ཀྲུང་གོ་བོད་ཀྱི་དྲ་བ།

སྙིང་ཉེ་བའི་རང་ཉིད་ལགས།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : གངས་ཆབ་ལྷ་སྲས།   སྤེལ་དུས། : 2022-06-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཁྱོད་རང་མཐའ་མི་མངོན་པའི་དབྱིངས་སུ་རྒྱུ་བའི།

གནས་ཡུལ་མེད་པའི་བྱེའུ་དེ་ནང་བཞིན།

ནང་སེམས་ལ་ལྡིང་སྐོར་འགའ་བརྒྱབ་རྗེས།

ཐང་ཆད་པའི་ཚུལ་གྱིས་རང་ཉིད་ལ་ལེ་བདའ་བྱེད་དོན་ག་རེ་ཡིན།

སྙིང་ཉེ་བའི་རང་ཉིད་ལགས།

ཚོར་སྣང་ཀློང་གི་རྒྱང་རིང་ཞེས་པ་དེ།

འཁྲུལ་སྣང་གིས་བྱུག་པའི་རྨི་ལམ་ཞིག་གམ།

ཡང་ན་ལག་ཏུ་འཛིན་མི་ཐུབ་པའི་ཞལ་རས་ཤིག

ཉམ་ཐག་པའི་ཟོལ་གྱིས་མི་ཡུལ་འདིའི་ཁྲོམ་གཞུང་ནས།

ཁྱེད་རང་ཞེད་སྣང་གི་དབང་དུ་ཚུད་དེ་འདུག་དོན་ག་རེ་ཡིན།

སྙིང་ཉེ་བའི་རང་ཉིད་ལགས།

ཅི་ཡང་མི་ནུས་པའི་གྲུ་ག་དེ་ནས།

ཚོར་བས་དེད་པའི་སྐྱོ་སྣང་གི་ན་བུན།

སེམས་ཀྱི་འཆར་སྒོའི་ངོས་སུ་འཐིམས་རྗེས།

གདུང་བའི་མེ་ལོང་ནང་གི་གཟུགས་བརྙན་དེ་དག

ཡང་དང་བསྐྱར་དུ་དབང་མེད་ངང་གིས་ལྟ་དོན་ག་རེ་ཡིན།

སྙིང་ཉེ་བའི་རང་ཉིད་ལགས།

འདས་པའི་མི་ཚེ་ཡི་བྱང་ཁོག་ནང་དུ།

ཐོབ་ཤོར་གྱི་རི་མོ་སྤར་གང་བྲིས་ཡོད།

ཡོད་ཚད་ཀྱི་ཡང་སྙིང་སུན་སྣང་དེ་ཡིན་ན།

ད་དུང་བྱིས་པ་བཞིན་རྩེད་རྒོད་ལ་གཡེང་ནས།

ཤ་ཚ་བའི་རང་གི་མི་ཚེ་ལ་འགྲེལ་བཤད་ཅིག་མེད་དོན་ག་རེ་ཡིན།

སྙིང་ཉེ་བའི་རང་ཉིད་ལགས།

ལངས་ནས་འགྱེལ་སོང་བ་དག

སླར་ཡང་བདེ་སྐྱིད་ཀྱི་སྒོ་འགྲམ་དུ་ཆས་དུས།

ཞུམ་པ་མེད་པའི་མི་འདི་ཚོ་རྟོགས་ནའང་།

སྟོང་ལྷང་ངེར་གྱི་མཚན་ལྗོངས་གང་མང་ཞིག

ཟླ་འོད་དབེན་པའི་སྐར་འོད་ཀྱི་འོག་ནས།

མིག་ཆུ་འཁྱག་པ་དེ་སེར་སྣ་མེད་པར་བཞུད་དོན་ཅི་ཞིག་ཡིན།

སྙིང་ཉེ་བའི་རང་ཉིད་ལགས།

འདོད་མོས་ལྟར་འཚོ་བ་རོལ་དང་།

མཛེས་སྡུག་མཐའ་དག་གམ་ན་ཡོད་པས།

རང་ཉིད་ཡིད་འོང་བའི་སྦྲང་ཆུང་དེར་སྤྲུལ་ནས།

མཚར་སྡུག་གི་ལང་ཚོ་རྒྱས་པའི་མེ་ཏོག་གི་དོ་ར་ནས།

སྐྱེ་བ་འདིའི་སྣང་བརྙན་སྤྲོ་བ་དང་བསྲེས་ན་མི་ཆོག་གམ།

སྙིང་ཉེ་བའི་རང་ཉིད་ལགས།

མིག་མདུན་ནས་བོར་སོང་བ་དེ་དག་དང་།

རྒུད་བཞིན་པ་དག་གི་དབང་དུ་མི་འགྲོ་བར།

བདེ་སྐྱིད་ཀྱི་རྨི་ལམ་ཁོ་ན་རྔུབ་ནས།

འཛུམ་དམུལ་དམུལ་གྱིས་ལོ་ཟླ་རིང་མོ་བསུས་ཏེ།

སེམས་ངལ་གྱི་རྒྱུ་མི་འཇིགས་པར་སྤོབས་པས་གསོན་ན་མི་འགྲིག་གམ།

སྙིང་ཉེ་བའི་རང་ཉིད་ལགས།

ཁེར་རྐྱང་གི་སྣང་བ་ཟ་ཟི་དེ།

མོག་མོག་གི་ངོ་གདོང་ཞིག་ཡིན་པས།

མུན་ནག་ལྟ་བུའི་འཁོར་བའི་གྲོང་ཁྱེར་གྱི་སྲང་མདོ་ནས།

འོད་ཀྱིས་བཏེགས་པའི་ཤེས་རབ་ལ་འཁྱུད་ནས།

རང་ལམ་རང་གིས་འཚོལ་བཞིན་ཆས་ན་མི་ལེགས་སམ།

སྙིང་ཉེ་བའི་རང་ཉིད་ལགས།

འཚོ་བའི་གས་སྲུབ་བར་ནས།

དཀའ་སྡུག་གི་མེ་སྒོང་བརྒྱབ་རྗེས།

ཨམ་གཙིགས་བསྡམས་ནས་མི་རོལ་བར།

རང་ཉིད་ཀྱི་དགའ་ཕྱོགས་ལ་འབུངས་ནས།

ལས་དབང་གི་ཁ་ཡིག་དང་ལེན་བྱས་ཏེ་བསྐྱོད་ན་མི་ཡག་གམ།

སྙིང་ཉེ་བའི་རང་ཉིད་ལགས།

མི་ཚོགས་ཀྱི་ཁ་རླངས་ཕོག་པར་སྐྲག་ནས།

བདེན་དོན་གྱི་མཛེས་པ་མི་མཐོང་བའི་ལུང་སྟོང་དེ་ནས།

གཉོམ་ཆུང་ཆུང་གི་ངང་ནས་གསོན་པ་ལས།

རེ་བ་ཏིལ་ཙམ་གྱི་སླད་དུ་སེམས་ཤུགས་བསྐྱེད་དེ།

རང་ཉིད་འགྲོ་འདོད་སའི་ལམ་ཁ་ལ་ཤེད་ཀྱིས་གོམ་པ་སྤོས་ན་མི་ཆོག་གམ།

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།