ཞེ་སོང་བུ་མོ།
ལོ་དང་ཟླ་བ་མ་ཤེས།
ཞེ་སོང་བུ་མོ་རྒས་སོང་།
ལོ་ཆུང་བུ་མོ་ངེད་གཉིས།
དེང་མ་འཕྲད་པ་འཕྱི་སོང་།
གཏམ་དང་མི་ཁ་མ་ཤེས།
ཞེ་སོང་བུ་མོ་རིད་སོང་།
གདུང་སེམས་འོ་མའི་ནང་ནས།
མར་ལོ་ཐོན་པ་འཕྱི་སོང་།
ཉིན་དང་མཚན་མོ་མ་ཤེས།
ཞེ་སོང་བུ་མོ་མ་མཐོང་།
ལས་དང་བཙན་ཐབས་བར་ནས།
རང་ལུས་རང་དབང་མེད་སོང་།
ཁྲེལ་དང་གཞུང་རྒྱུད་མ་ཤེས།
ཞེ་སོང་བུ་མོ་བོར་སོང་།
ལུས་དང་གྲིབ་མའི་བར་ནས།
དྲན་པ་རླུང་གིས་དེད་སོང་།
ཞེ་དང་སྣང་བ་མ་ཤེས།
ཞེ་སེམས་བུ་མོ་བཞུད་སོང་།
ལུས་སེམས་བདེ་བའི་སྐད་ཅིག
སྤྲིན་གྱི་ཕོ་ཉར་སྐུར་ཡོད།
ཞེ་ལ་ཞེ་སོང་བུ་མོ།
ལན་ཅིག་ལས་ཀྱི་བདག་མོ།
བདག་གི་དྲན་པ་རྐང་གཅིག
དྲན་པའི་ཞེ་སོང་བུ་མོ།
མཇལ་དུས་དགའ་བའི་མཆི་མ།
ཞེ་སོང་བུ་མོར་བཏང་ཟིན།
གྱེས་དུས་སྡུག་གི་མཆི་མ།
ཞེ་སོང་བུ་མོར་བཏང་བཞག
རུས་དཀར་གས་བའི་དུས་ལ།
རྐང་དམར་ས་ལ་འཐིམ་སོང་།
འདང་བརྩེ་གཏང་བའི་མུ་ལ།
གྱེས་ཕྱག་ཕུལ་བ་གནང་རོགས།
བྱམས་པ།
ལོ་དང་ཟླ་བས་མ་བཏང་།
བྱམས་པ་ཁ་ཁར་བཏང་སོང་།
མཐོང་རྒྱུ་མེད་པའི་བྱམས་པ།
འགྱུར་སོང་འེ་འགྲོ་བསམ་བྱུང་།
དུས་ཆད་ཁ་ཆད་གཉིས་ཀ།
ལོ་གཅིག་རླུང་ལ་སྐུར་སོང་།
གོ་རྒྱུ་མེད་པའི་བྱམས་པ།
སྡེ་ཆེན་གྲོང་ན་འེ་ཡོད།
མཚན་མོའི་རྨི་ལམ་འཁོར་ཡོང་།
ཉིན་མོའི་ཏིང་འཛིན་དཀྲོགས་ཡོང་།
ལུས་དང་སེམས་ལ་དྲིས་བས།
བྱམས་པ་སླེབས་ཡོང་གསུངས་བྱུང་།
མཇལ་ན་ཚེ་གཅིག་སྨོན་ལམ།
བཞུད་ན་ལམ་གཅིག་རྡོག་ལམ།
འཛམ་གླིང་སྐོར་ནས་བུད་ཀྱང་།
སྙིང་གི་མཐིལ་ལ་བཞུགས་ཡོད།
གསང་ཚིག
ལག་ལ་ལག་པ་འཇོག་རོགས།
སྙིང་ལ་གསང་བ་སྦས་རོགས།
མཆུ་ལ་འདབ་མ་སྦྱོར་རོགས།
སེམས་ཀྱི་དྲན་ཤིང་ཁྱོད་ཡིན།
མཚན་གྱི་རྨི་ལམ་རྨི་རོགས།
ཉིན་གྱི་སྣང་བ་ལབ་རོགས།
ཉིན་དང་མཚན་ལ་འགྲོགས་པའི།
ལུས་ཀྱི་གྲིབ་མ་ཁྱོད་ཡིན།
སོང་ན་སེམས་པ་འཁྲེང་ས།
བསྡད་ན་དྲན་པ་འཆོར་ས།
གར་འགྲོ་ལས་ཀྱི་བྱམས་པ།
སྲོག་གི་རྟེན་ཕུར་ཁྱོད་ཡིན།
ཚེ་ཐུབ་དམ་པ།
མཚན་ལ་བཏབ་པའི་མེ་ཏོག་ནག་པོ།
མུན་པ་འཐུང་བའི་གཞུང་རྟ་ཕྲ་མོ།
འདབ་མ་འཐོར་པའི་ཁྲག་རིས་ནག་པོ།
ལག་ནས་ལྷུང་བའི་བུམ་པ་གོར་མོ།
སེམས་ཀྱིས་སྐྱོར་བའི་གཉིད་གཞས་གཉོམ་པོ།
སྲང་ནས་བོར་བའི་གྲིབ་མ་རིང་ཐུང་།
དྲན་པ་འདར་བའི་མིག་ཟུང་སྒོར་མོ།
ཞེ་རྩ་རློན་པའི་སྐྱ་ཡ་དཀར་ནག
ཉིན་ལ་སྐུར་བའི་རྒྱང་གླུ་རིང་མོ།
མཚན་ལ་རྒྱབ་པའི་ཁྲོལ་བཅུའི་ཚིག་མདུད།
སེམས་དང་སེམས་ཀྱི་ཚོར་བའི་རུ་མ།
ཉིན་དང་མཚན་གྱི་ཚེ་ཐུབ་དམ་པ།
སྲོད་ཀྱི་སྨྲེང་བ།
སྐྲ་ལོ་ཞིག་རླུང་གིས་འཁུར་ཡོང་།།
ས་སྲོད་ཀྱི་སྲང་ལ་བབས་སོང་།
མཁར་གྲོང་གི་དྲན་པ་དམར་པོ།
སྨྲེང་སེམས་ཀྱི་མེ་ལ་བསྲེགས་སོང་།
འཛུམ་མདངས་ཤིག་མུན་པས་བཅོམ་སོང་།
ཆང་ཕོར་གྱི་ཁ་དོག་ཡལ་སོང་།།
ཨ་རག་གི་བཟི་ཁ་བཙན་པོ།
གདུང་སེམས་ཀྱི་ཆུ་ལ་སྐུར་སོང་།།
གསང་བ་ཞིག་ཕྱི་ལ་ཤོར་སོང་།
སྐར་ཆེན་གྱི་ཕྱི་མིག་གནང་བྱུང་།།
མེ་ཏོག་གི་ཞལ་ཁེབས་དམར་པོ།།
ངེད་ཕྱོགས་ལ་འབྱེད་པ་གནང་བྱུང་།།
༼དར་དཀར་རིང་མོ༽
གཟུངས་མཆོག་ཡི་གེ་དྲུག་མ་གཅིག་ན།
ལག་ནས་འདྲེན་པའི་ཕྲེང་བ་གཅིག་ཡིན།
ཨ་རོགས་རུས་གཅིག་ནང་མི་སྤུན་ཟླ།
མཐུན་པའི་དཔུང་རྡང་སེམས་ལ་འཛིན་རོགས།
དབྱངས་གསལ་སུམ་བཞིའི་མགོ་རྐང་གཅིག་ན།
སྐད་དང་ཡི་གེའི་མདུན་ལམ་གཅིག་ཡིན།
ཨ་རོགས་རིགས་གཅིག་ཤེས་ལྡན་རྣམ་པ།
ཕ་སྐད་དག་མ་སེམས་ལ་འཛིན་རོགས།
རི་ཆུ་གཙང་མའི་བཙན་ས་གཅིག་ན།
ཕ་མེས་གདམས་པའི་བསླབ་བྱ་གཅིག་ཡིན།
ཨ་རོགས་ལས་གཅིག་ཁ་བ་བོད་པ།
ཕ་ས་མ་ཡུལ་སེམས་ལ་འཛིན་རོགས།
རྫོགས་ལྡན་དུས་ཀྱི་སྨོན་ལམ་གཅིག་ན།
ཆོས་སྲིད་རྒྱས་བའི་རྟེན་འབྲེལ་གཅིག་ཡིན།
ཨ་རོགས་ལམ་གཅིག་གངས་ཅན་བོད་པ།
མ་འོངས་མདུན་ལམ་སེམས་ལ་འཛིན་རོགས།
དར་ཐགས་གཅིག་གི་དར་དཀར་རིང་མོ།
དར་ལུང་རྣ་བའི་རྒྱན་དུ་བཞེས་རོགས།
མཐུན་སེམས་གཅིག་པའི་ཨ་ལོང་སྒོར་མོ།
དགུ་འགྱུར་ངག་གི་ཁུགས་ལ་ངས་འདྲེན།
ཚེ་རིང་དོན་གྲུབ། སྨྱུག་མིང་ལ་ཨ་དོན་དུ་འབོད།གྱ་གཉིས་ལོར་མདོ་སྨད་བྱང་ཉི་མ་བླ་བྲང་གི་མི་སྡེ་ཆེ་ཁག་ཨ་མཆོག་ཚོ་བརྒྱད་ཀྱི་ཡ་གྱལ་མུ་ཏོ་སྔོན་པོ་རྒྱལ་གྱི་ཚོ་བར་གཏོགས་པའི་ཡུལ་སྡེ་ལྦ་སྣ་ས་ཆར་སྐྱེས་ཤིང་།རང་ལོ་བརྒྱད་ཀྱི་སྟེང་ནས་ལོ་ངོ་བཅུ་དགུ་ལ་ཡ་རུ་རྒྱུད་ཞང་ལྟེ་བའི་སློབ་ཆུང་དང་། དེ་ནས་རིམ་བཞིན་གཙོས་བོད་རིགས་སློབ་འབྲིང་། མཚོ་སྔོན་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་བཅས་སུ་འགྲིམས་མཐར་བོད་ཀྱི་དེང་རབས་རྩོམ་རིག་གི་ཞིབ་འཇུག་སློབ་མའི་འབྲས་རྟགས་ཐོབ། ཉིས་སྟོང་ལྔ་ལོ་ནས་བཟུང་རྨ་ཆུ་རྫོང་དུ་གཞུང་ཞབས་པའི་ལས་ལ་ཞུགས་པ་ནས་ད་ལྟའི་བར་མི་ལོ་བཅོ་ལྔ་ཙམ་འདས་ཡོད། །