ཀྲུང་གོ་བོད་ཀྱི་དྲ་བ།

སེམས་འགྱུ་ཤུགས་རིང་ནར་འབྱིན།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཨ་ཏའི་བུ་རྒྱུད།   སྤེལ་དུས། : 2022-10-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

གཅིག

ལས་ངན་བུ་ཆུང་ས་མཐའི་ཡུལ་དུ་ལུས། །

ནད་ངན་ཐོན་ཏེ་ཕྱོགས་བཞིའི་རྒྱུ་ལམ་བཅད། །

ལྟས་ངན་གཏམ་གྱི་མདུང་རྩེ་སྙིང་ལ་ཕོག །

མྱ་ངན་སྟུག་པོའི་ཕག་ཏུ་ཅུང་ཟད་ངུས། །

སྤྱི་ཚོགས་གསར་རྙིང་བར་གྱི་ལྷ་གསོན་པོ། །

ཁྱིམ་ཆེན་བརྒྱད་ཀྱི་ཁ་འཛིན་ཨ་ཕྱི་མ། །

ལྷག་པར་བདག་ལ་བརྩེ་བའི་ཡུམ་ཆེན་མོ། །

གློ་བུར་བཞུད་པའི་སྡུག་འདི་སུ་ཡིས་བཟོད། །

སྐྱོ་ཤས་མཁའ་རུ་བྲིས་ཀྱང་ཨ་ལན་མེད། །

ན་ཟུག་ས་ལ་བཤད་ཀྱང་སེམས་གསོ་བྲལ། །

སེམས་སུ་གྲང་རླུང་ལྡང་བས་ཁོག་འདར་རྒྱག །

འདས་དོན་ཞིབ་ཏུ་དྲན་གྱིན་གདུང་བ་འཕེལ། །

ནད་བརྒྱའི་ཚང་མིན་ཚེ་ལོ་གོ་བདུན་བརྒལ། །

སྙིང་རྗེའི་གཏེར་ཡིན་རིས་མེད་སྐྱོང་བར་བྲེལ། །

འདའ་ཁའི་མནར་གཅོད་མ་མྱངས་དྲིན་མོ་ཆེ། །

ནུབ་ཕྱོགས་བདེ་བ་ཅན་ནས་སྐྱེ་བར་ཤོག །

འཁོར་བའི་སྙིང་བོ་ཆོས་ཡིན་ཆོས་ལ་འདུད། །

གཤིན་པོའི་ར་མདའ་ཆོས་ཡིན་ཆོས་ལ་འབད། །

ཤུལ་འཛིན་བུ་རབས་མ་ཟད་ཚ་རྒྱུད་ཚོགས། །

རྣམ་དཀར་དགེ་ལ་དབྱེར་མེད་གཅིག་ཏུ་འཇུ། །

སྐྱབས་ཡུལ་གཅིག་ཆོག་དྲིན་ཅན་ཕ་བླ་མས། །

སྲིད་པ་བར་དོའི་འཇིགས་པ་སེལ་བར་མཛོད། །

ཕྱི་མར་ཞིང་མཆོག་དགའ་ལྡན་ཕོ་བྲང་ནས། །

ངོ་ཤེས་བཞིན་དུ་འཕྲད་པའི་སྨོན་ལམ་འདེབས། །

གཉིས།

མི་རྟག་འཆི་བའི་ཆོས་ཉིད་སྔ་མོ་ནས་རྟོགས་ཤིང་། །

ཟློག་མེད་འཆི་བའི་ངང་ཚུལ་བར་མེད་དུ་མཐོང་ཡང་། །

བྱམས་ལྡན་རྨོ་རྨོར་ཐ་མའི་ཞལ་བརྡ་ཙམ་མེད་པར། །

གཏན་དུ་བྲལ་བའི་སྐྱོ་སྣང་ཞེ་འགྱོད་ཀྱིས་མནན་ཡོང་། །

འགྱོད་པ་འགྱོད་པས་མི་མཚོན་དྲགས་དྲགས་ཀྱི་སྣེ་མོ། །

དབེན་པའི་དུར་ཁྲོད་ཚལ་དུ་ངར་ངར་གྱིས་འཐེན་རུང་། །

ལྐོག་ཏུ་སྡུག་ལ་འཐབ་པའི་བུ་རུལ་ངའི་བློ་སྤོབས། །

པྲོག་གསར་ནད་ཀྱི་བཀག་རྒྱས་རྨེག་མེད་དུ་བཅོམ་སོང་། །

དགེ་སྒྲུབ་མཆོད་འབུལ་སྟོང་གི་ཡུལ་དངོས་སུ་མ་ཐོན། །

རྣམ་ཤེས་བོར་བའི་ཕུང་པོར་གུས་ཕྱག་ཀྱང་མ་ནུས། །

ཁ་རོག་ཉེས་སྤྱོད་སྡོམ་པའི་ཆོ་ག་ཙམ་མ་གཏོགས། །

དྲ་སྒང་བརྒྱུད་ནས་དགོས་ངེས་མང་པོ་ཞིག་མི་འགྲུབ། །

རྒྱུན་གྱི་ལས་ཀ་ཚར་རྗེས་བཏང་སྙོམས་སུ་བསྡད་དེ། །

མཚན་ཐུབ་མར་མེའི་ངོགས་སུ་འདོན་པ་རེ་བགྲང་ནས། །

བུ་ཡི་རྣ་བར་དྲིན་ཅན་དགའ་ལྡན་མའི་གདུང་འཚོབ། །

ཁྱིམ་འདིར་ཁྱོད་ཀྱིས་ཉན་དགོས་ཟེར་ན་ཡང་འདོད་བྱུང་། །

དགེ་བ་ཡུན་གྱིས་མི་ཚད་རྒྱང་ནས་ཀྱང་བསྒྲུབ་ཆོག །

ཅེས་པའི་གཏམ་ནི་བདེན་པ་ཤ་སྟག་ཏུ་འདུག་ཀྱང་། །

དགུང་ཞག་འདི་ཚོར་ཁྱིམ་མིའི་གྲལ་ཟུར་དུ་མེད་པར། །

རང་གིས་རང་ལ་གུ་ཡངས་སྟེར་ཐབས་ཤིག་མི་འདུག །

ཚེ་འདིར་བུ་ངས་གཉོར་མཁན་སྐྱོང་མཁན་གྱི་ཐུགས་ལ། །

དྲན་གདུང་རེ་སྒུག་སེམས་ཁུར་གྲངས་མེད་ཅིག་བཞག་སྟེ། །

ས་མཐའ་བསྐོར་ཞོར་ལུས་སེམས་རྒྱ་ཡན་དུ་བཏང་བའི། །

ཉེས་ཆད་འདི་རང་ཡིན་ནམ་མཆོག་གསུམ་གྱིས་མཁྱེན་ནོ། །

ཕ་གཞིས་གླིང་གི་དགེ་སྟོབས་མངོན་སུམ་དུ་ཚོར་ཞིང་། །

སྐྱིད་སྡུག་མཉམ་པའི་ཕུ་ནུ་མིང་སྲིང་དག་བསྟོད་དོ། །

གཅིག་མཐུན་ལས་ཀྱི་བཀོད་པ་མ་རྫོགས་ཀྱི་བར་དུ། །

ཀུན་འགྲིག་མི་ཆོས་རྩ་བ་ཕྱོགས་མེད་དུ་རྒྱས་ཤོག །

བྱམས་བརྩེའི་འཛུམ་ཞལ་དྲོན་མོ་སྐད་ཅིག་ཏུ་ནུབ་ཅིང་། །

གཡར་མའི་སྒྱུ་ལུས་རྒོད་པོའི་ཁ་ཟས་སུ་གྱུར་བས། །

མ་ཡིག་རྒྱུན་ལ་བསྟར་བའི་སྙན་ངག་གི་མཆོད་པས། །

སྐྱོ་གདུང་མྱུར་བར་ཞི་བའི་དབུགས་དབྱུང་རེ་སྩོལ་ཅིག །

གསུམ

ཟླ་མཆོད་དུས་ཆེན་གྱི་ཟླ་བ། །

བཟའ་མི་གོ་འདུས་ཀྱི་དྲན་སྐུལ། །

མུན་པའི་བྱང་ཁོག་གི་ང་ལ། །

སྐྱོ་ཤས་སྡུག་ཡུས་ཀྱི་ཁ་སྣོན། །

མ་ལོ་ཁྱིམ་རྒྱུད་འདིའི་དྲོད་ཡིན། །

ལྷན་འཛོམས་ཁྲི་ཕྲག་གི་རྒྱུ་ཡིན། །

ངེད་ཚང་ཁྱེད་ཚང་གི་ཁྱད་མེད། །

འདི་བཟང་གན་ངན་གྱི་ཚིག་མེད། །

སྐྱབས་འཇུག་གཙང་མ་ཡི་མཐུ་ལས། །

ལམ་གྱི་གེགས་བར་ཀུན་ཞི་ཞིང་། །

ཟས་གོས་ཕངས་མེད་ཀྱི་སྦྱིན་པས། །

གཞིས་འདི་ཀུན་སྨོན་དུ་བསྐྱངས་པ། །

གནག་པའི་ཁྲོ་གཉེར་ནི་མེད་ཅིང་། །

མི་མཐུན་ཕོག་ཐུག་ཀྱང་དཀོན་པས། །

རྩོད་མེད་ཁས་ལེན་གྱིས་བསྐོར་ཏེ། །

ཚད་མེད་གོང་བཀུར་ཞིག་ཐོབ་མྱོང་། །

ཅི་ཡོད་འབུལ་འདོད་ལ་མོས་ཤིང་། །

གང་མཁོ་སྟེར་འདོད་ཀྱིས་བྲེལ་བའི། །

དྲིན་ལྡན་ཡུམ་གཅིག་མའི་མཛད་པ། །

མི་བརྗེད་མེ་ལོང་དུ་གསལ་སོང་། །

དྲིན་གྱི་གུར་ཁང་ན་བཞུགས་ཉིན། །

མདུན་ནས་སྐྱིད་སྐྱིད་དུ་བསྡད་པས། །

འཇིག་རྟེན་ཕ་རོལ་ལ་ཆས་ཉིན། །

རྒྱང་ན་གདུང་འབོད་ཀྱིས་བཟི་ཡོད། །

ཡུལ་ལ་ནམ་ཐོན་སྐོར་འདྲི་མཁན། །

སྐྲ་ཉག་དཀར་པོ་དག་ཡིན་ལ། །

ཕྱིར་ལ་སྐྱེལ་མ་ཡང་གནང་མཁན། །

མིག་ཆུ་ཐར་ཐོར་དག་ཡིན་ནོ། །

མི་བརྟན་འཕྲལ་ཡུན་གྱི་བདེ་བ། །

ནམ་མཁའི་སྤྲིན་པ་དང་འདྲ་བྱུང་། །

འདུ་འབྲལ་རང་ཐོག་ཏུ་འབབ་དུས། །

རེ་ས་དམ་ཆོས་ལས་མི་འདུག །

དབྱར་ཟླ་སང་ལོ་ཡང་ཚེས་ཡོང་། །

མེ་ཏོག་དེ་བཞིན་དུ་བཞད་ཡོང་། །

མ་ལོར་ཞལ་མཇལ་གྱི་སྐལ་བ། །

གཏན་དུ་ཡོང་ཐབས་ཤིག་གང་ན། །

ཟིང་ལོང་འཚོ་བ་ཡིས་བསླུས་ཏེ། །

འདི་སྣང་རྨི་ལམ་ལྟར་ངེས་ཀྱང་། །

དོན་དངོས་བློ་ཡིད་དུ་དཔྱངས་ཚེ། །

གདུང་བ་ལྷོག་ལྷོག་ཏུ་གདུས་འགྲོ། །

ཀ་དག་བྱང་སེམས་ཀྱི་བདག་མོ། །

རྣམ་དག་ལས་འབྲས་ཀྱི་ཡུམ་ཆེན། །

བཀའ་དྲིན་གཞལ་མེད་ཀྱི་མ་ལོས། །

ཐར་བའི་གོ་འཕང་དེ་ཟིན་ཤོག །

བཞི།

སྤྲོ་སྣང་ཉམས་པའི་ཡ་ཁོག་སུན་སྣང་གིས། །

ཡོངས་སུ་བཟུང་བས་གཉིད་ནི་རིང་སར་གྱེས། །

སྟོན་ནམ་རིང་མོའི་སྟོང་འཇགས་སྲུང་ཞོར་དུ། །

རླབས་ཆེན་མ་ལོའི་སྣང་བརྙན་དྲན་ཏེ་བསྡད། །

མདང་ཡང་སྒེའུ་ཁུང་བརྒྱུད་ནས་དྲིན་མ་ལོས། །

ཁྱིམ་ན་ཞལ་ཏ་གནང་བ་གསལ་བོར་མཐོང་། །

དེ་འཕྲལ་དགའ་བ་རྒྱས་ཀྱང་རྨི་ལམ་ལས། །

སད་དུས་སྔས་འབོག་ཆུང་ཆུང་མཆི་མའི་རྟེན། །

སྤྱིར་ན་ལེ་བར་བཞི་བརྒྱའི་ལམ་ཐག་འདི། །

འཕྲུལ་གྱི་འཁོར་ལོས་སྐར་མ་བཞི་བརྒྱ་ཙམ། །

བཀག་ཆས་ཨར་ལ་གཏད་པའི་ཚུལ་བསམ་ན། །

ནམ་འཕང་གཅོད་པའི་བྱ་ཞིག་ཡིན་ན་འདོད། །

འདུན་མའི་རྟ་རྒོད་མ་ཐུབ་ཡུལ་ཕྱོགས་སུ། །

སླེབས་དུས་སྤང་གཞུང་མེ་ལ་ཤོར་བ་འདྲ། །

སྦྲ་དང་སྲོལ་རྒྱུན་ཅ་ལག་རྣམས་ཀྱིས་ཀྱང། །

མྱ་ངན་མ་བཟོད་རང་སྲོག་གཅོད་ལ་བྲེལ། །

དུས་འགྱུར་སྐབས་ཀྱི་ཆོས་མེད་ཤི་བོ་དག །

དུས་ཀུན་མ་བརྗེད་དགེ་ལ་བསྔོས་ན་ཡང། །

དུས་མཐའི་རྒུད་པ་ཅི་རིགས་མ་བཟློག་པར། །

དུས་འདིར་མ་ལོ་ཁྱེད་ཀྱང་རྒྱང་དུ་གཤེགས། །

སློབ་མཐར་ནམ་ཕྱིན་ཁྱིམ་སོ་ནམ་ཟིན་ལ། །

རེ་ལྟོས་གནང་ཞིང་བུ་ངའི་རྒྱབ་རི་མཛད། །

ང་རང་ལྡོམ་ནས་གར་སྡོད་འདིར་སྡོད་བྲལ། །

ཁྱེད་རང་ཡི་ཐང་ཆད་དེ་ཕེབས་ལགས་སམ། །

ཁྱེད་ནི་ཡིད་འགུལ་གཏམ་གྱི་མཛོད་དུ་གྲུབ། །

ཁྱེད་ཀྱི་བློ་རྒྱ་མཐའ་ཡས་རྒྱ་མཚོར་འགྲན། །

ཚེ་གཡང་ནོར་གཡང་སྐྱིད་གཡང་ཀུན་གྱི་གཞི། །

བྱམས་བརྩེའི་འབྱུང་གནས་མ་ལོ་ཁྱེད་མིན་སུ། །

འབུམ་ཁང་བཞེངས་ལ་ཐར་མདོ་རྩིག་པ་དང། །

རུས་པས་སཱཙྪ་དཔར་སོགས་དགེ་བའི་ལས། །

གང་ཡང་མ་ནུས་རྨོངས་རྒན་ཐ་ཤལ་ངའི། །

བྲང་ལ་འགྱོད་པས་རྐང་བརྡབ་གྲངས་མེད་བྱེད། །

ལྔ།

ཐད་གཏོགས་ཁྱིམ་མི་མ་རེད་ཟེར་ནས་འདས་མཆོད་གུང་སེང་མི་སྟེར་ལ། །

ཉེ་འབྲེལ་རྩ་ལག་ཕལ་བ་རེད་ཅེས་སྣང་ཆུང་ཚིག་གིས་བཙིར་ཡོང་དུས། །

ཡུལ་ལ་ལོག་འདོད་ཆེ་རུ་བཏང་བས་གཞུང་དོན་འཕྲལ་མར་ཐང་ལ་བཞག །

ལམ་གྱི་བཀག་རྒྱ་སྔར་བཞིན་དམ་མོད་འགྲོ་ལུགས་མ་ལུས་སྒྲུབ་སྟེ་ཚར། །

ད་རེས་འགྲོ་སྟངས་འགྲོ་འོང་ཀུན་དང་ཡེ་ནས་མི་གཅིག་འཁྱག་སིབ་སིབ། །

མ་རུང་འགག་སྒོ་ཐམས་ཅད་བརྟོལ་ནས་ཁྱིམ་སྒོར་སླེབས་ན་ཅི་ཞིག་བྱ། །

འཆི་བའི་མདུན་དུ་ང་མིན་ཁྱོད་ཀྱང་ཉམ་ཆུང་སྲོག་ལྡན་རྐང་གཉིས་པ། །

མྱོང་བ་དབུལ་བའི་ལོ་ཉུང་དག་ཀྱང་བསམ་ཤེས་གྲལ་དུ་འཁོད་ལ་ལྟོས། །

ཁྱོད་རང་སྐྱིད་དུས་དྲ་ལམ་བརྒྱུད་ནས་ང་ལ་བགོ་ཐབས་མི་འདུག་ཅིང་། །

ང་རང་སྡུག་ཚེ་མངོན་ལྐོག་འཕྲང་ནས་ཁྱོད་ལ་བསྐྱི་ཐབས་མི་ལྡན་པས། །

ཁ་ཟུར་འཛུམ་དང་མིག་འགྲམ་ཆུ་ཡིས་དོན་ལ་གང་ཡང་མི་མཚོན་ཏེ། །

སོ་སོའི་སྐྱིད་སྡུག་སོ་སོས་ཤེས་ན་ད་གཟོད་ཕལ་ཆེར་འགྲིག་སྟེ་འདུག །

འཕྱ་ཡང་མ་ལོའི་དྲན་གདུང་བྲིས་ནས་ཚ་བོའི་བསམ་དོན་འགྲུབ་པར་བྱེད། །

དམོད་ཀྱང་སྡུག་ལས་བདེན་པ་བསྔོགས་ཏེ་མཁོ་མིན་བྱ་བྱེད་རྒྱབ་ཏུ་འདོར། །

སྐྱེ་འཆི་འདི་ཉིད་སྔ་གཞུག་ཙམ་རེད་གཡོལ་ནས་འབྲོ་ཐབས་མེད་པའི་ཁར། །

དར་རྒུད་འདི་ཡང་སྨོན་ལམ་བཏབ་ཀྱང་བཟློག་པའི་དཔེ་ཞིག་གང་ན་ཡོད། །

སྐབས་རེར་རང་གི་གྲོགས་ཚོམས་འདི་ཀོ་རང་དང་འབྲེལ་བ་མེད་པ་འདྲ། །

དགའ་བའི་གླུ་སྒྲ་སིང་སིང་གཏོང་གིན་ཞེ་ལ་བཙན་གྱིས་འཇོག་ནི་མང་། །

སྤྱིར་ན་མ་ཕྱི་དྲིན་ཆེན་མ་གཏོགས་བརྩི་རྒྱུ་བཀུར་རྒྱུ་གྲངས་མེད་ཀྱང་། །

ཁོང་ཉིད་ཤོར་བའི་གདུང་འབོད་རེ་རེ་གཡང་འབོད་སྙན་ངག་རེ་རེ་ལགས། །

རྙེད་མེད་གཉེན་དང་འགྱུར་མེད་གྲོགས་ལ་ཞེ་མཐོང་ཆེ་མིན་མ་འདྲི་རོགས། །

ཁ་ཡག་མིན་ཞིང་ཁོག་དྲང་ཡིན་པའི་མི་རྣམས་ང་ལ་འགྲོགས་འདྲིས་རིང་། །

ས་མཐའི་ཐོབ་ཤོར་ཚང་རྩིས་མི་ཕོད་རེ་དོགས་བརྒྱ་དང་བརྒྱད་ཀྱིས་མནར། །

ཡིན་ཡང་སྡུག་འདི་འཕྲད་དུ་གཏུབ་ནས་སླར་ཡང་ལམ་དུ་ཆས་དགོས་ཡོད། །

དྲུག

ཁར་རྩང་རི་གྲོང་དྲོད་ཀྱིས་བཟུང་དང་གཅིག །

མདང་ནུབ་རི་ཟོམ་ཁ་བས་བཟུང་དང་གཉིས། །

ད་ནངས་རི་སུལ་སྨུག་པས་བཟུང་དང་གསུམ། །

མི་རྟག་སྒྱུ་མའི་གསལ་འདེབས་ཡིན་ཤས་ཆེ། །

མ་ལོའི་དཀར་གཙང་རུས་པ་འཐོར་སའི་གནས། །

ཐུགས་སྨོན་མཐའ་དག་ཡུན་དུ་རྫོགས་སའི་ཡུལ། །

ཆོས་གཡང་ཆར་ལྟར་འཇོ་སའི་ཆོས་ཀྱི་ལྗོངས། །

ཞིང་འདིར་ཏབ་ཅིག་བསྡད་ཀྱང་ཉམས་རེ་དགའ། །

ཡིག་ངོ་ཆོད་ཐབས་བྲལ་ཡང་སེམས་བསམ་པ། །

མཆོག་ཏུ་བཟང་བའི་ཁྱད་ཆོས་ད་རེས་བསྟན། །

ངོ་མཚར་འདི་ཡིས་སྡུག་བསྔལ་སིལ་བུར་བྱས། །

དྲིན་གྱིས་བསྐྱངས་མྱོང་ཁྱེད་ལ་ཕྱག་འཚལ་ལོ། །

རྨི་ལམ་དངོས་ཡོད་མིན་པའི་མཐིལ་རྟོགས་ཏེ། །

སེམས་ཐག་བཅད་ནས་མིག་ཆུ་མ་འབྱིན་ཡོད། །

ལས་ཀྱི་བུ་ཆུང་དཀར་པོས་གྲོགས་དན་མཛོད། །

གཤིན་རྗེ་ཆོས་ཀྱི་རྒྱལ་བོས་དཔུང་གཉེན་མཛོད། །

མ་ཎི་ཚར་གཅིག་ཡན་གྱི་དགེ་བའི་འབྲས། །

མ་ལོ་གཙོ་བྱས་དྲིན་ཅན་འགྲོ་རྣམས་ལ། །

རྣམ་གྲོལ་གོ་འཕང་འཐོབ་པའི་རྒྱུར་གྱུར་ཏེ། །

མཐའ་མེད་བདེ་བའི་དཔལ་ལ་སྤྱོད་པར་ཤོག །

བདུན།

ལྟོས་དང་མཁའ་ཡི་ཐང་དཀར་རྒོད་པོ། །

སྣ་ཚོགས་ཌཱ་ཀིའི་སྤྲུལ་བ་ཡིན་འདུག །

དུང་དཀར་ཞི་བའི་གནས་ལ་འཁོར་ན། །

གཤིན་ཡུལ་འགྲིམ་པའི་མ་ཕྱི་དྲན་ནོ། །

མ་ཕྱིའི་བསླབ་བྱ་སེམས་ལ་བརྐོས་ཏེ། །

སྐྱོ་སྡུག་འཛུམ་དུ་བསྒྱུར་ལ་འབད་ནས། །

རྒྱང་བཞུད་ལོ་ཟླའི་རྒྱུན་ཐག་སྟེང་ལ། །

སླར་ཡང་རེ་བའི་མདུད་ཅིག་བརྒྱབ་ཡོད། །

མིག་ཆུ་མེད་དུས་མི་སེམས་རྡོ་རེད། །

མིག་ཆུ་མང་ཡང་སྨོད་པའི་གཞི་རེད། །

གང་ལྟར་མ་བཅོས་རང་བཞིན་དྲང་པོས། །

ཀུན་ལ་བདེན་པ་བདར་ན་མཛེས་ཨང་། །

ལས་ཉོན་མ་བོས་མགྲོན་དུ་འདུས་ཏེ། །

ནང་གི་བརྩེ་བར་གས་ཆག་བྱུང་ཚེ། །

འཁོར་བར་སྙིང་པོ་ཡོད་མེད་རྩོད་རྒྱུར། །

ང་ཡང་ངལ་བ་ཁོ་ནས་དེད་ཡོང། །

ན་ཆུང་ཕལ་ཆེར་དབུགས་ལྒང་འདྲ་སྟེ། །

གཞན་དབང་རླུང་གི་རྒྱུ་བར་བསྟུན་པ། །

ཡིན་རུང་ཕ་ཁུ་འབྲོང་འདྲ་རྣམས་ལ། །

བསམ་གྱིན་སེར་སྣ་ཆེན་པོ་སྐྱེས་སོང་། །

ཞིབ་འདང་མི་ཕོད་སྐྱོ་སྣང་རྐྱང་རྐྱང་། །

མཚན་ལ་མ་ངེས་གཉིད་ཀྱང་བོར་འགྲོ། །

ཚིག་སྣ་རིང་བའི་གཏམ་གླེང་མི་འཐེན། །

བློ་སྣ་ཐུང་བའི་འབྲེལ་ཐག་མི་འཛིན། །

ད་ལྟའི་སྡུག་བསྔལ་འདི་ལ་བསམ་ནས། །

གཅིག་པུ་རི་ལ་འབྲོ་ཐབས་མེད་པས། །

ཚོར་བའི་ཁམས་ནས་རྩོམ་རེ་འབྲི་བཞིན། །

འཚོ་བའི་ངོགས་སུ་མི་འདུར་རང་འདུར། །

བརྒྱད།

འཚོ་ཚིས་ཀྱིས་གཉེན་མི་རྣམས། །

ཕྱོགས་མེད་དུ་གཏོར་ནས་སོང་། །

ལྷན་འཛོམས་ཀྱི་སྐལ་བ་ཡང་། །

ལམ་བར་ནས་རྫོགས་པར་གྱུར། །

ད་གཟོད་ངས་དྲིན་ཆེན་མའི། །

རེ་སྒུག་གི་མངའ་ཐང་ཚོར། །

འཆི་རྒྱུ་ཞིག་མེད་པ་ལྟར། །

གསོག་འཇོག་གི་སྐེ་རུ་འཐམ། །

འདོད་འདོད་ཅིག་མ་ཐེམ་གོང་། །

མི་འདོད་དག་ཕྲག་ལ་ལྷུང་། །

ད་གཟོད་ངས་དྲིན་ཆེན་མའི། །

མན་ངག་གི་བསྡུས་དོན་ཚོར། །

ཕྱུག་འགྱུར་གྱི་འདུན་མའི་སྟེང་། །

སུན་སྣང་གི་རླུང་ཆེན་ལྡང་། །

དགོད་སྒྲ་སོགས་ཁུར་ཤུལ་ན། །

ཕ་ཡུལ་ནི་འཇམ་ཅག་གེར། །

ད་གཟོད་ངས་དྲིན་ཆེན་མའི། །

སེམས་ཁུར་གྱི་ལྕི་ཚད་ཚོར། །

ཚིག་རྩུབ་ནི་རེས་ཀྱིས་འཕེན། །

བདེན་ལུགས་ནི་ཁད་ཀྱིས་ལྕེབ། །

ངོ་ཚ་ནི་སྟོབས་ཀྱིས་འདོར། །

གཡོ་ཁྲམ་ནི་ལྡབ་ཀྱིས་འཕར། །

ད་གཟོད་ངས་དྲིན་ཆེན་མའི། །

བྱམས་སེམས་ཀྱི་གཟི་འོད་ཚོར། །

ལྟ་ལོག་གི་ཚོགས་ཁག་བྱུང་། །

སྤྱོད་ལོག་གི་ཕྱོགས་ཁག་ཆད། །

ཕ་སྲོལ་གྱི་ཁ་མིག་བྲུས། །

ཕ་སྐད་ཀྱི་ཨོལ་བ་བསྒགས། །

ད་གཟོད་ངས་དྲིན་ཆེན་མའི། །

ཨམ་གཙིགས་ཀྱི་སྙིང་པོ་ཚོར། །

མ་རིག་པའི་ནད་ཕོག་སྟེ། །

བདག་འཛིན་གྱི་ཁ་དར་བས། །

ཚུལ་མིན་གྱི་སྦྱོར་བ་ལས། །

གུས་མེད་ཀྱི་གཤིས་ཀ་མཐོང་། །

ད་གཟོད་ངས་དྲིན་ཆེན་མའི། །

གཞན་གཅེས་ཀྱི་མཛད་པ་ཚོར། །

ཡིད་ཆེས་ཀྱི་རྩད་པ་རུལ། །

གཏོང་ཕོད་ཀྱི་གཞུང་རྟ་ཆག །

འགྲན་རྩོད་ཀྱི་སྟ་རེ་རྣོ། །

ཕྱི་ནང་གི་འབབ་སྒོ་དོག །

ད་གཟོད་ངས་དྲིན་ཆེན་མའི། །

བཟོད་སྒོམ་གྱི་འབྲས་བུ་ཚོར། །

དགུ།

ང་ནི་བྱམས་ལྡན་མ་ལོའི། །

འཇམ་འཇམ་ཕྱག་དང་ངག་གིས། །

ནོར་བུ་བཞིན་དུ་གཅེས་ཤིང་། །

མིག་འབྲས་ལྟར་དུ་བསྙོར་བས། །

ད་ནི་དུད་འགྲོ་འདུལ་བའི། །

ལྕག་དང་དབྱུག་པ་མི་འགྲོ། །

ད་ནི་འཇིགས་སྣང་སྐུལ་བའི། །

སྡང་སྡིགས་སྐད་ཀྱིས་མི་ཕན། །

ཡིན་ཡང་མི་སེམས་འགུལ་བའི། །

གཏམ་དང་ཚིག་གིས་བཙིར་ན། །

ཤ་ཡི་མིག་པགས་སྲུབས་ནས། །

མཆི་མ་དྲོན་མོ་བཞུར་ཡོང་། །

སྐྱེ་མགོ་ཤོར་བའི་ཉིན་ནས། །

འཆི་བ་ཡིད་དུ་འཇགས་ཤིང་། །

གདོང་ལེན་བགྱི་བ་མཛད་པས། །

མ་ལོའི་གྱེས་གདུང་འདི་ཡང་། །

ཅུང་ཟད་ཡང་དུ་ཆགས་འདྲ། །

མིན་ན་ང་ཉིད་སྡུག་གིས། །

གཏན་དུ་ལངས་རྒྱུ་མེད་པར། །

ཤིན་ཏུ་སྨྱོ་བར་ངེས་འདུག །

གང་ཡོད་རྒྱབ་ཏུ་བཞག་སྟེ། །

གོམ་ཁ་རྒྱང་ལ་གཏད་པས། །

མང་མང་ཞེན་ཆགས་བར་ནས། །

ཡང་ཡང་ཐང་ལ་འགྱེལ་མྱོང་། །

ཨ་གསར་དགུང་ལ་རེག་ནས། །

སྨིན་པའི་རང་འགུལ་ཉམས་ཏེ། །

སྡུག་འདི་བརྗེད་པར་དོགས་པས། །

དབྱངས་གསལ་གྲོགས་སུ་བོས་ཡོད། །

སྨིག་རྒྱུའི་གྲོང་གི་མི་ཚོགས། །

དབང་མེད་བྲལ་ནས་སོང་ཚེ། །

སེམས་ལ་བབས་པའི་ཆོས་ཉིད། །

ལོ་རེ་བཞིན་དུ་ཇེ་གསལ། །

རང་གི་འགྲོ་སྟངས་འདི་ལ། །

འགྱུར་བ་མེད་ན་བསམ་བྱུང་། །

རང་ཡིག་སྐྱོང་བའི་ལས་ལ། །

བར་ཆད་མེད་པའི་སྨོན་ལམ། །

བཅུ།

སྤྱི་སེམས་མི་ཚེའི་སྲོག་ཏུ་བསྟིམས་ཤིང་ལྷག་བསམ་ཉེ་རིང་མེད་པར་གནངས་ནས་ཀུན་དང་མཐུན་པའི་གསེར་ཟམ་འཛུགས་རྒྱུ་རྩ་བའི་འགན་དུ་གསལ་བོར་བསྟན། །

སྐྱེས་ལྷར་ལྷ་བསང་ཆད་དུ་མ་འཇུག་གཡེལ་མེད་སྡོང་གྲོགས་མངོན་སུམ་ཡོད་ཅེས་དངོས་བྱུང་གཏམ་དང་སྦྱར་ཏེ་བཤད་པའི་རྣམ་འགྱུར་གཙང་མ་ཡང་ཡང་དྲན། །

བཞུགས་ཉིན་ཞི་བདེའི་ཕྱཱ་གཡང་རང་འཁྱིལ་གཤེགས་པའི་ཚེ་ཡང་བདེན་པའི་སྟོབས་ཀྱིས་ངོ་མཚར་ས་བོན་ག་ལེར་གཏོར་བ་བླ་མས་རྟེན་འབྲེལ་བཟང་པོར་གསུངས། །

དགུང་ཞག་ཞེ་དགུའི་སྲད་བུར་བརྒྱུས་པའི་དགེ་རྩ་མཐའ་དག་མཆོག་ཏུ་བསྔོས་ཡོད་བདག་གི་དྲིན་མོ་ཆོས་བསོད་ཅན་ལ་ཐར་བ་འཐོབ་པར་བྱིན་གྱིས་རློབས། །

མཐོང་ཚེ་དྲན་པ་ཁོལ་དུ་འཕྱུར་བའི་གཞིས་འདི་བསྲུང་སྟེ་འདུག་འདོད་ཆེ་ཡང་རྒྱང་བཞུད་འཚོ་བའི་བྱ་གཞག་ཁག་ཅིག་མི་འདོད་བཞིན་དུ་འདོར་དགོས་ལ། །

སྐྱ་མདོག་ཤར་བའི་ངོ་གདོང་དག་ཀྱང་རེ་བཞག་མ་བཏང་ཡིད་ཆེས་མ་བརླག་སླར་ཡང་ཁྱོད་དགའ་ང་སྐྱིད་བར་ནས་བཙལ་ཅིང་གུས་པས་སྐྱོང་དགོས་སོ། །

མ་ངེས་འགྲོ་འོང་ཉེན་ཁས་བཟུང་རུང་གཏན་སྡོད་གནས་ཀྱི་གཏད་སོ་མེད་འདི་ལོ་ན་འཕར་གྱིན་ཁུར་གྱིས་དུད་ནས་ཨ་མའི་སེམས་ལ་ལྷུང་ཡང་སྲིད། །

གཞུང་ཕྱོགས་བྱ་བའི་རི་ལུང་ཀུན་ལ་ཕ་སྐད་མ་ཡིག་མེ་ཏོག་འདེབས་པར་མོས་པ་ཆེ་ཞིང་སུན་པ་མེད་ཀྱང་གེགས་ཀྱིས་བརླམ་ཚེ་བསྐྱུར་དགོས་འདུག །

ད་ཚོད་ཡིད་ལ་བསམ་དབང་མེད་པར་སོམ་ཉིའི་སྒག་ཟྭ་ཁྲོག་ཁྲོག་བརྒྱབ་པས་གློ་བུར་ཆང་གིས་དྲན་མེད་བཟི་བའི་སྣང་བ་ཞིག་གམ་གཞན་ཞིག་གིས། །

འབྱོར་ལྡན་ལྷམ་མཐིལ་ལྡག་པའི་ངལ་དུབ་རྒུད་པའི་ན་སྡུག་ཁ་རུ་བཞག་ན་ཅི་ཡང་མིན་པའི་དཔེ་དོན་ཟབ་མོ་གཅིག་མིན་གཉིས་མིན་དུ་མར་བསྒྲགས། །

རིགས་ཞེན་སྒོམ་པའི་དམ་བཅའ་དང་པོ་འཚོ་བའི་རྩོད་ཉོག་བརྒྱུད་ནས་ཡོང་དུས་གཏང་རག་མེད་པའི་ཁུར་བོ་རྡོག་ཅིག་དོར་ན་འགྲིག་ཀྱང་བློས་མི་ཐོངས། །

གདམ་གསེས་བརྡར་གཅོད་ཚར་དུ་དངར་བའི་འཁོར་བ་འདི་ཡི་རྒྱུགས་གཞི་སྣ་ཚོགས་བྲི་འདོད་མེད་ཀྱང་དེད་དེ་ཐོན་པས་གོམ་ཁ་རང་ལ་མ་དབང་ངོ། །

ཁོམ་མེད་ལས་ཀྱི་རྐྱེན་དུ་ངེས་པའི་མངོན་མེད་དུས་ཀྱི་རྐང་བ་རྣོན་པོས་ཚེ་ཡི་དར་ཐག་དུམ་བུར་གཅོད་ལ་དོ་སྣང་གཏན་ནས་མ་བྱས་པར། །

ལག་ལེན་སྟོང་བའི་དྲན་ཤེས་རུམ་སྟེ་རང་མགོ་རང་གིས་གཡོགས་པའི་རྒྱུན་སྲོལ་རྒྱན་དུ་ངོམ་ནས་འཁོར་འདོད་མིན་ཡང་ལུས་ལ་ལྡུམ་བུ་རེག་འབྱར་བཞིན། །

བདག་པོ་མེད་པའི་རྣམ་ཤེས་མང་པོས་ནམ་ཀུན་དྲ་རྒྱའི་བསླུ་བྲིད་མ་བཟློག་ཕ་ནོར་རིན་ཆེན་བང་མཛོད་ཤོར་འདི་སྙིང་ཤ་ན་བའི་དོན་དག་ཅིག །

མྱུར་བར་བག་ཡོད་ཚུལ་གྱིས་གསོན་ཏེ་ལས་དོན་འཁྱོངས་པའི་ལག་རྟགས་མེད་ཚེ་བརྩི་འཇོག་ལྟ་བ་གླེང་རྒྱུ་ཕར་ཞོག་མི་གྲལ་འདི་ཡང་ཟིན་པ་དཀའ། །

ཞེས་པ་ནི་རང་ལ་བཀའ་དྲིན་ཤིན་ཏུ་ཆེ་བའི་མ་ཕྱི་ལགས་ཀྱི་ཚེའི་འཕེན་པ་རྫོགས་པར་མར་མེ་ཚེ་འབར་ཞིག་གི་དོད་དུ་དགུང་ཞག་ཞེ་དགུའི་ནང་བྲིས་པའོ། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།