ཀྲུང་གོ་བོད་ཀྱི་དྲ་བ།

སྐྱོ་གདུང་གི་མཚན་མོ་དེར།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : མགོན་པོ་དོན་གྲུབ།   སྤེལ་དུས། : 2022-08-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

སྐྱོ་གདུང་གི་མཚན་མོ་དེར།

      རྟ་ཐང་རྫོང་8.18གྱི་ཆུ་ལོག་གནོད་འཚེ་ལ་བྲིས།

རྟ་བདུན་དབང་བོ་ཆུ་ལྷའི་ཕང་བར་བཞུད་པའི་སྟོན་ཀའི་མཚན་མོ་དེར།

རི་ཀླུང་དང་གཙང་པོ་ལྷིང་འཇགས་གེར་གཉིད་དུ་ཁུམ་པའི་མཚན་མོ་དེར། 

ཨ་ཐང་ཆད་པའི་སོ་ནམ་པས་མིག་ཟུང་བཙུམ་ནས་རྨི་ལམ་ཐུན་གཅིག་གི་མགོ་རྩོམ་དུས།

གློ་བུར་དུ།  སྤྲིན་ལམ་དབྱིངས་སུ་རླུང་འཚུབ་འུར་འུར་དུ་ལྡིང་ཞིང་གློག་དམར་ལམ་ལམ་དུ་འཁྱུག  འབྲུག་སྒྲ་ལྡིར་ལྡིར་དུ་གྲགས་ཞིང་ཆར་བ་ཤག་ཤག་ཏུ་བབས། 


ཀྱེ་མ་ཀྱི་ཧུད།  ཨ་སྔོན་དབྱིངས་སུ་འཁྱུག་པའི་གློག་དམར་ཐེངས་གཅིག་གིས་རྟ་ཐང་རྫོང་གི་མཚན་མོ་དེར་གཉིད་ལས་དཀྲོགས་བྱུང་།  སྨྱོན་པའི་ལག་ཏུ་རལ་གྲི་ཤོར་བ་ལྟ་བུའི་དྲག་ཆར་བབས་བྱུང་།  གསོན་འདྲེ་ཇི་བཞིན་སྙིང་རྗེ་མེད་པའི་ཆུ་ལོག་རྒྱུགས་བྱུང་། 

སྐད་ཅིག་མར།  ས་སྒང་འདིའི་སྒལ་གཞུང་ན་རང་ཉིད་ཀྱི་འཚོ་འཚིས་ལ་བྲེལ་བཞིན་པའི་ཉམ་ཐག་སྐྱེ་འགྲོའི་གཞིས་ཁྱིམ་གཏོར།  ཕ་དང་བུ་ཡི་ལག་རྡང་ཐོར།  ཐ་ན་མི་ཟོག་མང་པོའི་ཚེ་སྲོག་བཅོམས། 

དུས་དེར།  ཕྱི་སྣོད་འཇིག་རྟེན་གྱི་མཛེས་པ་འཕྲོག་ཅིང་ནང་བཅུད་སེམས་ཅན་གྱི་ཁྲག་རྒྱུན་བཅད།  

དུས་དེར།  མི་ཡུལ་ལ་འཇིག་རྔམ་གྱི་གོད་ཆག་བྱུང་ཞིང་མི་ཚོགས་ནས་སྐྱོ་གདུང་གི་ངུ་དབྱངས་མཆེད།  

དུས་དེར།  ལྷིང་འཇགས་ཀྱི་རི་གྲོང་དཀྲོགས་ནས་གདུག་རྩུབ་ཀྱི་གཏམ་རྒྱུད་བྲིས། 


གཅེས་ཕྲུག  ཁྱོད་གང་ན་ཡོད།  ཁྱོད་གཏན་ནས་འཆི་མི་རུང་།  འདི་ནི་བྱམས་ལྡན་ཕ་མ་ཞིག་གིས་སྙིང་གི་གཅེས་ཕྲུག་ལ་ཤོར་བའི་ལྷད་མེད་ཀྱི་གདུང་སེམས་རེད།   

གཉེན་ཉེ།  ཁྱོད་རང་སྐྲག་མི་དགོས།  ང་ཚོ་མྱུར་མོར་བསྐྱབ་ཏུ་ཡོང་།  འདི་ནི་ཤི་གསོན་ལ་མི་སྐྲག་པར་ཡུལ་དངོས་དང་པོར་འབད་འཐབ་བྱེད་པའི་གནོད་སེལ་མྱུར་སྐྱོབ་པ་ཞིག་གི་འབོད་སྐུལ་རེད།

སྤུན་ཟླ།  ཁྱོད་རང་འཆི་མི་སྲིད།  རང་རྒྱལ་གྱི་སྨན་བཅོས་ལག་རྩལ་ཧ་ཅང་ལེགས།  འདི་ནི་སེམས་ཅན་ནད་ཀྱི་སྡུག་བསྔལ་ལས་གྲོལ་བར་བྱེད་པའི་ལྷ་རྗེ་ཞིག་གི་ཁམས་གསོ་རེད། 


རེད་དེ།  འདི་ནི་རང་བྱུང་ཁམས་ཆེན་པོས་མི་ཡུལ་ལ་བསྩལ་བའི་གོད་ཆགས་ཐེངས་ཤིག་ལགས་པས།  ཆུ་ལོག་ལ་བརྩེ་བ་མེད་ཀྱང་མི་ཡུལ་ལ་བརྩེ་སེམས་ཁེངས།  

གྲོགས་པོ་ལགས།  ཏང་དང་རྒྱལ་ཁབ་ཀྱི་དྲོད་ཁོལ་ཡངས་པོ་གནོད་ཁུལ་དུ་བསྐྱལ་ཡོད་པས་བློ་མ་ཕམ།   

རིགས་སོ་སོའི་མང་ཚོགས་ཀྱི་ལྷད་མེད་བརྩེ་སེམས་རྟ་ཐང་ལ་འཆང་ཡོད་པས་སེམས་མ་སྐྱོ།   

དད་ལྡན་མང་ཚོགས་ཀྱི་སྐྱབས་འཇུག་སྨོོོོོན་ལམ་ཁྱེད་རང་ཚོར་ཞུས་ཡོད་པས་ཡིད་མ་ཆད། 

སྐྱོ་གདུང་དང་ངལ་དུབ་ཀྱི་སེམས་པ་སྙིང་ལ་སྒོམ་ནས་ཞུམ་མེད་ཀྱི་སྤོབས་པས་ཧུར་གྱིས་བརྩོན་དང་།  ཕྱོགས་སོ་སོའི་གནད་འཕིགས་རོགས་སྐྱོར་གྱི་དཔུང་སྡེ་བརྟན་པས།  ཁྱེད་རང་སྔོན་ལྟར་མཛེས་ཤིང་སྔར་བཞིན་སོས་ཆོག  ཡིད་ཆེས་ཀློང་གི་སྐྱ་རེངས་ཀྱི་ཉི་ཟེར་རྟ་ཐང་གི་རི་རྩེ་རུ་འཕྲོ་ངེས་སོ།།

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།