དྲི་བསུང་དང་ལྡན་མེ་ཏོག་སྣ་ཚོགས་བཞད།།
རླུང་བུ་ལྡང་ཚེ་རྐང་བས་གར་སྟབས་སྒྱུར།།
ཆུ་འཐུང་ཉི་གཞོན་སྲོག་གི་ཀ་བ་འཛིན།།
སྐྱེས་མོས་ཚལ་ནི་མཐོ་རིས་གཉིས་སུ་མེད།།
མ་བྲིས་ངོ་མཚར་གོས་ཀྱི་རི་མོ་མཛེས།།
ཕྱོགས་ནས་ཕྱོགས་སུ་སྐད་ཅིག་བགྲོད་བྱེད་པ།།
ར་ཡིག་གཉིས་པ་ཆུ་སྐྱེས་གདོང་རིས་སུ།།
ཞུགས་ཚེ་སུམ་རྩེན་བུ་མོ་ངོ་ཚས་སྨད།།
འདབ་ཆགས་གཤོག་འགྱུར་འཕུར་མ་ནགས་སུ་འཛིངས།།
མགྲིན་པ་བཏེགས་ནས་གླུ་ཆུང་ཀྱུ་རུ་རུ།།
ཐོས་འཛིན་བུ་གར་ལན་མང་འཁོར་བའི་ཚེ།།
ཟླ་བའི་སྲས་མོའི་ངག་ལ་འགྲན་པར་ངེས།།
ཆུ་འཛིན་ཡོལ་བ་གཡོ་བའི་རྒྱབ་ཀྱི་ཕྱོགས།།
འཇིགས་བྱེད་སྤྲིན་གྱི་སྒྲ་འཛིན་གང་དེ་ཡིབ།།
བདེ་ཐུང་གློག་གི་དབྱུ་གུ་ཐོགས་པ་ནི།།
དཔྱིད་ཀའི་དཔལ་ཡོན་བསུ་བའི་བརྡ་རྟགས་ཡིན།།
རིན་ཆེན་གཡུ་ཡི་ཕུང་པོ་གཏོར་བ་ལྟར།།
མཛེས་སྡུག་ལྟ་བས་མི་ངོམས་མཐོང་ཀའི་མདོག།
དྲི་བཞོན་བསྐྱོད་པས་དགའ་མགུ་བྱེད་པ་འདི།།
ས་སྐྱོང་ཞབས་ལ་མགོ་བོས་བཀུར་དང་མཚུངས།།
འབྱམས་ཀླས་ཀུན་གསལ་ཁྱོན་གྱི་ཀློང་དཀྱིལ་ནས།།
རླུང་གི་རྒྱལ་མཚན་གཡས་གཡོན་རྣ་ཆ་བཏགས།།
བཅུ་གཉིས་བདག་པོ་བར་མེད་རྒྱུ་བའི་དུས།།
རིགས་དྭགས་ཚོགས་ཀྱི་བཞིན་རས་བཀུམས་པར་གྱུར།།
མཚན་མོར་དབང་བྱེད་རི་བོང་འཛིན་པ་ཡིས།།
ཀུ་མུ་ད་ཡི་ཡིད་དབང་འཕྲོག་བྱེད་པ།།
མཚན་མོ་ལ་ཆགས་དགའ་བས་མྱོས་པའི་མདངས།།
སྒྲ་ཅན་མ་ཡིས་མཐོང་ན་སེམས་པ་སྐྱེངས།།
གནམ་སྔོན་ས་ལ་འཕོས་ལྟར་དཔྱིད་ཀྱི་དཔལ།།
ལེགས་བྲིས་རི་མོ་བཞིན་དུ་མཛེས་པ་ཡི།།
མཐོང་ཚེ་སེམས་ཀྱི་བུ་མོ་འཕྲོག་བྱེད་ཅིང་།།
སྨྲ་བསམ་ཡུ་ལས་རབ་འདས་ཨེ་མ་ཧོ།།
2022/5/15