ཀྲུང་གོ་བོད་ཀྱི་དྲ་བ།

དུ་སྤྲིན་གྱི་རང་མོས་སྙན་ངག་ཚན་པ་འགའ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : དུ་སྤྲིན།(ཡུལ་ཤུལ)   སྤེལ་དུས། : 2020-10-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

མཚན་མོ་གཉིད་ཁུག་གི་རྨི་ལམ་དུ།

མཚན་མོ་གཉིད་ཁུག་གི་རྨི་ལམ་དུ།

ཁྱོད་ཀྱིས་ང་རང་ལ་རྩྭ་ཐང་ཞིག་ཁྱེར་ནས།

ལྷིང་འཇགས་ཀྱི་འཚོ་གནས་སུ་བྱིན།

རྩྭ་ཐང་དུ་ལུག་ཁྱུས་གཏམས་པ་ཞིག་བྱིན།

ལུག་ཁྱུ་རེ་རེའི་འབའ་སྒྲས་ང་རང་གཉིད་ལས་སློང་མ་ནུས།

ཞོགས་པ་འཕྲུལ་འཁོར་གྱི་སྐད་སྒྲས།

ང་རང་ལྷོད་ལྷོད་ངང་གཉིད་ལས་སད་མ་བཅུག

ཡིན་ནའང་ང་རང་རྩྭ་ཐང་དང་ཁ་གྱེས་ནས་ཡུན་རིང་ཟིན།


མཚན་མོ་གཉིད་ཁུག་གི་རྨི་ལམ་དུ།

ཁྱོད་ཀྱིས་ང་རང་ལ་འཛུམ་མདངས་ཤིག་ཁྱེར་ནས།

འུ་གཉིས་ཀྱི་ཕན་ཚུན་ལ་མཛའ་བརྩེ་མཚོན་བྱེད་དུ་བྱིན།

ངས་འཛུམ་མདངས་དེ་ཚུར་བླངས་ནས།

སེམས་ཀྱི་བུམ་ནང་དུ་བླུགས།

ཞོགས་པ་དེར། ངས་སེམས་ཀྱི་སྒོ་མོ་ཆེ་ཆེར་ཕྱེས་ནས་བཙལ་དུས།

ཁྱོད་ཀྱི་འཛུམ་མདངས་རྙེད་མ་ཐུབ།


མཚན་མོ་གཉིད་ཁུག་གི་རྨི་ལམ་དུ།

ཁྱོད་ཀྱིས་ང་རང་ཁྲིད་ནས་མེ་ཏོག་གླིང་གར་སོང་།

ཡིད་དུ་འོང་བའི་མེ་ཏོག་ཅིག་བཏུས་ནས།

ངའི་མགོ་སྐྲ་སྟུག་པོའི་རྩེར་སྒྲོན།

ཕྱི་ཉིན་གཉིད་ལས་དྭངས་རྗེས།

ང་རང་ཨར་འདམ་གྱི་གྲོང་གསེབ་ཏུ་ལྷུང་འདུག

2020/5/11

འཁོར་བ་འདི་ཧ་ཅང་ཆེ།

འཁོར་བ་འདི་ཧ་ཅང་ཆེ།

འཕྲུལ་རྟ་ལས་ཇི་ཙམ་བརྒྱུགས་ཀྱང་།

འཁོར་བའི་ཕ་མཐའ་བརྟོལ་མི་སྲིད།

རྒྱང་ཤེལ་ལས་ཅི་ཙམ་བལྟས་ཀྱང་།

འཁོར་བའི་ཡ་མཐའ་གཞལ་མི་ནུས།


ལས་འབྲས་ཀྱི་རྩིས་ཁྲའི་སྟེང་ནས།

འཁོར་བའི་དཀར་ནག་གི་དབྱེ་ཞིབ་མཐོང་ན་མ་གཏོགས།

ཕྲ་མཐོང་མིག་ཤེལ་གྱོན་ནས་བཙལ་ནའང་།

འཁོར་བ་འདི་གཏིང་ཟབ་པས།

མི་རིགས་འདི་མང་བས།

འཛུམ་མདངས་ཀྱི་འོད་སྣ་དེ་མང་བས།

མིག་ཆུ་དང་ཁ་ཆུ་མཉམ་དུ་བཞུར་བས།

བདེན་རྫུན་གྱི་དབྱེ་བ་ངོ་མ་ཞིག་རྙེད་མི་ཐུབ།


འཁོར་བ་འདི་ཧ་ཅང་ཆེ།

རྩ་བ་ཀླུ་ཡུལ་ན་ཟུག་ཅིང་རྩེ་མོ་ལྷ་ཡུལ་དུ་རྒྱས།

ཞིབ་ཏུ་འཇལ་ན་འཁོར་བ་ནི།

བུད་མེད་རེ་རེའི་མངལ་སྣོད་དུ་ཁྱབ་ཅིང་།

སྐྱེས་པ་རེ་རེའི་སེམས་སྟེང་ནས་ཟགས།

ང་ཚོ་ནི་ཤིང་ཆས་ཀྱི་རིགས་ཤིག་སྟེ།

དུག་གསུམ་གྱི་མེ་ཕུང་དུ་ཚིག་ནས་ཟད་དགོས།

2020/5/10

རྒྱང་རིང་།

སེམས་པ་འདི་རྒྱང་རིང་དུ་ཤོར་དོན།

ང་རང་རྒྱང་རིང་ལ་ཧ་ཅང་དགའ་བ་མ་ཡིན་པར།

རྒྱང་རིང་དུ་མེ་ཏོག་ཅིག་གི་བཞད་ཚུལ་ཡོད།

རྒྱང་རིང་དུ་སྙན་ངག་གྲུབ་བྱེད་ཀྱི་ཐ་སྙད་ཡོད།


ཁྱོད་ཀྱིས་རྒྱང་རིང་ནས་ང་རང་མཐོང་མི་སྲིད།

ངས་ཀྱང་གནས་འདི་ནས་རྒྱང་རིང་མཐོང་མི་སྲིད་ནའང་།

རྒྱང་རིང་ནི་དྲན་པའི་སྒོ་གླེགས་ཤིག་སྟེ།

དྲན་པའི་སྒོ་གླེགས་དལ་གྱིས་ཕྱེས་ན།

དམར་མདངས་ཤིག་ཤིག་གི་མེ་ཏོག་གླིང་ག་མཇལ་ཐུབ།

ཧ་ཅང་ཁུ་སིམ་གྱི་མཚན་མོ་རེ་རེར།

ཁེར་རྐྱང་གི་དྲན་པའི་རླབས་སྒྲ་ཚོར་ཐུབ།


ངས་རྒྱང་རིང་གི་གནམ་ས་ཁ་ཕྱེས་ནས།

མིག་ཟུང་གིས་ཁྱོད་རང་བཙལ་ནའང་།

ངས་སེམས་ཁོང་ནས་ཁྱོད་རང་ལན་གྱིས་བོས་ན་ཡང་།

འུ་གཉིས་ཀྱི་ཕན་ཚུན་ལ།

ལེ་བར་བརྒྱ་སྟོང་གིས་བར་དུ་ཆོད་པས།

ཁྱོད་ཀྱིས་ང་རང་ལ་ཨ་ལན་སྟེར་ཐབས་མ་བྱུང་།


ངས་འུ་གཉིས་ཀྱི་མ་འོངས་པ་མཚོན་བྱེད་ལ།

མཐའ་ཡས་པའི་ནམ་མཁའ་སྔོན་པོའི་དཀྱིལ་དུ།

ཉི་ཟླ་ཁ་སྤྲོད་ཀྱི་རི་མོ་སྙིང་རྗེ་བ་ཞིག་བྲིས།

ངས་འུ་གཉིས་ཀྱི་མ་འོངས་པ་མཚོན་བྱེད་ལ།

ཁོག་ཡངས་པའི་རྩྭ་ཐང་གི་ཁྲོད་དུ།

མེ་ཏོག་ཅིག་དང་ཕྱེ་མ་ལེབ་བྲིས།

2020/5/12

བར་ཐག

ངོ་གདོང་དང་ངོ་གདོང་མི་རེག་པའི་དུས།

ལག་པ་དང་ལག་པ་མི་ཐུག་པའི་དུས།

སྐད་ཆའི་བར་ཐག་ཉེ་བའི་དུས།

སེམས་པའི་བར་ཐག་རི་རྒྱབ་གཉིས་སུ་གནས་ཀྱང་།

དྲན་པའི་ཨ་ལོང་རི་རྩེ་གཅིག་གིས་སྦྲེལ་ཡོད།

ཁྱོད་རང་སུན་སྣང་གིས་མགོ་བོ་ནམ་མཁར་བཏེགས་སམ།

ཁྱོད་རང་གཅིག་པུར་ལ་སྐྱོ་སྟེ་བྲང་ལ་ལག་པས་རེག་གམ།

རྒྱང་ནས་མཆེད་བཞིན་པའི་རླུང་བ་དེས།

འུ་གཉིས་སོ་སོར་བཏང་ནའང་།

དྲག་ཏུ་ལྡང་བཞིན་པའི་རླུང་བུ་འདི་ནམ་ཞིག་ཡལ་རྗེས།

ཉི་མ་སྔར་བཞིན་འཆར་ངེས་ལ།    ས་གཞི་སྔར་བཞིན་དྲོ་ངེས།

དེ་དུས་མེ་ཏོག་དང་བུང་བ་ལྟ་བུ་འུ་གཉིས།

ལྷན་འཛོམས་ཀྱི་དུས་ཚིགས་ཡོད་སྲིད།   

2020/2/5ཉིན།

འཁྱག་ལྷང་ལྷང་གི་དགུན་ཁ།   

ཁ་བ་དཀར་གཙང་ངེར་འབབ།

སྨྲ་བ་འགགས་པའི་ལྐུག་པའི་རྣམ་འགྱུར་ལྟར།

ཁང་པའི་རྒྱ་ཕིབས་ལ་ཁེན་ཏེ་འབབ།

སྒོ་དང་སྒེའུ་ཁུང་གི་འགྲམ་ངོགས་བརྒྱུད་དེ་འབབ།

ཤིང་དང་ཚེར་ཤུག་གི་མགོ་བོ་ལྗིད་དེ་འབབ།

མི་དང་གནག་ཁྱུ་ཚོའི་ངོ་གདོང་བརླན་ཏེ་འབབ།

ཁ་བ།   ན་ཟུག་གི་ཁ་དོག་གྱོན་ནས་འབབ་ཀྱིན་ཡོད་དམ།


ཁ་བ་འབབ་ཐེངས་རེ་རེར། 

ངས་མི་ཞིག་གློ་བུར་དུ་དྲན་འོང་།

ད་དུང་མི་དེའི་སེམས་སུ་མི་གཞན་ཞིག་ལྷུང་ཡོད་པ་དྲན་འོང་།  

ལྷུང་ཡོད་པའི་མི་དེ་ཁྱོད་ཀྱི་མིག་ཀོང་གི་མཆི་མ་དང་མཉམ་དུ་བཞུར་ཡོད་ངེས།

ངས་དེ་ལྟར་དྲན་བཞིན་སེམས་སྐྱོ་དང་བཅས་ཏེ།

མིག་ཟུང་ཕ་རོལ་ཏུ་འཁོར་ཏེ་བསྡད།


གངས་གྲོང་གི་མཚན་མོ་དེར།

མི་རྣམས་ལྷིང་འཇགས་སེར་གཉིད་དུ་ཡུར་ཟིན།

ང་གཅིག་པུས་གློག་སྒྲོན་གཅིག་གི་མིག་ཕྱེས་ནས།

སེམས་ཀྱི་དྲ་བར་ཚུད་པའི་ཁྱོད་ཉིད།

ང་ལ་འཁྱག་ལྷང་ལྷང་གི་དགུན་བཞག་སྟེ་བུད་སོང་།

མཚན་མོ་མང་ཤོས་ནི་ཁེར་རྐྱང་ལ་སྨྲེང་བ་མོད་དུས་རེད།

     2019/11/29

ཕྱི་དྲོ་དེར།

ཕྱི་དྲོ་དེར།  

ངས་རང་གི་གནས་མལ་དུ་ལྷིང་འཇགས་ཀྱི་མཚན་མོ་བསུས།

ང་རང་ལྷིང་འཇགས་ཀྱི་འདུག་སྟེགས་ཐོག་བསྡད་དེ།

རྒྱང་རིང་ཞེས་པའི་ཐ་སྙད་གཉིས་པང་དུ་བླངས།

རྒྱང་རིང་ནི་རྒྱང་རིང་ཞིག་སྟེ་མིག་གི་མཐའ་རུ་ཚུད་ཐབས་བྲལ།

ཡིན་ནའང་། རྒྱང་རིང་གི་ཕྱོགས་བཞིར་སེམས་པ་གཏད་རྗེས།

རྒྱང་རིང་ཞེས་པའི་ཐ་སྙད་ཀྱི་ལྟེ་བ་རུ་ཁྱེད་ཀྱི་ལང་ཚོ་ཡོད་པ་རྟོགས།

གལ་ཏེ་རྒྱང་རིང་འདི་དུས་ཚོད་གཅིག་གི་ཡུན་དུ་གཏོང་ཆོག་ན།


ཕྱི་དྲོ་དེར།

ནམ་མཁའི་སྤྲིན་པ་རྒྱུ་ཕྱོགས་དང་།

ས་གཞིའི་རླུང་བུ་ལྡང་ཕྱོགས་ལ་མིག་གིས་ཅེར་རེར་བལྟས་ཚེ།

ཡོད་ཚད་ཀྱང་རྒྱང་རིང་དུ་འཁོར་བཞིན་པའི་རྣམ་འགྱུར་གྱིས།

ངའི་སེམས་པ་སྤྲིན་པ་དང་འགྲོགས་ཡོད།

རླུང་བུ་དང་བསྡེབས་ནས་རྒྱང་རིང་དུ་འཁོར་ཡོད། 

རྒྱང་རིང་གི་མཚན་མོ་མིག་གིས་མ་ཟིིན་རུང་།

མཚན་མོ་དེའི་ཁྲོད་ཀྱི་ཁྱེད་རང་སེམས་ཀྱིས་ཟིན་ཡོད།

2019/11/28

མེ་ཏོག་དེ།

ང་ལ་ས་གཞི་འཇམ་ལ་སྙི་བ་ཞིག་ཡོད།

ས་གཞི་དེ་ང་དང་དུས་མཉམ་པ་ཡིན།

ས་གཞི་དེ་སེམས་ཁམས་དང་འབྲེལ་ཡོད།

ངས་ས་གཞི་དེར་མེ་ཏོག་ཅིག་བཙུགས་ཡོད།

མེ་ཏོག་དེ་ཐོག་མར་བཙུགས་དུས་ནི་དབྱར་ཀ་ཡིན།

མེ་ཏོག་དེ་ལ་ཉི་འོད་མི་དགོས་ཆར་ཆུ་མི་དགོས།

ཡིན་ནའང་མེ་ཏོག་དེ་སྐྱེས་སྟོབས་ཅིས་ཀྱང་མགྱོགས།


སྟོན་ཟླ་རྫོགས་ཟིན་ནས།

ད་ལྟ་དགུན་ཁ་ལ་ཐུག་ཡོད་ཀྱང་།

མེ་ཏོག་དེ་ད་དུང་སྔར་བཞིན་གནས་ཡོད།

ལྷགས་རླུང་དང་ཁ་བའི་ཁྲོད་དུ།

མཛེས་སྡུག་ལ་ཡལ་བ་མེད་པར་གནས་ཡོད།

2019/11/26

འགྱུར་བ། 

སྤྱི་ཚོགས་ཀྱི་སྨུག་པ་ལང་ལོང་དུ།

ང་རང་མི་ཚེའི་རི་རྩེར་བགོས་ནས།

མི་ལོ་དུ་མའི་ཡར་སྔོན་གྱི།

རང་ཉིད་ཀྱི་བྱིས་དུས་ལ་ཕངས་མེད་དུ་བལྟས།

བྱིས་དུས་ཀྱི་ནམ་མཁའ་ནི་ཧ་ཅང་དྭངས།

བྱིས་དུས་སུ་ད་དུང་དབྱར་ཀ་ཚེས་ཡོད།


ད་ལྟ་ང་རང་།

ཚེ་འདིའི་ལ་འགོར་སླེབས་ཡོད་འདྲའི།

སྐྱོ་སྣང་གི་རི་རབ་སེམས་སུ་ཉིལ།

ད་དུང་།   ས་སྲོད་ཀྱི་ཉི་གྲིབ་དང་འགྲོགས་ཏེ།

ནམ་ཞིག་མཚོན་ཆའི་ནགས་ཚལ་ཞིག་ཏུ་ལྷུང་བར་དོགས།

2019/11/30

མོ་གྲོང་།

ཛྙཱ་ན་མེ་རི་ཁྱེད་ཀྱི་རྒྱབ་ཕྱོགས་སུ་བརྗིད་ཅིང་།

གཞུང་ཆུ་སྔོན་མོ་ཁྱེད་ཀྱི་མདུན་ཕྱོགས་ནས་བཞུར་ཞིང་།

བཀྲ་ཤིས་རྟགས་བརྒྱད་ཁྱེད་ཀྱི་མུ་ཁྱུད་དུ་སྟར་འོངས་ཏེ།

ཡུལ་ལུང་འདིའི་སེམས་ཅན་ཀུན་ལ།

མཛེས་སྡུག་དང་ལོངས་སྤྱོད་ཀྱི་བདེ་སྐྱིད་ཕངས་མེད་བསྩལ།


བསམ་རྩེའི་སྒྲུབ་ཕུག་ཁྱེད་ཀྱི་མིག་ཀོང་དུ་ཆགས་ཤིང་།

ཆོས་གྲྭ་ཆེན་མོ་ཁྱེད་ཀྱི་མཁུར་ཚོས་སུ་མཛེས་པ།

ཕོ་བྲང་རྣམ་རྒྱལ་རྩེ་དམར་ཁྱེད་ཀྱི་ལྟེ་བ་རུ་འགྱིང་འོངས་ཏེ།

ཡུལ་ལུང་འདིའི་སྐྱ་སེར་ཀུན་ལ།

འཆད་ཉན་སྒོམ་སྒྲུབ་ཀྱི་བདུད་རྩི་ངོམས་པ་མེད།


ཐོག་མར་རྨ་སེ་བློ་གྲོས་རིན་ཆེན་ཁྱེད་ཀྱི་ཚེ་སྲོག་ཏུ་ཕེབས་ཤིང་།

ད་དུང་སྐྱེས་ཆེན་གང་མང་ཞིག་ཁྱེད་ཀྱི་པང་ཁུག་ནས་འཚངས།

དེ་ལྟར་ན།  ལོ་རྒྱུས་ཀྱི་ཆུ་ཕུགས་གཙང་།

རིག་གནས་ཀྱི་རྒྱ་མཚོ་དྲག་ཏུ་འཁྱིལ། 

ད་ལྟ་རྒྱ་མཚོ་དེའི་ནང་དུ་ཉ་ཕྲུག་མང་པོ་གཤོག་རྩལ་རྒྱས།

  2019/12/2

པོ་ཏ་ལ།

པོ་ཏ་ལ།  

ངའི་ནང་སེམས་ཀྱི་མཛེས་པ་ཡོད་ཚད་ཁྱེད་ཀྱིས་ཁྱེར་ནས་བཟུང་། 

ངས་ཅིས་ཀྱང་ཁྱེད་རང་བློས་བཏང་མ་བྲལ།

ཁྱེད་ལ་སེང་ལྕམ་འབྲུག་མོ་ཇི་བཞིན་མཛེས་སྡུག་མེད། 

ཡིན་ན་འང་།  ཁྱེད་ལ་གླིང་གེ་སར་ལྟ་བུ།

དཔལ་བརྟུལ་གང་མང་མང་གི་སེམས་པ་ཤོར་མྱོང་།


པོ་ཏ་ལ།

ཁྱེད་ནི་ནམ་ཚུར་ལངས་ཀྱི་ཉི་མ་ཡིན།

མུན་ཕར་རུབ་ཀྱི་ཟླ་བ་ཡིན།

ཁྱེད་རང་ལོ་རྒྱུས་ཀྱི་སྨུག་པའི་ཀློང་ནས་རིག་ཙམ་གྱི་རི་རྩེ་དེ་ག་ལ་ཚད།

ཐ་ན་སྒོ་དང་སྒེའུ་ཁུང་ཡོད་ཚད་དུ་ལོ་རྒྱུས་ཀྱི་དྲེག་པ་ཆགས་ཡོད།

2019/11/30

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།