ཀྲུང་གོ་བོད་ཀྱི་དྲ་བ།

དུ་སྤྲིན་གྱི་ཚིགས་བཅད་སྙན་ངག་ཚན་པ་བརྒྱད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : དུ་སྤྲིན།   སྤེལ་དུས། : 2020-10-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

དུ་སྤྲིན་གྱི་ཚིགས་བཅད་སྙན་ངག་ཚན་པ་བརྒྱད། 

དུ་སྤྲིན།        ཡུལ་ཤུལ།

ཁྱེད་འདུ་འཛིའི་གྲོང་ལ་ཞེན་པ་ལོག།

གྲོང་སྒྱུ་མའི་རྒྱ་མཚོ་ཐོལ་གྱིས་བརྒལ།།

སེམས་ཉི་མའི་འཆར་ཕྱོགས་རི་ལ་གཏད།།

རི་དབེན་པ་ཡིན་པའི་ནགས་ཚལ་གྱི།།

ལུས་བདག་པོས་བོར་བའི་རི་དྭགས་བཞིན།།

སྟོད་བྲག་དཀར་ཕུག་གི་ནང་ཕུག་ཏུ།།

རྡོ་ཕ་བོང་བཤགས་ནས་གདན་དུ་བཏིང་།།

སྐུ་གཡོ་བ་མེད་པའི་ངང་དུ་བཞུགས།།

སྐྲ་སྨུག་ནག་ཤིག་གེར་སིལ་བུར་འཕྱང་།།

གོས་རས་དཀར་ཡང་པོ་རླུང་དང་བསྡེབས།།

སེམས་རྟོག་པའི་དམིགས་སྒྱུ་འཇའ་ལྟར་ཡལ།།

ཆོས་གང་ཤར་མི་རྟག་མགུར་ལ་དྲངས།།

མགུར་སྙན་མོ་པི་ཝང་དཀྲོལ་འདྲ་བྱུང་།།

བྱ་འདབ་ཆགས་དད་གུས་ཚུལ་གྱིས་འཕུར།།

ཤིང་ཤུག་པ་དྲི་ཞིམ་འཐུལ་ལེར་གནས།།

              <<ཁམས་པའི་ཚགས་པར་སྟེང་དུ་བཀོད།>>

དཔྱིད་ཀྱི་དཔལ་ཡོན།


ཉི་འོད་ཐགས་བཟང་འཁྱུས་པའི་ཡིད་འོང་གི།།

གཡུ་ཆུང་ཞུན་མ་འཁྱིལ་འདྲ་ལྗོན་པའི་ཚོགས།།

རླུང་བུ་ལྡང་འགྲོས་ལྟར་དུ་འགུལ་ཞིང་གཡོ།།

ལན་རེར་སྙན་པའི་གདངས་དབྱངས་ཀྱུ་རུ་རུ།།

སྐབས་རེ་དྲི་ཞིམ་ངད་པ་ཐུལ་ལུ་ལུ།།

རྐང་ཟུང་གཙང་མར་བཀྲུས་རྗེས་སྤང་ཐང་དུ།།

སྣང་བ་རི་ལ་བཏང་ནས་གཞས་ཆུང་བླངས།།

སེམས་ཀྱི་རས་གཞི་དམར་པོ་གདན་དུ་བཏིངས།།

དེ་རུ་རྩི་ཤིང་སྣ་ཚོགས་སིལ་བུར་སྤུངས།།

དྲི་ལྡན་སེར་ཆེན་མེ་ཏོག་མཛེས་སྡུག་གིས།།

རྒྱང་རིང་བུང་བའི་ཚོགས་ནི་ངང་གིས་བཀུག།

གཙང་པོ་ལྷོད་ཀྱིས་བཞུར་བའི་འགྱུར་ཁུག་ལ།།

རྣ་བ་ཞིབ་ཏུ་གཏད་པའི་བར་མཚམས་དེར།།

འཕྲུལ་གཤོག་རྩལ་ལག་ཐོགས་པའི་ཉ་མོའི་ཁྱུ།།

སྨྲ་བ་ཡུན་རིང་བསྡམས་ནས་བསྐྱོད་པ་ཡང་།།

ཡིད་ཀྱི་མེ་ལོང་ངོས་སུ་གསལ་ལེར་ཤར།།

             <<རྔ་བའི་གསར་འགྱུར་སྟེང་དུ་བཀོད།>> 


དད་པའི་གཤིས།   ༼ཞར་བཀོད་གཉིས།༽


སྐུ་གཟུགས་གངས་རི་བཞིན་དུ་བརྗིད་པ་ཞིག།

དབུ་སྐྲ་ཚ་རུ་ནང་བཞིན་འཁྱིལ་བ་ཞིག།

ལྔ་རིག་ཆང་དུ་བསྙལ་ནས་མང་ཙམ་བཞེས།།

སེམས་པ་རྟ་ཕོར་བརྫུས་ནས་རི་ལ་མངགས།།

མེ་མདའ་ཕྱག་ཏུ་བསྣམས་ནས་གཡུལ་ལ་བྱོན།།

རྒྱ་ལྭ་ནག་སྨུག་མནབས་ནས་ཁྲི་ཐོག་བཞུགས།།

སྙིང་གི་བདག་མོ་ལ་སོགས་མཛེས་མའི་ཚོགས།།

མཆོད་པའི་ལྷ་མོ་ཉིད་དུ་འཁྲིས་སུ་བསྡུས།།

ཆ་ལུགས་སྣ་ཚོགས་སྤྲས་ཏེ་འགྲོ་དོན་མཛད།།

སྐབས་རེ་རྒྱལ་ཁབ་མང་པོའི་སྒོ་ཐེམ་བརྒྱུད།།

ཆོས་དང་རིག་གནས་དེ་དག་སེར་སྣ་འདྲེན།།

སྙན་པའི་ཚིག་གི་ནོར་བུ་ཁ་ནས་བསྐྱུགས།།

སྤྲུལ་པ་རེ་ལ་ཕྱག་བཞེས་བྱེ་བ་རེ།།

སྐུད་ཉིད་བཞུགས་པའི་དུས་ཡུན་ཅི་ཙམ་ལགས།།

བདག་ནི་མཚན་ཐོས་ཙམ་གྱི་སྐལ་ལྡན་ཞིག།


དབྱངས་ཅན་ལྷ་མོ།


ཀུན་གསལ་འཛིན་མའི་ཞལ་གྱི་དཀྱིལ་འཁོར་དུ།།

ཡོངས་སུ་མཛེས་བྱེད་བུང་བ་གཡས་གཡོན་འཛུམ།།

མཁུར་ཚོས་དམར་མདངས་བྱུ་རུའི་ཁྲ་བཏབ་པའི།།

དབྱངས་ཅན་ལྷ་མོ་སྒེག་པའི་ཉམས་བཅས་མ།།

མགྲིན་པའི་རྒྱ་མཚོ་ཆེས་ཆེར་གཡོ་བའི་ནང་།།

ཡིད་འོང་བསྐྱེད་བྱེད་ངང་དཀར་ཁྲུས་ལ་ཞུགས།།

རབ་སྙན་ངག་གི་གླུ་དབྱངས་སྒྲ་སྒྲོག་པ།།

སྐྱེ་འགྲོའི་རྣ་བའི་དབང་པོ་འཕྲོག་བྱེད་ཅིང་།།

གསེར་གྱི་གདུ་བུ་དང་བཅས་ཕྱག་གཉིས་ནི།།

རྒྱུད་མང་སྒྲ་ལ་རེག་པའི་ཚུལ་གྱིས་བཞུགས།།

བུམ་ནང་བདུད་རྩིའི་ཆང་གིས་མྱོས་གྱུར་ཚེ།།

ཕུག་རོན་རྩེ་འདོད་དགའ་མར་བསྐོར་བ་བཞིན།།

རྒྱན་གོས་འཇའ་ཚོན་གར་ཁྱུག་ཀྱི་ལི་ལི།།

                   <<ཁམས་པའི་ཚགས་པར་སྟེང་དུ་བཀོད།>>


སྒྲོལ་མ་དཀར་མོ།


གངས་ཀྱི་རི་ལ་མི་ཡི་ཚུགས་ཤིག་བྱས།།

དེ་ལ་གཟི་རིས་མིག་གི་རི་མོ་བྲིས།།

དེ་ལ་མཁུར་ཚོས་བྱུ་རུ་གཡས་གཡོན་བཏགས།།

དེ་ལ་སྐྲ་ལོ་ནགས་ཀྱི་ཚལ་རིང་འཕྱང་།།

དེ་ལ་སྙན་པའི་དབྱངས་ཀྱི་གདངས་ཀྱང་ཡོད།།

དེ་ཡི་མིང་ལ་སྒྲོལ་མ་དཀར་མོ་འབོད།།

ཡང་ན་འདོད་དགུ་སྟེར་བའི་ལྷ་མོ་གསོལ།།

ཉི་འོད་འཕྲོས་ཀྱང་ཞུ་ཡང་མི་སྲིད་པའི།།

ཟླ་འོད་བསིལ་རུང་གྲང་ཡང་མི་ནུས་པའི།།

རྟག་ཏུ་ཁྱེད་ཉིད་གངས་རི་ལྟར་དུ་བཞུགས།།

དཀར་པོ་འོད་ཀྱི་མདངས་དེ་ནུབ་པ་མེད།།

མཛེས་སྡུག་བཅོ་ལྔའི་ཟླ་བ་ཟིམ་པ་མེད།།

ནུས་མཐུ་བསམ་མི་ཁྱབ་པ་མངའ་བ་དང་།།

སྙིང་རྗེ་མཚོ་ནང་པད་མོ་རྣམ་པར་གྲོལ།།

བདག་གིས་ལས་ནི་ཅི་ཞིག་བྱེད་པའི་ཚེ།།

དད་ཅིང་གུས་པའི་ངང་ནས་ཁྱེད་ལ་ཞུ།།


གསོལ་འདེབས། 


ཁྱེད་ནི་ཉིན་མཚན་ཐོག་ཐག་ཀུན།།

ཉི་ཟླའི་འོད་ལ་ལྕེབས་ནས་བྱོན།།

ལུས་ལ་རྒྱན་གྱིས་བཀླུབས་ནས་བྱོན།།

དབུ་སྐྲ་ཕྱིང་བུ་སྐུ་རྒྱབ་གྲོལ།།

ཐུགས་ཀའི་མེ་ལོང་རྣམ་པར་གསལ།།

སྤྱན་གཉིས་ཨུ་དུམ་བཱ་ར་ཡི།།

མེ་ཏོག་འདབ་མ་ལྷུག་པར་གྲོལ།།

མས་ཀྱི་འགྲོ་བའི་སྡུག་བསྔལ་དག།

སྐད་ཅིག་ལག་མཐིལ་རི་མོ་ལྟར།།

གཟིགས་ནས་ཐུགས་རྗེའི་མྱུར་མགྱོགས་ནི།།

རླུང་གི་རྟ་མཆོག་རྒྱུགས་པ་འདྲ།།

ཁྱེད་ལ་འདུ་འཛི་རྣམ་གཡེང་མེད།།

ཞལ་གྱི་དཀྱིལ་འཁོར་དེ་ཡི་ངོས།།

མཆུ་སྒྲོས་བུམ་བཟང་པད་མ་ཐོགས།།

འཇིག་རྟེན་གཡང་སའི་མི་རྣམས་ལ།།

གསུང་གི་བདུད་རྩིའི་བྱིན་རླབས་འཇོ།།

ཡིད་ཀྱི་ཚལ་དུ་ཕེབས་བྱས་ནས།།

ཤེས་བྱའི་གནས་རྣམས་བསྩལ་དུ་གསོལ།།

        <<ཁམས་པའི་ཚགས་པར་སྟེང་དུ་བཀོད།>>

མགུར་དབྱངས།


དབུ་བཏེགས་གཙུག་ཏོར་དགུང་དང་མཉམ།།

དར་རས་སྤྲིན་དཀར་མགུར་དུ་འཁྱུད།།

འདབ་ཆགས་ཚོགས་ནི་འཕུར་མ་ལྡིང་།།

དཔྱིད་དང་དབྱར་གྱི་དུས་ཚིགས་སུ།།

མེ་ཏོག་དཀར་དམར་ཕྲ་རྒྱན་བཏགས།།

བུང་བས་གླུ་ལེན་གར་ལ་རོལ།།

བདེ་འཇམ་མཛེས་པའི་སྤང་གཞོངས་ན།།

དུས་བཞི་ཁྱད་མེད་ནོར་ཁྱུ་རྒྱུ།།

ངོ་མཚར་བརྗོད་བྲལ་མཐའ་ཡས་པའི།།

ཛྙཱ་ན་མེ་རི་བརྗིད་བག་ལྡན།།

རྨ་སེ་བློ་གྲོས་རིན་ཆེན་གྱི།།

དགོངས་དོན་ཆར་གྱི་དྭངས་མ་ལས།།

བྱུང་བའི་བཀྲ་ཤིས་ཟུར་མང་འདི།།

སྐར་ཚོགས་ས་ལ་འཕོས་འདྲ་ཡོད།།

ཉི་ཟླ་ཐང་ལ་ལྷུང་འདྲ་ཡོད།།

རྟགས་བརྒྱད་ས་ནས་བཀྲ་འདྲ་ཡོད།།

འཐུང་ན་ཁ་ལ་མངར་མོ་ཡིན།།

རེག་ན་ལག་ལ་འཇམ་པ་ཡིན།།

མཁས་པ་ཉིད་ནི་སྤྲིན་ལྟར་འཁྲིགས།།

གཞིས་ཀ་རྩེའི་ཚགས་པར།  


སྟོན་མཇུག་གི་དྲན་པ།


ལག་ཏུ་ཆང་ཕོར་བཏེགས་ཤིང་ཆང་དེས་དྲན་པ་མྱོས།།

མགོ་བོ་ཡར་ལ་དགྱེ་ཙམ་སྐྲ་དང་སྤྲིན་པ་འདྲེས།།

འདྲེན་བྱེད་མིག་གི་དབང་པོ་ཟླ་བའི་གམ་དུ་ཕྱོགས།།

ཡིད་འོང་དགའ་མ་དྲན་པའི་གདུང་བ་ཆུ་རུ་གྱུར།།

ཁྱོད་ཀྱི་ཆ་ཤས་མཐོང་ཕྱིར་བདག་ནི་ནམ་མཁའ་ཡི།།

ཐོགས་མེད་གང་སར་རྒྱུ་བའི་སྤྲིན་པ་ཡིན་ན་སྙམ།།

སྐྱོ་བའི་མུན་པ་སངས་ཕྱིར་རྡེབ་སྒྲ་ཡུན་རིང་ཡང་།།

དྲན་པའི་དབུགས་ཀྱི་མཐའ་མ་རེ་ཞིག་རྫོགས་པ་མེད།།

སྟོན་མཇུག་སྤྲིན་པ་དག་ནི་རི་བོའི་མགུར་དུ་འཁྱུད།།

མཛེས་ལྡན་ལྗོན་ཤིང་མང་པོ་ལྷན་ཅིག་གར་ལ་རོལ།།

བདག་དང་རིང་དུ་གནས་པའི་ཁྱོད་ཀྱི་གླུ་འམ་ཡང་།།

བྱ་ཁྱུའི་སྐད་འགྱུར་ཡིན་ནམ་སོམ་ཉི་དེ་ལྟར་མོད།།

ང་ཡི་སེམས་ཀྱི་རྒྱ་མཚོ་སྔོ་ཞིང་དྭངས་པའི་ནང་།།

མཛེས་ཤིང་སྡུག་པའི་ཟླ་འོད་གང་དེ་འཆར་ནུབ་བྱེད།།

མཚོ་མོའི་ཁ་མཐར་ལྷུང་བའི་ཟླ་བ་དེ་ནི་ཁྱེད།།

ཚེ་འདིར་རང་གི་གཅེས་པའི་སྲོག་དང་ནོར་བུ་ཡིན།

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།