ཀྲུང་གོ་བོད་ཀྱི་དྲ་བ།

མཚར་སྡུག་གི་དུས་རབས།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : ཁ་སྒང་སངས་རྒྱས་རྒྱ་མཚོ།   སྤེལ་དུས། : 2021-07-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

——ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ་འཁོར་བརྒྱ་ལོན་པའི་དགའ་སྟོན་ལ་ཕུལ།

ཧྲིལ་ཧྲིལ་ས་ཡི་གོ་ལའི་གཙུག་ན་ཡངས་པའི་རྒྱལ་ཁམས་ཐ་ར་ར། །

མཐོ་མཐོ་གངས་དང་དམའ་བའི་གཤོང་སོགས་མཐོང་ལམ་ཡུལ་དུ་ཁྲ་ལམ་ལམ། །

མང་མང་ཕྱོགས་བཞིའི་རྒྱལ་ཁབ་ཁྲོད་ན་རྒྱུ་སྐར་དབུས་ཀྱི་ཟླ་བ་བཞིན། །

མཚར་མཚར་ཡ་གླིང་འཛིན་མའི་ཁྱོན་ན་གང་གི་གྲགས་པ་སྙན་ལྷང་ལྷང་། །

ཀྱག་ཀྱོག་ཆེ་བའི་དཀྱོགས་མཚམས་དག་ན་རྔུལ་ཆུའི་ཐིགས་པ་ཕྲོམ་ཕྲོམ་བཞུར། །

རིང་རིང་ལོ་འཁོར་བརྒྱ་ཡི་ཡུན་ལ་དམངས་ཕན་བྱ་གཞག་ཆར་འབབ་འབབ། །

མང་མང་འགྲོ་དོན་ཐབས་ཀྱིས་བསྐྱངས་པའི་འདས་སོང་ལོ་ཟླ་འཇའ་ཡལ་ཡལ། །

མཚར་མཚར་ལོ་ངོ་བརྒྱ་ཡི་འཁྲུངས་སྐར་འཛུམ་གྱིས་བསུ་ཚེ་དགའ་སྤྲོ་སྤྲོ། །

ལོ་ངོ་བརྒྱ་ཡི་གོང་རོལ་དག་ན་མེས་རྒྱལ་འཛིན་མའི་ཁོར་ཡུག་ཀུན། །

དམག་འཁྲུག་དུ་ནག་དགུང་དུ་འཁྲིགས་ནས་མཐིང་མདོག་ནམ་མཁའི་ཁ་མདོག་བསྒྱུར། །

སྟོད་སྨད་བར་མའི་མི་དམངས་རྣམས་ཀྱིས་བཀྲེས་ལྟོགས་སྡུག་བསྔལ་མྱོང་བཞིན་དུ། །

གཅེས་པའི་ཚེ་སྲོག་ནམ་ཞིག་འཆོར་ལ་ཉིན་མཚན་ཀུན་ཏུ་དངངས་ཤིང་འདར། །

འདོད་རྔམ་མེ་ལྕེ་ཀུན་ནས་འབར་བའི་བཙན་རྒྱལ་དཔུང་གི་སྟོབས་ཤུགས་དང་། །

ས་ཞིང་བདག་བཟུང་རང་ཤེད་ཅན་གྱི་བཀས་བཀོད་རྒྱུད་འཛིན་ངན་པའི་གཤིས། །

རང་དོན་འབའ་ཞིག་སྒྲུབ་ལ་རེམ་པའི་དཔོན་ངན་མ་རྩ་རིང་ལུགས་ཏེ། །

“རི་བོ་ཆེན་པོ་གསུམ”དུ་གྲགས་པས་ཉམ་ཐག་དམངས་རྣམས་སྡུག་ལ་སྦྱར། །

ཕྱི་རུ་དགྲ་བོས་གོ་མཚོན་ཐོགས་ནས་འཇབ་ཅིང་རྒོལ་བའི་གྲབས་གཤོམ་བྱེད། །

ནང་དུ་སྤུན་ཟླ་ནང་དམེ་བྱས་ནས་མཐུན་སྒྲིལ་འབྲེལ་ཟམ་མཐའ་ནས་ཆད། །

བློ་ལྡན་དག་གིས་སློབ་གཉེར་བསྐྱུར་ནས་ལ་རྒྱའི་ཁ་གཡང་སྒྲོག་བཞིན་དུ། །

མདའ་མཚོན་གོ་ཆའི་དྲག་པའི་ཤུགས་ལ་ཞི་བའི་ངོ་རྒོལ་བྱེད་པ་སོགས། །

རྒན་དར་གཞོན་གསུམ་མི་རེའི་སེམས་ན་རྒྱལ་ཁམས་རྒུད་པའི་གདུང་བ་ལྕི། །

དེ་འདྲའི་སྐྱ་ཟད་སྔོ་གཏུགས་སྐབས་སུ་ཁྱད་འཕགས་རྩ་འཛུགས་སྟོབས་ལྡན་ཞིག །

དུས་ཐོག་ཆར་བ་འབབ་པའི་ཚུལ་གྱིས་མེས་རྒྱལ་འཛིན་མའི་པང་དུ་བལྟམས། །

ཕ་ས་དྲོན་མོའི་བདེ་སྡུག་བསམས་ནས་ནང་དམེའི་མྱུ་གུ་རྩ་ནས་བྲེགས། །

ནང་མིའི་དཔུང་ཤུགས་གཅིག་ཏུ་སྦྲེལ་ནས་ཕྱི་ཡི་དགྲ་བོ་ཕ་མཐར་སྤྲད། །

དགྲ་བོའི་སྟོབས་ཤུགས་ཅུང་ཟད་ཞན་པའི་ཞིང་གྲོང་ལྷིང་འཇགས་དགའ་ཚལ་ནས། །

གསར་བརྗེ་རྟེན་གཞི་མཐའ་ནས་ཚུགས་རྗེས་རྒྱལ་ཁའི་ལམ་དུ་ཤར་མར་བསྐྱོད། །

ཞི་བའི་སྨྱུག་རྩེས་སྐུལ་འདེད་གཏོང་བའི་ལྗགས་རྩོམ་འབོར་ཆེན་ཐ་ར་ར། །

དྲག་པོའི་མཚོན་གྱིས་དགྲ་ལ་རྒོལ་བའི་རྩུབ་དྲག་སྒྲ་སྐད་ལྡི་རི་རི། །

གཅེས་པའི་སྲོག་གིས་བསྐྲུན་པའི་བདེ་སྐྱིད་ཕྱི་རབས་དག་གིས་རྟོགས་ན་ཡང་། །

གཤེགས་ཟིན་དཔའ་བོའི་སྐུ་དྲིན་གང་ལ་སེམས་ནས་རྗེས་དྲན་བྱེད་མཁན་ཉུང་། །

འགྱེལ་ཞོར་ལངས་ཞོར་རང་ཚུགས་ཐུབ་སོང་ཕྱི་ནང་འཁྲུག་ཟིང་འཇགས་པར་བྱས། །

ངུ་ཞོར་དགོད་ཞོར་བརྩོན་ལེན་བྱས་སོང་རྒྱལ་ཁའི་དར་ཆ་མཁའ་རུ་བསྒྲེངས། །

སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་གཏམ་བཟང་འཛམ་གླིང་ཐ་གྲུ་ཡངས་པོར་བསྒྲགས། །

བཙན་རྒྱལ་དཔུང་གི་ཁ་ཕོ་ཆེ་རྣམས་མཚར་བའི་མིག་གིས་ཡང་ཡང་བལྟ། །

ཆེ་ཆུང་མི་གཅིག་རྒྱལ་ཁབ་མང་པོས་སྤྱི་ཚོགས་རིང་ལུགས་ལམ་སྲོལ་དེ། །

ཕུགས་ཀྱི་འདུན་མ་འཁྲུལ་མེད་ཡིན་པའི་ངེས་ཤེས་ཟབ་མོ་གཏིང་ནས་སྐྱེས། །

རྒྱལ་ཁབ་གསར་པ་ཚུགས་པའི་རྗེས་ལ་ལོ་ལྔའི་འཆར་གཞིའི་སྒྲིག་བཀོད་བཟོས། །

བཅོས་བསྒྱུར་སྒོ་མོ་ཆེས་ཆེར་ཕྱེ་ནས་ཉིང་བཅུད་རིག་གནས་ནང་ལ་དྲངས། །

རིག་གནས་ཡིད་རྟོན་རྒྱུད་ལ་སྦྱར་ནས་སྲོལ་རྒྱུན་ཤེས་རིག་ཕྱི་ལ་སྤེལ། །

རྒྱལ་དམངས་དཔལ་འབྱོར་ལོ་རེར་འཕར་ནས་རྒྱལ་སྤྱིའི་མདུན་གྲལ་ངང་གིས་ཟིན། །

གོ་ལ་ཧྲིལ་པོའི་བདེ་སྡུག་འབྱུང་རྩ་སྣོད་བཅུད་དོ་མཉམ་ཡིན་པའི་ཕྱིར། །

ཆུ་དང་ཚེ་སྲོག་མང་པོའི་འབྱུང་ཁུངས་མདོ་དབུས་མཐོ་སྒང་སྤྱི་གཙུག་ནས། །

མི་དང་རང་བྱུང་ཁོར་ཡུག་བར་ལ་འཆམ་མཐུན་མཉམ་གནས་འབྲེལ་ཟམ་བཙུགས། །

སྲིད་ཀྱི་གར་སྟེགས་མཐོན་པོའི་ཁྲི་ན་བརྗིད་པའི་གཡུ་རལ་ཤིགས་སེ་ཤིག །

འབྱོར་བའི་བང་མྱུར་རྟ་ཕོའི་པང་ན་དགའ་སྤྲོའི་དགོད་སྒྲ་སྙན་ལྷང་ལྷང་། །

རིག་པའི་དཔལ་ཡོན་དབྱར་མཚོ་རྒྱས་པས་མཐོང་ལམ་ཡུལ་དུ་འོད་ཆེམ་ཆེམ། །

སྲིད་འབྱོར་རིག་གསུམ་མཐའ་ནས་རྒྱས་པའི་ང་ཡི་མེས་རྒྱལ་ངོ་མཚར་མཚར། །

ལོ་ངོ་བརྒྱ་ཡི་དཀའ་སྡུག་ལོ་ཟླ་དཔྲལ་གཉེར་ཁྲོད་ལ་བསྡུས་ན་ཡང་། །

ལོ་ངོ་བརྒྱ་ཡི་ངོ་མཚར་གྲུབ་འབྲས་ཕྱི་རབས་མིག་གི་དཔལ་དུ་ཤར། །

ལོ་ངོ་བརྒྱ་ཡི་དམིགས་འབེན་མཐའ་དག་ཡུན་གྱིས་མངོན་འགྱུར་བྱས་ཡོད་པས། །

ལོ་ངོ་བརྒྱ་ཡི་འཁྲུངས་སྐར་བསུ་ལ་ཕྱི་རབས་པ་རྣམས་སྤྲོ་བས་བརྟས། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།