ཀྲུང་གོ་བོད་ཀྱི་དྲ་བ།

ཏང་ལ་ཕུལ་བའི་སྙན་ངག

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2021-07-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

རྒྱུ་ཡོད་ལྟག་སྒོ་འཛུལ་ས་མེད། །

དེ་ནི་ཏང་གི་རང་ལུགས་ཡིན། །

གཡོ་ཅན་མཐེ་བོང་སྒྲེང་ས་མེད། །

དེ་ཡང་ཏང་གི་སྒྲིག་སྲོལ་ཡིན། །

མི་དམངས་བུ་ལྟར་སྐྱོང་བ་དང་། །

ཕྱོགས་ཞེན་ཆགས་སྡང་མེད་པ་སྟེ། །

འགྲོ་ཀུན་བདེ་ལ་འཁོད་པ་ནི། །

གུང་ཁྲན་ཏང་གི་འགྲོ་ལུགས་ཡིན།

བློ་སེམས་བལ་ལྟར་འཇམ་པ་གཅིག །

གཡོ་རྫུན་ཟློས་གར་མེད་པ་གཉིས། །

ཀུན་ཕན་སྲོག་གི་སྙིང་པོ་གསུམ། །

ཏང་གི་ལམ་ཕྱོགས་ཁག་གསུམ་མོ། །

རྐུ་འཕྲོག་རྒྱ་ལས་ཐར་ས་མེད། །

ནག་པོ་སེལ་ཞིང་ངན་པ་འཇོམས། །

བཙན་པོར་རྒོལ་ཞིང་གཉོམ་ཆུང་སྐྱོང་། །

ཐམས་ཅད་ཏང་གི་རྩ་བ་ཡིན། །

ཐེངས་གཅིག་ཟེར་ནས་ཐར་ས་མེད། །

རྒས་འདུག་ཟེར་ནས་གཏོང་སྲོལ་མེད། །

ནོར་འཁྲུལ་མགོ་ལ་བབས་པ་གང་། །

འགན་གྱིས་གཞུ་བ་ཏང་གི་སྲོལ། །

ཡག་པོ་ཡག་གིས་བརྒྱན་པ་དང་། །

ངན་ཅན་ཁྲིམས་ཀྱིས་བཅུན་པ་སོགས། །

ལས་ཀུན་དྲང་བདེན་ལ་ཕྱོགས་པ། །

ཏང་གི་འགྱུར་མེད་གཤིས་ལུགས་ཡིན། །

ཕ་མ་དགྲ་རུ་འཛིན་པ་དང་། །

ཉེ་དུ་རྫུན་གྱིས་ཁྲིད་པ་སྟེ། །

མཐའ་དག་རང་དོན་ལ་འབད་པ། །

འཇོམ་པར་བྱེད་པ་ཏང་གི་ལུགས། །

རི་སྐྱེས་རི་ནས་གསོད་པ་དང་། །

གོ་ལར་རྨ་ཤུལ་བཟོ་བ་སོགས། །

སྙིང་པོ་དངུལ་ལ་ཆགས་པ་གང་། །

རྩ་གཏོར་གཏོང་བ་ཏང་གི་གཤིས། །

རི་སྡེ་ཁྲ་མོ་ལྷུན་ཆགས་ཤིང་། །

གྲོང་དང་གྲོང་ཚོ་བརྗིད་ཆགས་སེར། །

མངའ་ཁོངས་ཀུན་པོ་ཁུ་སིམ་མེར། །

མུ་ནས་སྐྱོང་བ་ཏང་གི་འགན། །

ཨ་གསར་གཏམ་གྱིས་བློ་མི་མགུ། །

དཔལ་དང་འབྱོར་བས་དམངས་མི་བསླུ། །

བཙན་པོ་གཏམ་གྱིས་གང་མི་བཙོང་། །

དེ་ཡང་ཏང་གི་དཔའ་སྤོབས་ཡིན། །

རང་ཚུགས་བརྟན་པ་གངས་ཀྱི་གཤིས། །

རྫུན་ཚིག་མི་སྨྲ་ཡང་དག་བློ། །

གང་དུ་གནས་པ་དེ་རུ་བྲིན། །

དྲང་བའི་སྲོལ་ཏེ་ཏང་མིར་བསྟོད། །

འཐབ་ཕྱོགས་གསར་པར་བློ་ཐིམ་ཞིང་། །

སྤྱི་མཐུན་ལམ་དུ་སྤོ་མཛད་པ། །

མ་རིག་མུན་སེལ་སྒྲོན་མེ་སྟེ། །

ཏང་གི་དགེ་མཚན་ཨེ་མ་རྨད། །

ཏང་གི་ངོ་མཚར་གཞལ་དུ་དཀའ། །

ཏང་གི་འགྲོ་དོན་ཟབ་ཅིང་མཐུག །

ཏང་གི་རིག་གཞུང་མཐའ་བྲལ་བས། །

ཚིག་གི་སྒྲོམ་དུ་བསྡུ་མ་ནུས། །

སྙན་རྩོམ་པདྨའི་གདན་སྟེང་དུ། །

ཚིག་གྱོང་ཕྲེང་ལ་བསྟར་བྱས་ཀྱང་། །

དབྱངས་ཅན་རམ་འདེགས་མ་རྙེད་པས། །

ཏང་གི་མཛད་པ་མཚོན་མ་ནུས། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།