ཀྲུང་གོ་བོད་ཀྱི་དྲ་བ།

ཚོར་བའི་ཕྱི་ནང་།(ཞར་བཀོད་གཉིས)

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : འོད་ཆུན་པོ།   སྤེལ་དུས། : 2020-09-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

མི་ཚོགས་ལ་གཏད་དེ་ཀི་འདེབས་མཁན་ཚོ་བུད་སོང།

 ཁ་པར་ངོས་ནས་སྙིང་གཏམ་གློད་མཁན་ཚོ་ཡང་བུད་སོང་།

ཁེར་རྐྱང་དང་ཁེར་རྐྱང་གི་ཚོར་འདུ་སྣ་ཚོགས།

རྩ་ལམ་ནས་འཕྱུར་ཞིང་མིག་མཐའ་ནས་ཐོན་པའི།

འཇམ་ཐིང་ཐིང་མཚན་མོ་ཞིག་ལ།

དངོས་ཡོད་ཐམས་ཅད་མེ་ལོང་བཞིན་གསལ་བས།

ཞེ་འདང་ཞིག་དྲན་ཐེངས་རེར།

གཏམ་རྒྱུད་ཅིག་གི་མཇུག་བྱང་མཐོང་།


ང་དང་མེ་ཏོག་ནི།

ལམ་མི་གཅིག་པའི་མགྲོན་པོ་ནང་བཞིན།

ང་རང་བསྐྱུར་ནས་བུད་འགྲོ་ལ།

ལང་ཚོའི་འགྱུར་བག་འཐིམ་སོང་བའི་ཤོག་བུའི་ངོས་སུ།

ཆུ་དང་མེ་ཏོག་གི་བརྩེ་འདང་མངོན་དུས།

ངས་ད་གཟོད།

ང་ནི་དབུལ་ཕོངས་ཀྱི་ཡུལ་གྱར་བ་ཞིག་ཡིན་པ་ཤེས།


སེམས་ལ་ཐོགས་པའི་མེ་ཏོག་གི་གང་བུ་དེ།

ད་ནི་གང་ཞིག་ལ་རྙིད་སོང་བ་འདྲ་མོད།

འོན་ཀྱང་།

ནང་སེམས་དང་དུས་རབས་ཀྱི་ཞུན་བརྡར་ཁྲོད་ནས།

ངས་བརྗེད་ངེས་ཀྱི་མེ་ཏོག་དེ་ཡང་དང་བསྐྱར་དུ་འཐུ་དོན།

ང་རང་ཉམ་ཆུང་བས་མིན་ལ།

ང་རང་བདེན་རྫུན་གྱི་གཏམ་རྒྱུད་མཐའ་དག་ལ་ལོབས་དགོས་པས་ཡིན།

ཕུགས་བསམ་དང་ཉེ་བར་བཅར་དུས།

ང་རང་ལམ་ལ་ཆས་ཁར།

སེམས་རྩ་ན་དྲག་ཏུ་འཕྱོ་བའི་མེ་དཔུང་ཞིག་ཡོད།

མེ་དཔུང་དེ་གླེགས་བམ་གྱི་སྐྱེད་ཚལ་ཞིག་སྟེ།

ཆུ་བོས་བྲན་ཞིང་ཉི་འོད་ཀྱིས་བསྐྱངས་བའི་གསེར་གྱི་ཐམ་ག་ཞིག་ཡིན།

ཡིན་ན་ཡང་།

ངས་རང་ཉིད་ལ་བཟོད་གསོལ་ཞུ་དགོས་ཏེ།

ངས་རྨི་ལམ་གྱི་མཁའ་དབྱིངས་ནས་ཁྱེད་རང་བོར་སོང་།


ཁྱེད་ནི་གནམ་མཐའ་ན་འཕུར་བའི་རྒོད་པོ་དེ་ཡིན་ནམ།

བལྟས་ཀྱིན་བལྟས་ཀྱིན།

གཤོག་ལེབ་གཅིག་ཀྱང་མི་བྱེད་པ་ཅི་ཡིན།

རི་སྐེད་ཀྱི་རྐང་ལམ་ཁྲོད་ན།

འོད་ཀྱི་ཀོང་བུ་ཞིག་འཁྱིལ་བ་དེ་ཁྱེད་རང་ཡིན་ནམ།

ཁྱེད་དང་ཉེ་བར་བཅར་ཙམ་གྱིས།

རྒྱང་ནས་རྒྱང་དུ་བཀྱེད་འགྲོ་བ་དེ་ཅི་ཞིག


ང་ནི་གཞན་ཡུལ་ནས་འོང་སྟེ།

ཁྱེད་རང་དང་ཉེ་བར་གཅར་དོན།

སེམས་ཀྱི་རྡུལ་ཕྲན་འཁྲུད་པའི་གར་མ་ཞིག

བྲང་གི་མུན་པ་སེལ་བའི་སྒྲོན་མེ་ཞིག་འདྲེན་ཕྱིར་ཡིན།

མིག་ཆུས་བཟོས་པའི་འཚོ་བ་དེ་སྐྱུར་ལ།

རྔུལ་ཆུས་བརླན་པའི་ལས་ཀ་དེ་ཁག་པས།

ངས་སྔར་བཞིན།

ཁྱེད་རང་བཙལ་ནས།ཁྱེད་རང་འབོར་བཞིན་ཡོད།


ངས་ལག་པ་གངས་རིའི་ཁྲོད་དུ་སྲིང་དོན།

ངས་རྐང་རྗེས་ཁ་བའི་ཁྲོད་དུ་འཇོག་དོན།

ཁྱེད་དང་ཉེ་བར་བཅར་འདོད་དྲགས་པས་ཡིན།

དེ་བས།

ཁྱེད་རང་རྒྱང་དུ་མི་བཀྱེད་རོགས།

ཁྱེད་ཀྱིས་ང་ཚོ་རྒྱང་རིང་ནས་བསུ་རོགས།

ཡང་བསྐྱར་ལྭ་འདབས་ནས་ཕུད་ཅིག

ཟླ་དྲུག་པ།

ཟླ་དྲུག་པར།

ཐལ་མདོག་གི་ནམ་མཁའི་འོག་ཏུ།

ཆགས་སྲེད་ཀྱི་སྣེ་ལ་འཐམ་ཞིང་།

ཨུ་ཚུགས་ཀྱི་མདུན་པ་བསྲིངས་མཁན་དེ།

གཅེར་གཟུགས་ཀྱིས་འགྲེང་བའི་སྡོང་བོ་དེ་ཡིན་ནམ།


ཟླ་དྲུག་པར།

ན་བུན་མཐུག་པོ་ཞིག་གི་ཀློང་དུ།

རྒས་འཁོགས་ཀྱི་འཁར་བར་བསྙེས་པའི།

ཡིད་སེམས་བློང་བོར་གྱུར་བའི་ངོ་གདོང་དེ།

མངར་སྐྱུར་ཁ་བསྐའི་སྒྲོག་ཏུ་ཚུད་པའི་འཆར་ཡན་པ་དེ་ཡིན་ནམ།


ཟླ་དྲུག་པར།

ལྗང་མདོག་གི་རྩྭ་ཕྲན་གསེབ་ཏུ།

ཚོར་བ་མཐའ་ནས་སྐམ་ཞིང་།

ཡིག་འབྲུ་ལག་ནས་རུལ་བའི་འུ་ཐུག་དེ།

ཁྲག་གིས་གོས་པའི་སྙན་ངག་གི་དད་མོས་པ་དེ་ཡིན་ནམ།


00.jpg

ཚེ་རིང་འཚོ། སྨྱུག་མིང་ལ་འོད་ཆུན་པོ་ཞེས་འབོད། ༢༠༠༥ལོར་རྨ་ཆུ་སྨད་མ་སློབ་གྲྭ་ནས་དབྱངས་གསལ་གྱི་ལན་བུ་ལ་ཐོག་མར་བསླེས། དེ་ནས་གཙོས་བོད་རིགས་སློབ་འབྲིང་དུ་ལོ་ངོ་དྲུག་གི་སློབ་གཉེར་བྱ་བ་མཇུག་སྒྲིལ་ཏེ། ད་ལྟ་ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོ་ན་སློབ་གཉེར་གནང་གིན་ཡོད། རྩོམ་རིག་སྒྱུ་རྩལ་ལ་དུང་བ་ཟབ་པས་སྙན་ངག་འབྲི་བ་ནི་ལང་ཚོའི་རང་མདངས་ལ་ཞེན་ཆགས་ཤོར་སྟངས་གཞན་ཅིག་ཡིན་པའི་ངོས་འཛིན་གྱི་ཡོད། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།