ཀྲུང་གོ་བོད་ཀྱི་དྲ་བ།

གཞུ་དང་མདའ་མོའི་ཚག་སྒྲ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : སེང་རྡོར།   སྤེལ་དུས། : 2021-03-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

དུས་ཀྱི་དྲི་མས་སྦགས་པའི་བློ། །

སྙན་ངག་གཏམ་གྱི་ཚོན་མི་འཛིན། །

དེ་ཕྱིར་བུམ་ནང་མར་མེ་བཞིན། །

རང་གི་སྙིང་ལ་གསལ་བ་ཙམ། །

── བོད་མཁས་པ་མི་ཕམ་དགེ་ལེགས་རྣམ་རྒྱལ།

འཛམ་གླིང་ཆུ་བོ་ཆུ་ལག་དུ་མར་འབབ་ཅིང་། །

རྒྱལ་སྤྱིའི་དབྱངས་རྟགས་རེ་ལ་ཆིག་ལབ་རེ་བྱུང་། །

ལེགས་སྦྱར་སྔགས་ཀྱི་གང་གཱ་བསྣོལ་ནས་འཁྱིལ་བ། །

འཇིག་རྟེན་རིག་བྱེད་ཁྲི་འབུམ་ཕན་ཚུན་འབྱར་ནས། །

སྒྲ་དོན་རི་མོའི་གོ་བས་ས་མཚམས་བརྒལ་དུས། །

གྲངས་ཀྱི་མེ་ཏོག་འདེབས་ལའང་བློ་ཁོག་རྙེད་བྱུང་། །

གནམ་གྱི་གཡུ་ལོ་ཆད་པའི་དྭངས་ཆ་ཞིག་ནས། །

ས་ལ་ལྗང་སྨུག་རི་མོའི་བཀྲག་ཆ་ཞིག་ནས། །

སྤྲིན་དཀར་དུམ་ཞིག་རི་རྩེར་ནར་གྱིས་ཐོགས་སོང་། །

ཝ་མོ་ཆུང་ཆུང་ཁུང་སྒོར་མེ་ལྟར་འབར་སོང་། །

རྒོད་པོའི་གཤོག་འགྱུར་རེ་རེས་སྐྱོ་བར་འདྲེན་པ། །

གླུ་དང་གླིང་བུས་ཡིད་ཀྱི་མཆི་མ་སྒུལ་བ། །

དོན་མེད་སྡུག་བཞག་ཅན་ལ་ཞད་ཅིག་འདུག་ཨང་། །

དོ་ཧའི་ལུགས་སུ་གཟིངས་ཀྱི་བྱ་རྒོད་ནི། །

སླར་ཡང་གཟིངས་སུ་འབབ་ཅེས་གསལ་ཞིག་འདེབས། །

ཅི་ཙམ་འཕུར་ཡང་གཤོག་རྩལ་བྲི་བ་ལས། །

ནམ་མཁའ་མི་ཟད་ཅེས་སུ་མཁས་པས་གསུངས། །

འཁོར་ས་དགུང་དང་འབབ་ས་ཚང་ཡིན་ཞེས། །

སྲིད་པའི་ཁ་རྒྱུན་དེད་ནས་ང་བར་བརྒྱུད། །

བྱ་ཡི་དཔེ་ཡིས་མི་ལ་འཇལ་སྟངས་འདིས། །

ཐག་ཉེའི་རྩྭ་ཆུའི་ཁྲོད་ཀྱི་རྟ་ཡང་དྲན། །

མགོ་རྣ་རྔ་རྔོག་གློག་ལྟར་མཆེད་པ་ཨང་། །

ཅི་ཡང་མི་སྙམ་ཅི་ཡང་ཤེས་པས་ན། །

ཕྱི་རོལ་རྒྱན་གཞན་མེད་ཀྱང་གཤིས་ཀྱིས་འབར། །

རྡོ་དཀར་འགུལ་བ་ཙམ་གྱི་ལུག་ཀྱང་དྲན། །

རང་གི་རྟོགས་པའི་སྤྲིན་དཀར་ངང་གིས་འཁྲིད། །

གནམ་སའི་ཐིག་དང་རེའུ་མིག་དཀྱིལ་ན་རྩེན། །

སེམས་ཀྱི་ཅོད་པན་འཆིང་བའང་འདི་འདྲ་སྟེ། །

གནམ་སའི་ཕྱེད་སྔོ་ཕྱེད་གཞན་རེ་ཞིག་འཐིབས། །

སྤང་ལ་ཆུ་ཡིས་གསོས་འདེབས་ཆུ་སྒྲས་ནི། །

དོན་དང་དོན་མིན་སྟོན་པའི་གར་སྟབས་བསྒྱུར། །

འདི་དང་དེ་མིན་རྦབ་ཀྱང་འགག་མེད་དོ། །

དུས་ཀྱིས་དེད་པའི་ལོ་ཡང་འདི་ཙམ་སྟེ། །

དུས་ཀྱིས་མ་དེད་ཀྱང་ནི་འདི་འདྲར་ཟད། །

དེ་ནི་འཁོར་ལོ་ཟེར་ཡང་འཁོར་ལོ་མིན། །

ཨ་ཙི་དུས་འདི་ནགས་མགོའི་བྱ་འཕུར་འདྲ། །

ཤར་ཕྱོགས་ཉི་མ་སེར་པོའི་མདངས་ཀྱིས་འཕུར། །

འོན་ཀྱང་སྒྲོ་དང་མེ་ཏོག་འཐོར་བ་ལས། །

གཞུ་དང་མདའ་མོའི་ཚག་སྒྲ་ཐོས་དོགས་མེད། །

འདྲ་འདྲའི་ནགས་དག་ཡང་བསྐྱར་རྙེད་པ་མེད། །

འདྲ་འདྲའི་དོན་དག་ཡང་བསྐྱར་བྱུང་བ་མེད། །

ཡལ་གའི་ལོ་མ་འདར་དང་ཁ་བ་ཟགས། །

དེ་ནས་འཐེན་པའི་ལམ་ཐོག་ང་ཡང་མཆིས།

མགོ་ཐོག་སྤྲིན་པའི་འགྱུ་བ་བགྲང་དུ་མེད། །

སྡོང་རྩའི་སྦྲུལ་ཆུང་འཕག་དང་ཤིང་བལ་ལྡིང་། །

ས་ཤུན་དུ་མར་བརྗེས་པའི་འཕྲོ་ཞིག་ཏུ། །

ང་དང་ལྷན་དུ་ཁྱོད་དམ་ཁྱོད་ཚོ་འགྲོ། །

ང་ཞེས་བདག་གིར་བཟུང་བའི་བྲག་ལ་ཡང་། །

བྲག་འོག་ཤང་ཤང་བཞུར་བའི་ཆུ་ལ་ཡང་། །

རླབས་ཀྱིས་ཕྱིར་འོང་མེད་པ་གཤིས་སུ་ཟད། །

མཚན་མོའི་སྐར་མདའ་ཕལ་ཆེར་ཡུད་ཀྱིས་ཐལ། །

ད་ནི་ལོངས་མེད་རི་ཟོམ་གྲིབ་ཕྱེད་འདྲ། །

འོན་ཀྱང་ཕྱི་མིག་སྟོན་གསུམ་བ་མོ་ལས། །

ཤོག་སྐྱ་རླུང་གིས་སྤུར་འདྲའི་འགྲོས་རིམ་མཐོང་། །

བཀོད་པ་ཆུ་ཡི་རྩེ་མོ་རེ་རེ་ནས། །

བསམ་པ་ནང་གི་ཡོ་ལང་རེ་རེ་འགྲིམ། །

སྐྱིད་ལ་རེ་བ་ཡོད་ཀྱང་དེ་འདྲ་རེེད། །

མི་ཚོགས་བོངས་ཀྱིས་གཡོ་བའི་ཧྲག་བར་ནས། །

དར་རྒུད་རེ་ཁའི་རི་མོ་ཀྲིག་ཀྲིག་བྱེད། །

དུས་ལ་ལྡེམ་ཤ་མེད་ཀྱང་འདི་འདྲ་རེད། །

འཇའ་ཚོན་སྒྱུ་མའི་ཕུང་པོ་འདར་འདར་བྱེད། །

ཉིན་མཚན་ཚྭ་ཆུའི་རླབས་རིས་ཤིག་ཤིག་བྱེད། །

དཔེ་ལ་དེ་འདྲ་ཟེར་ཡང་འདི་འདྲ་རེད། །

ཚོན་ཟད་མདངས་མ་རྫོགས་པའི་ངང་ཚུལ་གྱིས། །

སྤྲིན་རིམ་ཐིག་ལེ་མཐོང་ནས་ཡང་མི་མཐོང་། །

རྫོགས་མེད་སྐྱིན་ཐང་མཐོང་སྟེ་ཡང་མི་མཐོང་། །

གློག་ཞུའི་རྫིངས་རིང་བྱ་ནག་འཕར་མའི་ཚུལ། །

ལྷོ་བྱང་ཁང་པས་ཁང་པ་རྨས་ནས་ཡོད། །

འོད་ཀྱི་པད་སྤུངས་ལྐོག་གྱུར་གསུམ་དུ་རྟོག །

བཞི་མདོ་ལྔ་མདོའི་བུ་ཡུག་འབུམ་དུ་བདོ། །

རྡོ་བའི་བང་རིམ་གློག་གི་གསོ་མས་སྦྲེལ། །

སེམས་ནི་རེས་འཕྱོ་རེས་འཁྱིལ་རེས་ལྡེམ་དྲགས། །

རྐང་པས་བཏེགས་ཤིང་ཁྲག་གིས་འཁོལ་བའི་མིས། །

ཕར་བལྟས་སྨག་མུན་ཁྲོད་དུ་རང་མི་མཐོང་། །

ཚུར་བལྟས་ལྡོག་འོད་ཙམ་པོས་གཞན་མི་གསལ། །

ནགས་སིལ་ལྗང་པའི་བྱིའུ་ཚོགས་མི་འཕུར། །

གླིང་བུ་དལ་འབུད་སྐར་འོད་མི་ནུབ། །

ཁ་བའི་ཆུ་ཕྲན་ས་ལ་མི་ཆགས། །

སྟོང་སྐུད་རྣ་གཡུའི་རྒྱུན་ཐག་མི་ལྷོད། །

བློ་རིག་གནམ་སྒོའི་ཟ་ཡིག་མི་འདག །

ནམ་གསལ་ཟླ་རིས་རང་གར་མི་འཕྲད། །

མི་ཚེའི་འཁྲབ་ཡོལ་ཕྱེས་མ་ཐག་ནས་བཟུང་། །

ཆ་བྱད་དཀར་ནག་མི་བརྗེ་ཐབས་མེད་རེད། །

ཁྲི་འབུམ་རྣ་དང་མིག་ནི་ཁྱོད་ལ་ཟུག །

ཅེར་ནས་འདུག་ཁོམ་ཡེ་ནས་མི་འདུག་སྟེ། །

སྐད་ཀྱི་ཕྲ་སྦོམ་འདྲ་མིན་བཅོས་ནས་ནི། །

རང་གི་གར་སྟེགས་འཁྲུག་པོར་བྱས་ཙམ་གྱིས། །

ཐག་མི་ཆོད་པའི་མདོ་ཡང་འཛིན་དུ་ཟད། །

ཕྱིར་ལ་བལྟས་ན་ཞེན་ཆགས་སྨུག་པ་འཐིབས། །

ཞེན་ཆགས་ལ་ལ་སྤྲིན་པ་དམར་ཆུང་རེད། །

ངོ་ཚའི་ཟོལ་གྱིས་དུད་པའི་སྒེག་ཉམས་མཐོང་། །

ཞེན་ཆགས་འགའ་ཞིག་གཡེར་བག་ཁ་ཚོད་རེད། །

ཞྭ་མཆུ་ཐོད་ཁར་འཐེན་པའི་གཟུགས་རིས་འགུལ། །

ཞེན་ཆགས་རེ་ཟུང་དྲིན་གཟོའི་ལྷས་མཐའ་རེད། །

བཞོ་ཟེའུ་ཁ་ནས་འོ་དཀར་རྒྱངས་ཀྱིས་འཕོ། །

གང་ལ་བསམས་ཀྱང་ཟིན་མེད་ནགས་ཚལ་རེད། །

པིར་རྩེའི་སྣག་ཆུའི་ཁྲོད་ཀྱི་ཁྲག་དམར་རེད། །

རྨ་ཁ་གཅིག་དང་གཉིས་ཀྱི་མང་ཉུང་གིས། །

རྨི་ལམ་རྨིས་དང་མི་ཚེར་རོལ་དང་བཞི། །

གཉིད་ལས་སད་དང་འཆི་བར་བཅར་དང་དྲུག །

སྡུག་ཐག་ཆོད་དང་མིག་ཆུ་ཟད་དང་བརྒྱད། །

ཁྱོད་ཀྱིས་རྟོགས་མི་ཐུབ་པའི་ང་རང་སྟེ། །

འབྲེལ་མེད་ཟླ་བའི་ཆེད་དུ་ད་དུང་གདུང་། །

དོན་མེད་ཟམ་པའི་ཆེད་དུ་སླར་ཡང་སྐྱོ། །

ཁ་ཐུམ་ཆུ་ལ་བསྐྱུར་བས་ཅི་ཞིག་ཕན། །

ཉག་ཕྲན་དུམ་བུར་བཅགས་པས་ག་རེ་མཚོན། །

དུར་གྱི་བྱ་ཚོགས་གསོན་པའི་ལུས་ལ་གཡེང་། །

ལུས་ཕྱེད་ཤི་བའི་བདག་སོགས་བལ་ལྟར་འཕྱོ། །

དར་གྱི་ཐོད་གྱོན་མེ་ཏོག་གཡེར་ཁ་ལས། །

རྣར་སྙན་ཡུ་རིང་གཟར་བུས་འོ་མ་འཆུ། །

ནགས་ཀྱི་ཐིག་ལེ་ནགས་ཀྱི་ང་རོས་འདྲེན། །

དམར་འོད་ཟ་ཟིས་སྣང་གསལ་སྒྲོན་མ་སྦོར། །

ཕྱེ་ལེབ་བུང་བས་ཟ་འོག་ཐགས་རིས་འདྲུབ། །

སྐྲ་བཅད་སྦྲང་རྩིའི་ཤམ་བུ་བརྒྱད་བརྒྱད་དུ། །

དེ་ལུགས་ཆོ་གའི་ཁང་བུ་གཉིས་གཉིས་སོ། །

ཁྲི་གདན་རི་མོ་ཆུ་ཀླུང་པད་སྡོང་རྩེར། །

འགྲོན་བུའི་མིག་ཏུ་མདོག་ལྔའི་སྲད་བུས་འཐེན། །

འཇིགས་པ་མེད་པའི་གློ་འབུར་གསུམ་གསུམ་དུ། །

གསེར་ཟངས་ཕུར་མའི་གདུང་རབས་ལྔ་ལྔ་རུ། །

འཕོ་མེད་བྲག་གིས་བྲག་ལ་ཡིག་ཆུང་དཔར། །

གཡང་ཊིའི་སྣོད་དུ་ཁྱེའུ་ཆུང་མདོ་ཡིས་འཛིན། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།