ཀྲུང་གོ་བོད་ཀྱི་དྲ་བ།

ལས་ཡག་ལམ་འགྲིག

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : ཁྲོཾ་ཐར་པདྨ་འཕྲིན་ལས།   སྤེལ་དུས། : 2022-06-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ལོ་དང་ཟླ་བར་བསླས་པའི། །

ཚིག་གསུམ་སྐར་མའི་སྙན་ཤལ། །

ད་རུང་ཉི་ཟླའི་ཕྲེང་བ། །

གཙང་བོའི་གཞུང་ལ་མ་བཏབ། །

ཤར་བཞུད་སྤྲིན་ལ་བསྐུར་ཡོད། །

སྤྲིན་དཀར་སླེབས་པ་བྱུང་ན། །

མ་བྲིས་ཨ་ཡིག་དཀར་པོ། །

བྲག་དམར་ཐེམ་ལ་མ་རྐོ། །

སྤྲིན་པའི་ཟེ་བར་ཐོགས་དང་། །

ཚེ་འགྲོ་ཚེ་ཡི་ལམ་བྱང་། །

གཏན་དུ་ཞེ་ལ་དཔར་ཆོག །


དབྱར་གསུམ་དབྱར་ལ་བཏགས་པའི། །

སྙིང་གཏམ་བལ་དཀར་སྐ་རགས། །

ད་རུང་དངུལ་དཀར་གྲི་ཆུང་། །

སྡེ་ཆེན་ཁྲོམ་ལ་མ་འཚོང་། །

ལྷོ་བཞུད་རླུང་ལ་སྐུར་ཤོག །

རླུང་བུ་འདི་གར་བྱུང་ན། །

གཡས་འཁོར་གཡུང་དྲུང་རི་མོ། །

ཤིང་སྒོའི་ཐོད་ལ་མི་འབྲི། །

རླུང་གི་གཤོག་པར་འདོགས་ཡོང་། །

ཞེ་མཐུན་འཁོར་བའི་གླུ་ཆུང་། །

གཏན་དུ་ངག་ལ་གྱེར་ཤོག །


ཨ་འགྲིག་སྲིད་པའི་སྐར་ཁྱིམ། །

ཆ་འགྲིག་ཉི་མ་ཟླ་བ། །

ཡང་འགྲིག་འཁོར་བའི་བར་སྣང་། །

ལན་གཅིག་འགྲིམ་རྒྱུ་བྱུང་ན། །

ལྷ་ཡི་བྱུང་རབས་མི་འདེད། །

འདྲེ་ཡི་རྫུ་འཕྲུལ་མི་སྤྲོ། །

ཕུན་ཚོགས་འཁོར་བའི་ཐང་ལ། །

དགའ་བདེའི་དཔལ་གྱིས་ཆས་འགྲོ། །

སྲིད་པ་འཁོར་བའི་ཆུ་བཞི། །

འཇིག་རྟེན་སྲིད་པའི་ལ་དྲུག །

ཞེ་ཚིག་མགུར་མས་བརྒལ་ཆོག །

རང་བྱོན་བརྩེ་བས་འཕུར་འགྲོ། །

ཡ་གི་ལྷ་ཡི་དཀྱིལ་འཁོར། །

མ་གི་དམྱལ་བའི་ཟངས་དམར། །

སེམས་ཉིད་ལྡོག་ཏུ་འཕྲོས་པའི། །

སྣང་སེམས་དྲོན་མོ་ཡིན་ན། །

མི་ཡུལ་བདེ་བ་ཆེན་པོ། །

འཛུམ་ཆུང་འོ་མའི་ནང་ཡིན། །

ལས་ཡག་ལམ་འགྲིག་བྱུང་བ། །

བརྩེ་ཆེན་ནང་གི་རྟེན་འབྲེལ། །

འཁོར་བའི་སྨོན་ལམ་རང་འགྲུབ། །

ཨེ་མ་ང་ཡི་མི་ཡུལ། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།