ཀྲུང་གོ་བོད་ཀྱི་དྲ་བ།

རྨོ་བོ་དྲན་པ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : ཁྱུང་ཚང་འབྲུག་ལྷ།   སྤེལ་དུས། : 2022-07-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

གང་ཞིག་མས་བོར་རི་དྭགས་སྐྱོ་ངལ་གྱིས། །

བརྩེ་བའི་མ་རང་དྲན་པའི་ངུ་ངག་ལ། །

སྙིང་རྗེའི་བྱིན་རླབས་མེ་ཏོག་རྟག་གཏོར་བའི། །

དབྱིངས་ཀྱི་ལྷ་ཡིས་ངག་གི་སྨྲ་བ་སྩོལ། །

རེ་ཞིག་རབ་ཏུ་དྲན་པས་ཁུར་ལྕི་བས། །

དྲིན་ཆེན་རྨོ་བོ་བུ་ཡི་ཡིད་སེམས་ཀྱི། །

དམ་ཅན་མཆོད་པའི་སྡིངས་ཀར་གཟིགས་ཞིབ་ཏུ། །

གདན་འདྲེན་ཞུ་བར་སྐྱོར་མའི་ལག་ཟུང་འབུལ། །

གང་ཚེ་འདས་པའི་ལོ་ཟླའི་ཁང་ཆུང་དུ། །

གློག་སྒྲོན་མག་མོག་འོག་ཏུ་བྱིས་པ་དེས། །

གླུ་ཆུང་ལེན་པའི་ཚེ་ན་དགའ་མགུ་ཡི། །

ཞེ་ལྷོད་འཛུམ་བཅས་མཉན་པའི་རྨོ་བོ་དྲན། །

རྒས་པའི་འབྱུང་བཞིའི་ལུས་པོ་ཉམས་གྱུར་ཀྱང་། །

བྱ་བ་ཙག་ཙིག་སྒྲུབ་པར་ངལ་བ་མེད། །

ཉིན་རྒྱུན་བོད་ལྭ་མཛེས་པར་མནབས་ནས་ནི། །

གར་འགྲོ་འཁར་བར་བརྟེན་པའི་རྨོ་བོ་དྲན། །

ཞོགས་པའི་སྔ་སར་སྐྱབས་འགྲོས་དབུ་བཙུགས་ནས། །

སེམས་ཅན་ཐམས་ཅད་བདེ་སྐྱིད་ལྡན་ཤོག་ཅེས། །

སྙིམ་པ་སྙིང་གར་སྦྱར་ནས་སེམས་ཁོང་ནས།

གསོལ་བ་ཡང་ཡང་འདེབས་པའི་རྨོ་བོ་དྲན། །

གཟའ་འཁོར་ལྔ་པར་རེ་ཞིང་སྒུག་ཡོད་ཁར། །

སློབ་གྲྭ་གྲོལ་རྗེས་ཁྱིམ་ལ་འཛུལ་དུས་སུ། །

དྲན་གདུང་ངག་གིས་ཐེངས་གཅིག་བོས་པ་ན། །

མྱུར་དུ་ཨ་ལན་སྟེར་བའི་རྨོ་བོ་དྲན། །

ཉི་མ་ནུབ་རིའི་ཕར་ལ་ནུབ་རག་བར། །

སྐྱིད་པའི་ཚོར་བ་ཏོག་ཙམ་མ་བྱུང་ལ། །

མུན་ནག་སྟུག་པོས་བདག་སེམས་མནར་གྱུར་ན། །

རྨོ་བོའི་རྣམ་དག་ལྷག་བསམ་ཡང་ཡང་དྲན། །

གང་ཞིག་དྲན་གདུང་ཚ་བས་མནར་བ་ཡི། །

སེམས་ཀྱི་གླང་པོ་ཁྲུས་སུ་འཇུག་མཛད་པའི། །

སྤྱི་ནོར་བླ་མའི་ཐུགས་རྗེའི་ལྕགས་ཀྱུ་ཡིས། །

རྨོ་བོ་དྲན་པའི་སྨྱོ་ལབ་འཇགས་པར་ཤོག །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།