད་འདས་དེ་འཚོལ་བཞིན་ཡོད།

སྙན་ངག་ལ་སྒེར་གྱིས་ལྟ་ཚུལ། སྙན་ངག་ནི་འབྲི་མི་ཤེས་བ་ཞིག་མ་ཡིན་མོད།  འོན་ཀྱང་།  དེ་འདྲ་འབྲི་སླ་མོ་ཞིག་དེ་བས་ཀྱང་མ་ཡིན། ཆོས་ལུགས་དང་སྲིད་ལུགས་གང་གིས་ཀྱང་ཚད་བཀག་མི་ཐུབ་པའི་གདོད་མའི་སེམས་གཤིས་ཁྲ་མོ་ལ་ཐ་སྙད་ཀྱི་རྒྱན་ཆ་བཏགས་ན་ད་གཟོད་སྙན་ངག་གི་མཛེས་པ་ཕྱི་རུ་མངོན་ངེས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།