ཀྲུང་གོ་བོད་ཀྱི་དྲ་བ།

འབྲི་ཆུའི་འགྲམ་ངོགས་ཀྱི“རེ་བའི་མྱུ་གུ།”

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2022-03-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཟླ2པའི་ཚེས25ཉིན། མཚོ་ངོས་ལས་མཐོ་ཚད་ལ་ཕལ་ཆེར་སྨི4000ཙམ་ཡོད་པའི་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཁྲི་འདུ་རྫོང་ཞིབ་དབུས་གྲོང་རྡལ་གྱི་འབྲི་ཆུའི་འགྲམ་ངོགས་སུ་སོང་བ་ན། ཟམ་ཆེན་ཞིག་གིས་ཁུ་སིམ་མེར་ཆུ་བོའི་འགྲམ་གཉིས་སྦྲེལ་ཡོད་པ་མཐོང་ཐུབ། གྲུ་མདའ་སྡེ་བ་ནི་ཟམ་པ་དེའི་ཉེ་འགྲམ་ན་ཡོད་ཅིང་། “གྲུ་མདའ”ཞེས་པ་ནི“ཡུས་ཧྲུའུ་ཡི་འབྲི་ཆུའི་འགྲམ་ངོགས་ཀྱི་རབ་ཁ”ཞེས་པའི་དོན་ཡིན། “ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོ”ཡི་དཔྱིད་རླུང་དེ་འབྲི་ཆུའི་འགྲམ་ངོགས་སུ་དལ་གྱིས་ལྡང་དུས། གྲུ་མདའ་སྡེ་བའི་སྡེ་མིའི་སེམས་ལའང་དྲོད་ཁོལ་སྦྱིན་བྱུང་།

“བུ་དགའ། ཁྱེད་ཚང་ལ་ཞིང་ས་མང་གི ད་ལོར་ཚང་མར་ལོ་ཏོག་བཏབ་ནས་ཐང་རྒོད་དུ་ལུས་སུ་མ་འཇུག ཞིང་ས་དེ་འདྲའི་གཤིན་པོ་ཞིག་བེད་མེད་དུ་བསྐྱུར་ན་ཅི་འདྲའི་ཡིད་ཕངས་པ་ལ”ཞེས་གྲུ་མདའ་སྡེ་བའི“ཧྲུའུ་ཅི་དང་པོ”རྡོ་རྗེ་ཚེ་རིང་གིས་འདི་ལྟར་བཤད་ཀྱིན་འདུག དེ་རིང་ནི་སྡེ་བའི“ཨུ་ཡོན་ལྷན་ཁང་གཉིས”ཀྱི་ཁོངས་མིས“ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོ”དེ་ཁྱིམ་ཚང་དུ་སྒྲོག་འགྲེལ་རྩ་འཛུགས་བྱེད་པའི་ཉིན་དང་པོ་ཡིན་ལ། བུ་དགའ་ཚང་ནི་སྒྲོག་འགྲེལ་ཁྱིམ་ཚང་དང་པོ་རེད།

“ང་ཚོའི་སྡེ་བར་བསྡོམས་པས་ཁྱིམ་ཚང106ཡོད་ལ། སྤྱད་ཆོག་པའི་ཞིང་ས་སྤྱི་ཆིང55.2ཡོད། སྡེ་བའི་ཁྱིམ་ཚང་ཚང་མར་རང་ཉིད་ཀྱི་ཞིང་ས་ཡོད་པ་དང་། བུ་དགའ་ཚང་ལ་ཕལ་ཆེར་ཞིང་ས་སྤྱི་ཆིང0.3ཡོད་པ་དེ་ནི། སྡེ་བའི་ནང་གི་ཞིང་ས་ཅུང་མང་པའི་གྲས་ཡིན་སྟབས། ང་ཚོས་ཐོག་མར་བུ་དགའ་ལ་ད་ལོའི་སྲིད་ཇུས་བཟང་པོ་དེ་འགྲེལ་བཤད་ཅིག་བྱེད”ཅེས་རྡོ་རྗེ་ཚེ་རིང་གིས་འགྲམ་ནས་འདི་ལྟར་མཚམས་སྦྱོར་བྱས།

“ད་ལོར་ངས་ངེད་ཚང་གི་ས་ཞིང་ཡོད་ཚད་ལ་ནས་འདེབས་རྒྱུའི་འཆར་གཞི་འཐེན་ཡོད་ལ། ཧྲུའུ་ཅིའི་སྒྲོག་འགྲེལ་ལ་མཉན་པ་དང་། སྡེ་བས“ཆུ་འཐག་རྩམ་པ”ཡང་བསྐྱར་ཞིག་གསོ་བྱེད་རྒྱུའི་དོན་དེ་གོ་རྗེས། ང་ལ་ལྷག་ཏུ་སེམས་ཤུགས་ཤིག་སྐྱེད་བྱུང་། ”ཞེས་བུ་དགས་དགའ་སྤྲོའི་ངང་འདི་ལྟར་བཤད།

མ་གཞི་སྡེ་བའི་ཞེའུ་ཆུ་བོའི་སྟེང་དུ་རང་འཐག་ཅིག་ཡོད་མོད། ལོ་མང་པོར་ཞིག་གསོ་མ་བྱས་པས་ད་ལྟ་སྤྱོད་ཐུབ་ཀྱིན་མེད་པ་རེད།

“ང་ཚོའི་སྡེ་བའི་ཞིང་ས་མང་ཆེ་ཤོས་ལ་ནས་དཀར་ནག་གཉིས་འདེབས་ཀྱིན་ཡོད་མོད། འོན་ཀྱང་ནས་འཚོང་མཁན་ཧ་ཅང་ཉུང་། མང་ཆེ་བས་རང་གིས་ཟ་བའམ་ཡང་ན་ཤ་ཉེ་འབྲེལ་དང་གྲོགས་པོ་བཅས་ལ་སྟེར་བཞིན་ཡོད་སྟབས། ཐོན་ལས་ཆགས་རྒྱུ་གཞི་ནས་དཀའ་བར་ལུས་ཡོད། འོན་ཀྱང་ད་ལོར་ང་ཚོས་རང་འཐག་ཆུ་འཁོར་ཞིག་གསོ་བྱེད་རྒྱུའི་འཆར་གཞི་བཟོས་ཡོད་ཅིང་། སྐབས་དེར་ཐོན་ན་སྡེ་བའི་ཐུན་མོང་གི་མིང་ཐོག་ནས་སྡེ་མིའི་ལག་ནས་ནས་ཉོ་བ་དང་། དེ་ནས་ལས་སྣོན་བྱས་པའི་རྩམ་པ་ཡུས་ཧྲུའུ་གྲོང་ཁྱེར་དང་ཟི་ལིང་ལ་དྲུད་ནས་བཙོངས་པ་ན་དེའི་ཁེ་སྤོགས་སྡེ་དམངས་ལ་བགོས་ཆོག དེ་ལྟར་བྱས་ན་ཕྱོགས་གཅིག་ནས་སྡེ་མིའི་ཡོང་སྒོ་ཇེ་མང་དུ་གཏོང་ཐུབ་པ་དང་། ཕྱོགས་གཞན་ཞིག་ནས་ང་ཚོའི་གནའ་བོའི་སྲོལ་རྒྱུན་བཟོ་རྩལ་ཡང་རྒྱུན་འཛིན་བྱེད་ཐུབ་པས། གཅིག་གོ་མང་ཆོད་ཀྱི་དོན་བཟང་ཞིག་རེད།”ཅེས་རྡོ་རྗེ་ཚེ་རིང་གིས་གསལ་བཤད་བྱས།

རྡོ་རྗེ་ཚེ་རིང་འཁོར་དང་བཅས་པ་བུ་དགའ་ཚང་ནས་ཕྱིར་བུད་རྗེས། གོམ་མཚམས་མ་བཞག་པར་མུ་མཐུད་དུ་ཁྱིམ་ཚང་རྗེས་མར་སྒྲོག་འགྲེལ་བྱེད་དུ་སོང་།

“ཨ་ཡེ། ད་ལོར་ཡང་ཁྱེད་ཚང་གི་ཞིང་སར་སེམས་ཁུར་བྱེད་མི་དགོས། སྔར་བཞིན་ང་ཚོའི་སྡེ་བའི‘ཨུ་ཡོན་ལྷན་ཁང་གཉིས’ཡོང་ནས་འདེབས་རོགས་བྱེད་ལ་བརྔ་དུས་ཀྱང་ང་ཚོ་ཡོང་། ད་ཁྱེད་ཀྱིས་སེམས་བདེ་མོ་བྱོས།”ཞེས་རྡོ་རྗེ་ཚེ་རིང་གིས་ལོ་ལོན་ཞིག་གི་ལག་པར་འཇུས་ནས་དལ་མོར་བཤད་བྱུང་།

ད་ལོར་ལོ་ན80ལྷག་ལ་སོན་པའི་མེ་མེ་ཚང་ནི་དེ་རིང་གི་སྒྲོག་འགྲེལ་ཁྱིམ་ཚང་གཉིས་པ་རེད། ཁོ་མོ་ཚང་ལ་དབང་པོ་སྐྱོན་ཅན་གྱི་བུ་མོ་གཅིག་མ་གཏོགས་མེད་པས། ཧ་ལམ་ངལ་རྩོལ་པ་མེད་སྟབས། ལོ་རེར་ཁོ་མོ་ཚང་གི་ཞིང་ནི་སྡེ་བའི“ཨུ་ཡོན་ལྷན་ཁང་གཉིས”ཡོང་ནས་འདེབས་རོགས་དང་བསྡུ་རོགས་བྱས་པ་རེད། རྡོ་རྗེ་ཚེ་རིང་གིས་ལོ་ལོན་དང་ཁ་བརྡ་བྱེད་ཞོར་ཡིག་ཆའི་ནང་དོན་འགྲེལ་བཤད་བྱས། ཁོ་མོས་མིག་མཐར་མཆི་མ་འཁོར་ཞོར་རྡོ་རྗེ་ཚེ་རིང་གི་ལག་པར་དམ་པོར་འཇུས་ཏེ། ལན་རེར་འཛུམ་མདངས་དང་བཅས་ཏེ་མགོ་ལྕོག་ལྡེམ་པའི་བདེ་སྐྱིད་ཀྱི་རྣམ་པ་དེ་ནི་ཁོ་མོས་རྡོ་རྗེ་ཚེ་རིང་ནི་རང་གི་བུ་རུ་བརྩིས་པ་དང་འདྲ།

“ང་ཚོ་ཁྱིམ་ཚང་དུ་སོང་ནས་སྒྲོག་འགྲེལ་བྱེད་པ་ལས་གཞན། བྱེས་སྡོད་སྡེ་དམངས་ལ་དྲ་ལམ་བརྒྱུད་དེ་སྒྲོག་འགྲེལ་བྱེད་བཞིན་ཡོད། ‘ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོ’ཡི་ནང་དོན་དེ་ཁ་གསལ་གོ་བདེ་ཤེས་སླ་བའི་བརྙན་ཐུང་དུ་ཕབ་ནས་བསྐུར་ཏེ། ཁོ་ཚོ་སྡེ་བའི་ནང་དུ་མེད་རུང་སྡེ་བའི་ནང་གི་སྲིད་ཇུས་གསར་པ་དེ་མ་ཐག་རྒྱུས་ལོན་བྱེད་ཐུབ་པ་བྱས་པ་ཡིན”ཞེས་སྡེ་བའི་ཧྲུའུ་ཅི་ཡ་མ་ཚེ་རིང་གིས་འདི་ལྟར་བཤད།

རྡོ་རྗེ་ཚེ་རིང་གིས་དེའི་རྗེས་མཐུད་ནས་བཤད་རྒྱུར“ད་ལོར། ང་ཚོ་སྡེ་བ་སྔར་བཞིན་འོད་ཧྥུ་གློག་འདོན་ས་ཚིགས་ཀྱི་ལས་གཞི་ནང་ཞུགས་རྒྱུ་ལས་གཞན། གཙང་གསུམ་འབྱུང་ཡུལ་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་དྲན་གསོའི་རྡོ་རིང་དང་ཟུང་འབྲེལ་བྱས་ཏེ། ཡུལ་སྐོར་ལས་གཞི་སྐོར་ཞིག་གསར་སྤེལ་བྱེད་རྒྱུའི་འཆར་གཞི་འཐེན་ཡོད། སྡེ་བར་འདི་འདྲའི་ཡུལ་ལྗོངས་ཉམས་དགའ་བ་ཡོད་པའི་ཁར། ཁྱད་ཆོས་མངོན་གསལ་ལྡན་པའི་གནའ་བོའི་རང་འཐག་ཆུ་འཁོར་ཡང་ཡོད་པས། ཡུལ་སྐོར་ལས་གཞི་འདི་ལ་མདུན་ལྗོངས་རྒྱ་ཆེན་ལྡན་པའི་ཡིད་ཆེས་ཡོད་ཅིང་། ཐོན་ལས་དང་པོ་དང་གཉིས་པ།གསུམ་པ་བཅས་མཉམ་འདྲེས་གོང་འཕེལ་གཏོང་རྒྱུ་བརྩོན་ལེན་བྱས་ཐོག སྣ་མང་པོ་དར་རྒྱས་བཏང་སྟེ། སྡེ་བར་སྣེ་ཁྲིད་དེ་གྲོང་གསེབ་དར་སྤེལ་གྱི་ལམ་ཁ་རུ‘སྐས་རིམ་གསར་པ་ཞིག་ཏུ་སྤོ’དགོས།”

གཡུ་འབྲུག་འཁྱུག་པ་ལྟ་བུའི་འབྲི་ཆུ་ནི་རྒྱུན་ཆད་མེད་པར་རྒྱང་རིང་གི་ཕྱོགས་སུ་བཞུར་ཞིང་། མིང་མི་ཐོགས་པའི་བྱ་བྱེའུ་ཚོགས་ཀྱིས་རི་ཁུག་ན་ལྡིང་སྐོར་བྱེད་བཞིན་འདུག གྲུ་མདའ་སྡེ་བའི་སྡེ་མི་རྣམས་ཀྱིས་ད་ལོའི་ནས་ཀྱི་ས་བོན་འདེབས་པའི་དུས་བཟང་ཞིག་ལ་སྒུག་ཡོད་ཅིང་། སེམས་སུའང་རེ་འདུན་བཟང་པོ་བཅངས་ཡོད་ལ། དེར་རྩ་བ་ཚུགས་ཤིང་རྩེ་མོ་རྒྱས་ནས། མཇུག་མཐར“བདེ་སྐྱིད་ཀྱི་མེ་ཏོག”བཞད་རྒྱུར་ཡང་སྒུག་འདུག།

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།