ཀྲུང་གོ་བོད་ཀྱི་དྲ་བ།

ཚིག་གི་རླབས་ཕྲེང་།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : (ཡུལ་ཤུལ།)དུ་སྤྲིན།   སྤེལ་དུས། : 2021-06-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ལོ་དེ་ག་དུས་ཡིན་པ།།

ཟླ་དེ་ནམ་དུས་ཡིན་པ།།

འདི་རེད་བསམ་པ་ཞིག་ཀྱང་།།

ངེས་པའི་ཚད་ཐུབ་མེད་མོད།།


རེད་དེ་བདག་གིས་སྐྱེ་སྔོན།།

བསྐལ་མང་རྒྱ་ཆེན་བསོད་ནམས།།

བསགས་པའི་འབྲས་བུ་མ་ལུས།།

ཚེ་འདིར་སྨིན་པ་བྱུང་ངམ།།


ཡང་ན་ཀ་ཤི་ཡུལ་ཞེས།།

ཉམས་དགའི་ནགས་ཚལ་ཁྲོད་ཀྱི།།

མཐུན་པ་སྤུན་བཞི་ལྟ་བུ།།

སྟབས་ལེགས་སྟེས་དབང་ཡིན་ནམ།།


མཐོ་བ་ནམ་མཁའི་ལམ་གྱི།།

ཁྲི་གདུགས་ཉི་མ་དེ་དང་།།

དམའ་བ་ས་གཞི་གཉིས་པོ།།

མཐུན་པ་རྟེན་འབྱུང་ཡིན་པས།།


དེ་བཞིན་ཁྱོད་དང་ང་རང་།།

བར་ཐག་ཡུལ་གྱིས་བསྐལ་ཡང་།།

ཕན་ཚུན་མཐུན་པ་བྱུང་འདི།།

ལས་ཀྱི་བགོ་སྐལ་ལོས་ཡིན།།


ཁྱིམ་གྱི་ཀུན་དགའ་ར་དང་།།

མ་བཅོས་རང་བྱུང་ཁམས་ཀྱི།།

བཏབ་དང་མ་བཏབ་ཇི་སྙེད།།

མཛེས་བྱེད་མེ་ཏོག་སྣ་ཚོགས།།


མིག་ལྡན་སེམས་ཅན་ཀུན་ལ།།

མཛེས་དང་མི་མཛེས་བྱེ་བྲག།

ཁྱད་པར་དཔག་ཏུ་མེད་པ།།

འཁོར་བའི་ཆོས་ཉིད་ཡིན་འགྲོ།།


དེ་ལྟར་ཁྱེད་ཀྱི་ངོ་གདོང་།།

ཟླ་བའི་འོད་ལ་ནུས་ཀྱང་།།

སྐྱེ་འགྲོ་ཀུན་གྱི་མིག་དབང་།།

ཅིག་ཅར་འཕྲོག་པ་མི་སྲིད།།


ཁྱོད་རང་མཛེས་ཤིང་སྡུག་ཅེས།།

བཤད་ན་ཁ་ཕོ་ཆེ་མོད།།

འོན་ཀྱང་རང་གི་སེམས་ལ།།

ཧ་ཅང་འཚམ་པོ་ཡིན་འདུག།


ད་ཡང་དཔྱིད་ཀ་ཚེས་བྱུང་།།

ཆར་ཆུས་ས་གཞི་བརླན་ནས།།

དགུང་སྔོན་ས་ལ་འཕོས་ལྟར།།

ནོར་འཛིན་མཐོན་ཀའི་ཁ་དོག།


བདག་གིས་རིང་མོ་ཉིད་ནས།།

སྒུག་པ་ནང་བཞིན་འཕྲད་བྱུང་།།

དཀར་དམར་མེ་ཏོག་ཚོགས་ལ།།

སྦྲང་མ་སྤྲིན་ལྟར་འཐིབས་པས།།


བདག་ཀྱང་ཁྱོད་ཀྱི་ཕྱོགས་སུ།།

འགྲོ་འདོད་སེམས་ཀྱི་རྟ་ཕོ།།

སྲབ་ཁ་བཅད་ནས་ཤོར་ལྟར།།

ཁོག་པའི་ནང་དུ་ཤོང་དཀའ།།


ཡིན་ཡང་བས་མཐའི་ཡུལ་གྱི།།

ཁྱོད་རང་ཐག་ཀྱང་རིང་བས།།

བྱ་ཞིག་ཡིན་ན་མ་གཏོགས།།

འགྲོ་བའི་ཐབས་ཤིག་མི་འདུག།


ཉི་མས་ནུབ་རི་བརྒལ་དུས།།

སྐར་ཚོགས་ལུག་ཁྱུ་བཀྲམ་འདྲ།།

ཟླ་བ་ཁེར་འགྲོ་འོག་གི།།

བདག་ནི་གདུང་བས་བཅིངས་པ།།


གཅིག་པུ་འདུག་པའི་དུས་སུ།།

སྐྱོ་བ་ཆང་ལ་བསྲེས་ནས།།

ཆང་དམར་ཁོག་ལ་མིད་དུས།།

སྐྱོ་རོགས་ཆང་དེ་ཡིན་འགྲོ།།


མེ་ཏོག་སྦྲང་མ་ཞུགས་པས།།

འགུལ་ལྡེག་གཡོ་བ་མི་ཆད།།

དེ་ཚེ་གེ་སར་ལ་ཆགས།།

སྦྲང་མས་བཅུད་ནི་ལེན་བྱེད།།


གླང་ཆེན་ཆང་གིས་མྱོས་ཏེ།།

གཡོ་འགུལ་ཅི་ཡང་མ་ནུས།།

ཡུན་རིང་སྨྲ་བ་མེད་པའི།།

ཉམས་དགའི་ཚུལ་དེ་ཨེ་མ།།


བདག་ཀྱང་བག་ཡངས་ངང་གནས།།

སྤྲིན་པ་གདུགས་ལྟར་བཏེགས་ནས།།

སེམས་ཀྱི་གུར་ཁང་ནང་དུ།།

གཡུ་ཆུང་དྲུང་དམར་ཉར་ཡོད།།


ཉོས་པའི་གཡུ་ཡི་ཕྲེང་བ།།

སྐུད་ཐག་ཆད་ན་མི་འགྱོད།།

མ་ཉོས་གཡུ་ཆུང་དྲུང་དམར།།

ལུས་ནས་བོར་ན་ལོས་སྡུག།


འཁོར་བ་སྤང་རིའི་ལོགས་ཀྱི།།

ཆར་རྗེས་འཇའ་ཚོན་སྣ་ལྔ།།

འཇའ་ཚོན་ཁ་དོག་མཚར་ཡང་།།

སྙིང་པོ་དེ་ཙམ་མེད་ཀྱང་།།


རྐང་གཉིས་འགྲོ་བ་དང་ནི།།

མིག་མེད་གྲོག་མ་ཡན་ཆོད།།

སེམས་ཀྱི་ལོག་མལ་ཆེད་དུ།།

ཐམས་ཅད་ལང་ལོང་རྒྱུ་ཞིང་།།


གང་ལྟར་འཁོར་བ་འདི་ཡི།།

སྐྱིད་སྡུག་ས་ཁྲའི་ནང་དུ།།

སྣང་སྲིད་སྒྱུ་མའི་ཆོ་ག།

ཚིག་གི་གདངས་ལ་འཐེན་ཡོད།།


微信图片_20210607113924.jpg

དུ་སྤྲིན་ནི་ནང་ཆེན་ཟུར་མང་གི་ཡུལ་ཕྱོགས་ཤིག་ཏུ་སྐྱེས2017ལོ་ནས་བཟུང་གསར་རྩོམ་གྱི་ལས་ལ་ཞུགས་ཏེ་ད་ལྟའི་བར《ཁམས་པའི་རྩོམ་རིག་སྒྱུ་རྩལ》《རྡོ་ཏི》《དྲི་ཟའི་གླིང་བུ》《མང་ཆུ་དུས་དེབ།》《ཤྭ་སྐྱ་དུས་དེབ།》《ཁྲི་ཤོར་རྒྱལ་མོའི་རླབས་སྒྲ》《མཚོ་སྔོན་བོད་ཡིག་གསར་འགྱུར།》《ཁམས་པའི་ཚགས་པར།》 《རྔ་བའི་ཚགས་པར།》《གཞིས་ཀ་རྩེ་ཉིན་རེའི་ཚགས་པར།》《མཚོ་ལྷོ་བོད་ཡིག་ཚགས་པར》《ཀྲུང་གོ་བོད་ཀྱི་དྲ་བ》《བཙན་པོ་མགར་གྱི་དྲ་བ》 《རྨ་ཀླུང་རིག་གནས་དྲ་བ》《ཁམས་པའི་དྲ་བ》 《ཁམས་པའི་སློབ་ཁྲིད་དྲ་བ》སོགས་དང་གཞུང་སྒེར་གང་རུང་གི་དྲ་ཚགས་དེབ་གསུམ་དུ་སྙན་ངག་ཅི་རིགས་འགའ་བཀོད་མྱོང་། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།